དེ་རིང་ནི2026ལོའི་ཟླ04པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཟླ་བརྒྱད་པར་གཏེར་ལེན་ཁ་རུ་འཚོག་རྒྱུ་རེད།

2026-04-22 11:02:18   |   21

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དེ་ཟླ8པའི་ཚེས8ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་ཡིན་ཞིང་། ཟླ8པའི་ཚེས18ཉིན་མཚོ་ནུབ་ཁུལ་མི་རིགས་རིག་གནས་ལུས་རྩལ་བྱེད་སྒོ་ལྟེ་གནས་སུ་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཁྱོན་འཐུས་མི་ཚོགས་པ38ཀྱི་ལུས་རྩལ་པ6000ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ནི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ལོ་བཞིའི་སྐབས་གཅིག་གི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་ཞིང་ཆེན་ལུས་རྩལ་ཅུ་དང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་འཁུར་ཡོད། སྐབས་འདིའི་འགྲན་བསྡུར་ནང་ཁྱོན་འགྲན་བསྡུར་རྣམ་གྲངས་ཆེ་གྲས22དང་རྣམ་གྲངས་ཆུང་གྲས50བཀོད་སྒྲིག་བྱས་ཡོད་པ་དེ་དག་གཞོན་ནུ་ལོ་ཆུང་གི་རྣམ་གྲངས་དང་། དར་མའི་རྣམ་གྲངས། གངས་འཁྱག་རྣམ་གྲངས། དབང་པོ་སྐྱོན་ཅན་གྱི་རྣམ་གྲངས་བཅས་རིགས་ཆེན་པོ་བཞིར་དབྱེ་ཡོད། དེའི་ནང་གཞོན་ནུ་ལོ་ཆུང་གི་རྣམ་གྲངས21དང་། དར་མའི་རྣམ་གྲངས16། དབང་པོ་སྐྱོན་ཅན་གྱི་རྣམ་གྲངས་ཆེ་གྲས5། གངས་འཁྱགས་རྣམ་གྲངས8བཅས་ཡོད།

རྣམ་གྲངས་ཀྱི་དོན་དངོས་ལ་གཞིགས་ནས་རྣམ་གྲངས་ཆེ་གྲས7ས་གནས་གཞན་དུ་གཉེར་བ་དང་། མིག་སྔར་འགྲན་བསྡུར་ཁག་ཅིག་བདེ་བླག་ངང་མཇུག་བསྒྲིལ་ཡོད། མཚོ་ནུབ་ཁུལ་གཙོ་གཉེར་བྱ་ཡུལ་ཡིན་པའི་ངོས་ནས་གཏེར་ལེན་ཁ་གྲོང་ཁྱེར་དང་། ན་གོར་མོ་གྲོང་ཁྱེར། ཝུའུ་ལན་རྫོང་། ཏུའུ་ལན་རྫོང་། ཐེམ་ཆེན་རྫོང་བཅས་སུ་མཆོང་རྒྱུག་འཕེན་གསུམ་དང་། བྱ་སྒྲོའི་སྤོ་ལོ། རྒྱལ་སྤྱིའི་རྣམ་པའི་སྦེ་ག རུའུ་ཏའོ་འཇུ་རེས། ཕའེ་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། ཆུ་རྐྱལ། ཐའེ་ཆོན་རྩལ། དྲག་རྩལ། ཁུ་ཚུར་སྣུན་རྩལ། ལག་རྩེད་སྤོ་ལོ། ཕིང་ཕང་སྤོ་ལོ། ལྕགས་རྟ། མདའ་འཕེན། འཇུ་རེས་བཅས་ཁྱོན་རྣམ་གྲངས་ཆེ་གྲས15ཡོད།

གླེང་རིན་ཡོད་པ་ཞིག་ལ། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་དེ་ཐོག་དང་པོར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་མཉམ་འབྲེལ་ཐོག་གཉེར་རྒྱུ་ཡིན་ཞིང་། གངས་འཁྱགས་རྣམ་གྲངས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནང་ཐེངས་དང་པོར་བཅུག་ནས་རྩལ་འགྲན་ལུས་རྩལ་དང་། དབང་པོ་སྐྱོན་ཅན་གྱི་ལུས་རྩལ། གངས་འཁྱགས་རྣམ་གྲངས་བཅས་མཉམ་འདྲེས་དམ་ཚགས་ཐུབ་ནས་དམངས་ཡོངས་ཞུགས་པ་དང་དམངས་ཡོངས་བདེ་ཐང་ཡོང་བའི་འདུ་ཤེས་གང་ལེགས་མངོན་ཡོད། འགྲན་བསྡུར་བྱེད་སྟངས་དང་འགྲན་བསྡུར་སྒྲིག་ལམ་སྔར་བས་ནན་དུ་བཏང་ནས“འཐུས་མི་ཚོགས་པས་རང་བཤེར་དང་། རྣམ་གྲངས་རྐྱང་པའི་འགྲན་བསྡུར་ཨུ་ལྷན་གྱིས་ཞིབ་བཤེར། འགྲན་བསྡུར་གཞུང་དོན་ཁང་གིས་མཐའ་མའི་ཞིབ་བཤེར”བཅས་རིམ་པ་གསུམ་གྱི་ཞིབ་བཤེར་ལམ་སྲོལ་བཙུགས་ཏེ་ཐོ་འགོད་ཐོབ་ཐང་དང་མིང་ཐོ་འགོད་པར་ཚོད་འཛིན་ནན་མོ་བྱས། ངར་འཕར་སྨན་ལ་ངོ་རྒོལ་བྱེད་པའི་སློབ་གསོ་དང་། གསོ་སྦྱོང་། ཆོག་འཐུས་ལས་དོན་བཅས་ཁྱོན་ཡོངས་ནས་སྤེལ་བས“དྭངས་གཙང་ངང་འགྲན་བསྡུར་གཉེར་བ”དང“སྤྱོད་གཙང་ངང་འགྲན་ཞུགས་བྱེད་པར”འགན་ལེན་བྱས།

1.jpg

ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་སུ་ཚོགས་རྟགས་དང་། བཀྲ་ཤིས་མཚོན་རྟགས། ཚོགས་གླུ་བཅས་བསྟན་པ་དང་བརྗོད་དོན་འབོད་ཚིག་གཏན་འཁེལ་བྱས། སྐབས་འདིའི་འགྲན་བསྡུར་གྱི་བརྗོད་དོན་འབོད་ཚིག་ནི“ཚྭ་འདམ་དང་འཕྲད་ནས་སྤྲོ་སེམས་འཁོལ་བའི་ཞིང་ཆེན་འགྲན་ཚོགས་བསུ་བ”ཡིན་ལ། ཚོགས་རྟགས་ཀྱི་མིང་ལ“འབད་བརྩོན་མདུན་སྐྱོད་བྱེད་པ”ཞེས་བརྗོད་པ་དང་ཨང་ཀི“19”ལྟེ་བའི་ཇུས་འགོད་གཞི་རྒྱུ་བྱས་ནས་ལུས་རྩལ་གྱི་སྙིང་སྟོབས་དང་ས་ཁོངས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱེད་པ། བཀྲ་ཤིས་མཚོན་རྟགས་ནི་གཙོད་དང་འཕང་འབྲས་ཡིན། ཚོགས་གླུ་ནི《མཚོ་ནུབ་དང་མཉམ་དུ་འཕུར་རོགས》ཞེས་པའི་གླུ་དབྱངས་ཡིན། དེའི་ནང་མཚོ་སྔོན་གྱི་བུ་ཕྲུག་གི་དཔའ་ཉམས་ཆེ་བའི་གཤིས་རྒྱུད་དང་ལུས་རྩལ་པའི་འབད་བརྩོན་ཉམས་འགྱུར་མངོན་པ་དང་། ལུས་རྩལ་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་མཉམ་འདྲེས་བྱས་ནས་མཚོ་སྔོན་གྱི་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱི་འདུན་པ་བརྒྱུད་སྤྲོད་བྱས་ཡོད།


མཉམ་སྤྱོད།