དེ་རིང་ནི2024ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ལས་དོན་གྱི་ཇུས་གཞི།

2022-10-10 08:37   |   2458

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མ་ལག་འཛུགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཐད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་དང་རྒྱུན་འཛིན། བེད་སྤྱོད་བཅས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུ་དང་རིག་གནས་པུ། ནོར་སྲིད་པུ་བཅས་ཀྱི《སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་ལ་ཤུགས་སྣོན་བྱེད་པའི་ཐད་ཀྱི་མཛུབ་སྟོན་བསམ་འཆར》དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི《གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཆར་གཞིའི་རྩ་གནད》སོགས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བྱས་པ་དང་། རང་ཁུལ་གྱི་དོན་དངོས་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། གཤམ་གྱི་བྱ་བའི་ཇུས་གཞི་བཏོན་པ་ཡིན། 

དང་པོ། སྤྱིའི་བླང་བྱ།

གཅིག མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན(རྐང་ཚ)ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། སྲོལ་རྒྱུན་སྲུང་སྐྱོང་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་དོད་པ། འཕེལ་རྒྱས་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་སྲོག་ཤིང་དུ་བཟུང་ནས་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་བཅས་ཟུང་འབྲེལ་གང་ལེགས་བྱས་ཏེ། སྲོལ་རྒྱུན་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རང་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་བཏང་ནས་ཧུར་ཐག་གིས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ལ་རོགས་འདེགས་བྱེད་རྒྱུ་དེ་ཡིན།

གཉིས། གཞི་རྩའི་རྩ་དོན།

1.སྲོལ་རྒྱུན་གྲོང་ཚོའི་ཚོད་ལྟའི་གྲོང་ཚོ་གསར་འཛུགས་ཀྱི་དཔྱད་བསྡུར་གཏན་འབེབས་ལས་དོན་ཧུར་ཐག་སྤེལ་ནས་ལོ་རྒྱུས་དང་རིག་གནས་ཅུང་གཏིང་ཟབ་པ་དང་། སྲོལ་རྒྱུན་གྲོང་ཚོའི་ཚོད་ལྟའི་གྲོང་ཚོ་གསར་འཛུགས་ཀྱི་དཔྱད་བསྡུར་གཏན་འབེབས་ལས་དོན་ཧུར་ཐག་སྤེལ་ནས་ལོ་རྒྱུས་དང་རིག་གནས་ཅུང་གཏིང་ཟབ་པ་དང་། གྲོང་ཚོའི་རྣམ་པ་ཅུང་ཆ་ཚང་བ། སྲོལ་རྒྱུན་བཟོ་སྐྲུན་ལ་སྲུང་སྐྱོང་གི་རིན་ཐང་ངེས་ཅན་ལྡན་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱེད་པ་སོགས་ཀྱི་གྲོང་ཚོ་ལ་གསར་འཛུགས་ཀྱི་དཔྱད་བསྡུར་གཏན་འབེབས་ལས་དོན་ཧུར་ཐག་གིས་སྤེལ་ནས་ཁུལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། 

2.སྲུང་སྐྱོང་གཙིགས་སུ་འཛིན་པ་དང་། འཕེལ་རྒྱས་དང་བེད་སྤྱོད་བྱེད་པ། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། བཤིག་གཏོར་ཆེན་པོ་དང་འཛུགས་སྐྲུན་ཆེན་པོ། གཏོར་བཤིག་རང་བཞིན་གྱི་གསར་སྤེལ་འཛུགས་སྐྲུན་བྱེད་རིགས་གཏན་འགོག་བྱེད་པ། སྲུང་སྐྱོང་བྱེད་ཐུབ་པར་སྲུང་སྐྱོང་བྱེད་པ་དང་། སྲུང་སྐྱོང་བྱེད་དགོས་རིགས་ལ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྲོལ་རྒྱུན་གྲོང་ཚོའི་ལོ་རྒྱུས་དང་རིག་གནས། ཚན་རིག སྒྱུ་རྩལ། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་རིན་ཐང་སྔོག་འདོན་དང་བེད་སྤྱོད་ལུགས་མཐུན་བྱས་ཏེ་འཕེལ་རྒྱས་ཁྲོད་དུ་གནས་ཐུབ་པ་བྱེད་དགོས།

3.འཆར་འགོད་ཀྱིས་སྣེ་ཁྲིད་དང་། མིག་སྔའི་དོན་དངོས་དང་ཕུགས་ཀྱི་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་ཆ་རྐྱེན། སྲོལ་རྒྱུན་རིག་གནས། མི་རིགས་ཀྱི་ཁྱད་ཆོས་སོགས་རྒྱུ་རྐྱེན་གཙོ་བོར་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་དང་། ལག་བསྟར་ནན་པོ་བྱེད་དགོས། ལྕི་ཡང་དང་དལ་བྲེལ་གྱི་དབྱེ་བ་ཡོད་པ་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་སྐུལ་འདེད་གཏོང་བ། ཁྱད་པར་ཅན་གྱི་སྲུང་སྐྱོང་འཕེལ་རྒྱས་གཏོང་སྟངས་སྤྱོད་པ་བཅས་བྱས་ཏེ། གོ་རིམ་མེད་པར་འཛུགས་སྐྲུན་དང་། རྨོངས་ཚོད་ཀྱིས་གསར་སྤེལ། གྲོང་བརྒྱ་ཉམས་གཅིག་བཅས་མི་ཡོང་བ་བྱ་དགོས།

4.གསོན་ཉམས་རྒྱུན་འཛིན་དང་ཁྱད་ཆོས་འབུར་དུ་ཐོན་པ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཁྲོམ་གཞུང་གི་ཆགས་ཚུལ་དང་ཁོར་ཡུག་གི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག དངོས་པོའི་རིག་གནས་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་དེ་བས་སྣང་ཆེན་བྱས་ནས་མཚོ་བྱང་གི་རི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་བྱས་ཏེ། སྲོལ་རྒྱུན་གྲོང་ཚོའི་དངོས་ཡོད་རང་བཞིན་དང་། ཆ་ཚང་རང་བཞིན། འབུར་ཐོན་ཁྱད་ཆོས། རྒྱུན་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས།

5.སྲིད་གཞུང་གིས་གཙོ་ཁྲིད་དང་གྲོང་མི་གཙོ་བདག་བྱེད་པ། རིམ་པ་ཁག་གི་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ལ་རམ་འདེགས་བྱེད་དགོས། གྲོང་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གྲོང་མིའི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། ཇུས་ཐག་གཅོད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་ལེན་བྱས་ཏེ། གྲོང་མིར་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།

གསུམ། དམིགས་ཚད་གཙོ་བོ། 2023ལོར་རྫོང་ཁག་གིས་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའི་གཞུང་དོན་ཐིང་སོགས་སྡེ་ཚན་གྱི《ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་བརྟག་དཔྱད་འོས་སྦྱོར་ལས་དོན་ཁག་དྲུག་པ་ཡག་པོ་སྒྲུབ་རྒྱུའི་ཐད་ཀྱི་བརྡ་སྦྱོར》འཛུགས་གཉེར་གྲོང་ཚོའི[2022]ཨང271པགྱི་ཡིག་ཆའི་དགོངས་དོན་དང་བརྟག་དཔྱད་འོས་སྦྱོར་གོ་རིམ་གྱི་བླང་བྱ་གཞིར་བཟུང་ནས། སྔོན་ལ་བརྟག་དཔྱད་དང་འོས་སྦྱོར། ཞུ་འབུལ་གྱི་ལས་དོན་སྒྲུབ་པ་དང་། རྫོང་ཁག་གིས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ1རེ་གསར་འཛུགས་བྱེད་པ་བརྩོན་ལེན་བྱེད་དགོས། 2025ལོར་སླེབས་སྐབས། ཁུལ་ཡོངས་ཀྱིས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ6ནས8མིང་གཞུང་ནང་ཚུད་པར་བརྩོན་ལེན་བྱ་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་བྱེད་པའི་སྲོལ་རྒྱུན་གྲོང་ཚོ་ཁག་ཅིག་གསར་འཛུགས་བྱེད་དགོས། 2030ལོར་སླེབས་སྐབས། དུས་རབས་གསར་པའི་དགོས་མཁོ་དང་འཚམ་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ཕུགས་ཕན་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་རྒྱུ་དང་། སྤྱི་ཚོགས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་གཞི་རྩའི་ཆ་ནས་ཆགས་པ། སྲོལ་རྒྱུན་གྲོང་ཚོའི་རིག་གནས་ཀྱི་ནང་དོན་དང་། མི་རིགས་ཀྱི་ཁྱད་ཆོས། སྐྱེ་ཁམས་རིན་ཐང་བཅས་གང་ལེགས་ཀྱིས་མངོན་པ། ཁུལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་ནུས་ལྡན་དང་ལུགས་མཐུན་ངང་འཕེལ་རྒྱས་བེད་སྤྱོད་ཐུབ་པ་བྱ་དགོས།

གཉིས་པ། གསར་སྐྲུན་ནང་དོན།

སྲོལ་རྒྱུན་གྲོང་ཚོ་ནི་དངོས་པོའི་རྣམ་པ་དང་མངོན་མིན་རྣམ་པའི་རིག་གནས་ཤུལ་བཞག་ཅིག་ཡིན་ལ། ལོ་རྒྱུས་དང་རིག་གནས། ཚན་རིག སྒྱུ་རྩལ། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་རིན་ཐང་ཅུང་ཆེ་བའི་གྲོང་ཚོ་ཞིག་ལ་ཟེར། འོན་ཀྱང་སྤྱི་ཚོགས་དཔལ་འབྱོར་དང་གྲོང་ཁྱེར་ཅན་གྱི་འཕེལ་རྒྱས་མྱུར་ཚད་མགྱོགས་པ་དང་བསྟུན་ནས་སྲོལ་རྒྱུན་གྱི་གྲོང་ཚོ་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས་སྲོལ་རྒྱུན་གྱི་གྲོང་ཚོར་སྲུང་སྐྱོང་དང་དེའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད།

གཅིག རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་། གསར་འཛུགས་གྱི་ལམ་སྲོལ་འཛུགས་པ། རྫོང་ཁག་དང་སྡེ་ཚན་ཁག་གིས་སྲོལ་རྒྱུན་གྱི་གྲོང་ཚོ་གསར་འཛུགས་བྱེད་པའི་ལས་དོན་དེ་ས་ཁོངས་དང་སྡེ་ཚན་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཅུག་ནས་དམ་འཛིན་ལྷོད་མེད་བྱེད་དགོས། ཏང་སྲིད་མགོ་ཁྲིད་དང་པོས་གསར་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལས་དོན་དེར་ཧུར་ཐག་གིས་ཞུགས་དགོས། གསར་འཛུགས་ལས་ཀའི་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞོགས་འདེགས་མཐུན་སྦྱོར་དང་། མཉམ་ཤུགས་ཆགས་པ། དོན་འཁྱོལ་ནུས་ལྡན་བཅས་བྱེད་དགོས།

གཉིས། གཞི་རྩའི་གནས་ཚུལ་ཤེས་རྟོགས་དང་། ཁྱད་ཆོས་འབུར་ཐོན་ལ་སྐུལ་སྤེལ་བྱེད་པ། རྫོང་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་དང་། རིག་དངོས་སྲུང་སྐྱོང་། གྲོང་གསེབ་ཀྱི་གནས་སྐོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་མཐིལ་རྟོགས་བྱས་ཏེ། སྲོལ་རྒྱུན་གྲོང་ཚོའི་ནང་གི་ཞིང་ལས་རིག་གནས་དང་། དམངས་སྲོལ་རིག་གནས། སྲོལ་རྒྱུན་ལག་རྩལ། མི་རིགས་སྐད་ཡིག མི་རིགས་གླུ་གར། རྒྱན་གོས་སོགས་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་གཏིང་ཟབ་དང་སྲུང་སྐྱོང་ཏན་ཏིག་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་བརྟག་དཔྱད་དང་། མིང་གཞུང་སྲུང་སྐྱོང་མ་ལག རྒྱུན་འཛིན་པའི་ངོས་འཛིན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྲོལ་རྒྱུན་རིག་གནས་ཀྱི་བརྟེན་གནས་དང་གཞི་རྟེན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཞིབ་ཚགས་དང་གཏིང་ཟབ་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་ངེས་གནས་གནད་འཁེལ་འཚོལ་བ་དང་། ཡུལ་མིའི་སྡོད་ཁང་དེ་ཉམས་ལེན་རྣམ་པ་དང་། རིག་གནས་སྒྱུ་རྩལ་རྣམ་པ། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྣམ་པ། མཛེས་ལྗོངས་ཁུལ་གྱི་རྟེན་བརྟེན་རྣམ་པ་སོགས་དམིགས་བསལ་རིག་གནས་གནས་སྐོར་གྲོང་གསེབ་ཁག་གཅིག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། འཕེལ་རྒྱས་ཀྱི་ས་ཁོངས་ངེས་ཅན་ཞིག་གི་ནང་དུ་ཁྱད་ཆོས་མངོན་པ་དང་ཧེ་བག་ཅན་གྱི་འཕེལ་རྒྱས་བཏང་ནས་གྲོང་ཚོ་རེར་ཁྱད་ཆོས་རེ་དང་གྲོང་ཚོ་རེར་བརྗོད་བྱ་གཙོ་བོ་རེ་ཡོད་པ་བྱས་ཏེ་སོ་སོའི་མཛེས་སྡུག་མངོན་པ་དང་མཛེས་སྡུག་མཉམ་མྱོང་བྱེད་དགོས།

གསུམ། འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ་དང་། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བ། གྲོང་གསེབ་གནས་སྐོར་དང་སྲོལ་རྒྱུན་གྲོང་ཚོ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་རིམ་པ་ཁག་གི“ལྔ་བཅུ་བཞིའི”རིག་གནས་དང་གནས་སྐོར་འཕེལ་རྒྱས་འཆར་འགོད་དམ་ཡང་ན་གྲོང་གསེབ་གནས་སྐོར་འཕེལ་རྒྱས་འཆར་འགོད། ས་ཆ་བེད་སྤྱོད་འཆར་འགོད། གྲོང་གསེབ་དར་སྤེལ་འཆར་འགོད་བཅས་ཀྱི་ནང་བཅུག་ནས་ནུས་པ་ལྡན་པའི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྲོལ་རྒྱུན་གྲོང་ཚོ་གཅིག་འདུས་ས་ཁོངས་དེ་གཅིག་སྡུད་ཡུག་སྦྲེལ་ངང་སྲུང་སྐྱོང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སྲོལ་རྒྱུན་གྲོང་ཚོའི་གནས་སྐོར་ལས་རིགས་གོ་རིམ་ལྡན་ཞིང་མཐུན་འབྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས།

བཞི། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་དོད་པ་དང་། གསར་འཛུགས་ལས་དོན་ཏན་ཏིག་གིས་སྤེལ་བ། རྫོང་ཁག་གི་ཡུལ་ཚོ་དང་གྲོང་རྡལ་ཁག་གིས་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་རྒྱུན་གྲོང་ཚོར་བརྟག་དཔྱད་དང་། ཤེས་རྟོགས། རེ་ཞུ་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་དགོས། ལྷག་པར་དུ་སོག་པོ་མི་རིགས་ཚོ་པའི་ཁྱད་ཆོས་ལྡན་པའི་འཇུ་ལག་རྫོང་རྒྱལ་མཁར་སོག་རིགས་ཡུལ་ཚོ་དང་། ཐུན་མོང་མ་ཡིན་པའི་དཔའ་རིས་བོད་རིགས་རྒྱན་གོས་ཀྱི་འཇུ་ལག་རྫོང་འབྲུ་གུ་ཡུལ་ཚོ། མདོ་ལ་རྫོང་མུ་རི་གྲོང་རྡལ་དང་གཡང་ལུང་ཡུལ་ཚོའི་ངོ་མཚར་ཆེ་བའི་དབྱི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད་མཁན་སོག་རིགས་ཐོར་དམག་དང་། རྫ་དམར་ཡུལ་ཚོའི་སྒོ་མེ་གྲོང་ཚོའི་མངོན་མིན་རིག་གནས་ཤུལ་བཞག་རྩེ་རིགས། མདའ་བཞི་རྫོང་སོག་རིགས་ཚོ་པའི་ཁྱད་ཆོས་ལྡན་པའི་དཔལ་སྦྱིན་སོག་རིགས་ཡུལ་ཚོ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་མཱ་ཚང་གི་སྒོ་ར་ཆེན་མོ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོ་སོགས་སྲོལ་རྒྱུན་གྲོང་ཚོའི་བརྟག་དཔྱད་དང་ཤེས་རྟོགས། རེ་ཞུའི་ལས་དོན་ལེགས་པོར་བསྒྲུབ་དགོས། ས་ཁོངས་དེ་དག་ནང་གི་ས་ཁོངས་ཀྱི་ཡུལ་སྲོལ་དང་། མི་རིགས་ཀྱི་ཁྱད་ཆོས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས། མངོན་མིན་རིག་གནས་ཤུལ་བཞག རིག་དངོས་གནའ་ཤུལ། ལོ་རྒྱུས་ཡུན་རིང་བའི་བཟོ་སྐྲུན། སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་སོགས་ལོ་རྒྱུས་ཀྱི་ཁོར་ཡུག་རྒྱུ་རྐྱེན་གལ་ཆེན་སྔོག་འདོན་གང་ལེགས་བྱས་ཏེ། དུས་མགོའི་བརྟག་དཔྱད་མཐིལ་རྟོགས་དང་སྲུང་སྐྱོང་བེད་སྤྱོད་བྱེད་དགོས་པ་དང་། འཆར་གཞི་བཟོ་བ་དང་རྣམ་གྲངས་སྙན་ཞུ་འབུལ་བ་སོགས་བརྒྱུད་སྲོལ་རྒྱུན་གྱི་གྲོང་ཚོ་གསར་འཛུགས་ལས་དོན་ཏན་ཏིག་གིས་སྤེལ་དགོས།

ལྔ། སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། གསར་གཏོད་ཆ་རྐྱེན་མཐོ་རུ་གཏོང་བ། སྲོལ་རྒྱུན་གྲོང་ཚོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཀྱི་ཐེག་ནུས་དང་ཐོན་ཁུངས་ཀྱི་ཐེག་ནུས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་སྒོས་བགྲོད་ལམ་དང་ཆུ་གློག འཕྲིན་གཏོང་། མེ་ཟོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཅིག་གྱུར་གྱིས་སྤེལ་དགོས། འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་མགྱོགས་སུ་བཏང་ནས་འཚོ་བའི་གད་སྙིགས་ཚང་མ་བསྡུ་རུབ་དང་གཙང་སེལ་ཐུབ་པ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་འཚོ་བའི་བཙོག་ཆུ་བཅོས་སྐྱོང་སྒྲིག་བཀོད་དང་གནོད་མེད་ཅན་གྱི་གསང་སྤྱོད་ཁང་དེ་ཁྱོན་ཡོངས་ལ་རིམ་བཞིན་ཁྱབ་པ་བྱེད་དགོས། ས་ཡོམ་དང་མེ་སྐྱོན། ས་གཤིས་གནོད་འཚེ། ཉེན་གཡོལ་ཁ་འགྲེམས་སོགས་གནོད་འགོག་གེགས་སེལ་གྱི་ལས་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་གྲོང་ཚོའི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། སྔར་ཡོད་ཀྱི་གྲུབ་ཆའི་རྣམ་པ་དང་སྲོལ་རྒྱུན་གྱི་རྣམ་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྲོལ་རྒྱུན་གྱི་ཨར་སྐྲུན་ནང་ཁུལ་དུ་རིམ་སྤོར་སྒྱུར་བཀོད་བྱེད་པ་དང་། བེད་སྤྱོད་ཀྱི་ནུས་པ་གསར་བརྗེས་བྱེད་པ། སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་གྲོང་ཚོའི་ནང་ཚོང་ལས་དང་གནས་སྐོར་སོགས་ཞབས་ཞུའི་སྒྲིག་བཀོད་བཀོད་སྒྲིག་འོས་འཚམ་བྱེད་དགོས།

དྲུག གྲོང་ཚོར་བསྟུན་ནས་སྲིད་ཇུས་ལག་བསྟར་དང་། རིགས་དབྱེ་སྒོས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། དོན་དངོས་ཟུང་འབྲེལ་དང་ངེས་གནས་ཁ་གསལ་བཟོས་ཏེ་ལུགས་མཐུན་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྲོལ་རྒྱུན་གྲོང་ཚོ་དེ་འཕེལ་རྒྱས་གཏོང་སྟངས་མི་འདྲ་བའི་ཐོག་ནས་རིགས་དབྱེ་ནས་ཧེ་བག་ཅན་གྱི་འཕེལ་རྒྱས་ལག་བསྟར་བྱེད་དགོས། སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཅུང་མཐོའང་ས་བབ་ཀྱི་ཆ་རྐྱེན་ཅུང་ཞན་པའི་སྲོལ་རྒྱུན་གྲོང་ཚོར་རིམ་པ་ཁག་གི་སྲིད་གཞུང་གིས་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ་དང་གནས་སྐབས་སྲུང་སྐྱོང་གཙོ་བོར་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་རིམ་བཞིན་གཏོད་དགོས། སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཅུང་མཐོ་བ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པར་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ནས་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་བྱེད་པ་དང་། གཙོ་གནད་གསར་འཛུགས་དང་འཕེལ་རྒྱས་མགྱོགས་པོ་བཏང་ནས་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་ཚོ་སྲུང་སྐྱོང་དང་གྲོང་ཚོ་སྲུང་སྐྱོང་གིས་ཁྱད་ལྡན་ཐོན་ལས་ལ་སྐུལ་ཁྲིད་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་བཟང་པོ་ཧུར་ཐག་གིས་གསར་གཏོད་བྱེད་དགོས།

བདུན། སྲུང་སྐྱོང་བྱེད་ཐབས་འཐུས་ཚང་དང་། ཕྱིའི་རྣམ་པའི་དོ་དམ་གྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མིང་ཐོའི་སྲུང་སྐྱོང་ལམ་སྲོལ་མགྱོགས་མྱུར་བཙུགས་ནས་སྲོལ་རྒྱུན་གྲོང་ཚོའི་རིག་དངོས་གནའ་ཤུལ་དང་། ལོ་རྒྱུས་ཡུན་རིང་བའི་ཨར་སྐྲུན། སྲོལ་རྒྱུན་གྱི་སྡོད་ཁང་སོགས་སྲོལ་རྒྱུན་གྱི་བཟོ་བཀོད་ལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱེད་པ་དང་། རིམ་པ་དབྱེ་ནས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་མིང་ཐོའི་ནང་སྙན་ཞུ་འབུལ་དགོས། སྲོལ་རྒྱུན་གྲོང་ཚོ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོའི་ཆ་ཚང་རང་བཞིན་དང་། དངོས་ཡོད་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྲུང་སྐྱོང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། གྲོང་ཚོའི་བར་སྟོང་གི་ཆ་ཚང་རང་བཞིན་ལ་དོ་སྣང་བྱས་ཏེ། ཨར་སྐྲུན་དང་གྲོང་སྡེ། དེ་བཞིན་ཉེ་འཁོར་ཁོར་ཡུག་གི་སྤྱི་ཡོངས་ཀྱི་བར་སྟོང་རྣམ་པ་དང་ནང་གནས་ཀྱི་འབྲེལ་བ་སྲུང་འཛིན་བྱེད་དགོས། གྲོང་སྡེའི་ལོ་རྒྱུས་ཀྱི་ཆ་ཚང་རང་བཞིན་ལ་དོ་སྣང་དང་། དུས་སྐབས་སོ་སོའི་ལོ་རྒྱུས་ཀྱི་དྲན་ཤེས་སྲུང་སྐྱོང་བྱས་ཏེ། རྨོངས་ཚོད་ཀྱིས་དམིགས་བསལ་དུས་སྐབས་ཀྱི་རྣམ་པ་གསར་བཟོ་བྱེད་པར་སྔོན་འགོག་བྱ་དགོས། གྲོང་ཚོའི་རིན་ཐང་གི་ཆ་ཚང་རང་བཞིན་ལ་དོ་སྣང་དང་། སྲོལ་རྒྱུན་གྲོང་ཚོའི་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ། ཚན་རིག དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་རིན་ཐང་སྔོག་འདོན་དང་སྲུང་སྐྱོང་བྱས་ཏེ། ཕྱོགས་རེ་བའི་སྒོ་ནས་དཔལ་འབྱོར་གྱི་རིན་ཐང་དོན་གཉེར་བྱེད་རིགས་སྔོན་འགོག་བྱ་དགོས། རིག་གནས་ཤུལ་བཞག་གི་དངོས་ཡོད་རང་བཞིན་ལ་དོ་སྣང་སྒོས་གཟུགས་མེད་གྲིབ་བཟོ་དང་འདྲ་བཤུས་གཏན་འགོག་བྱེད་དགོས། གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་དངོས་ཡོད་རང་བཞིན་ལ་དོ་སྣང་དང་ཚོང་ལས་གསར་སྤེལ་རྒྱ་ཁྱོན་གྱི་བསྡུར་ཚད་ལ་ཚོད་འཛིན་ལུགས་མཐུན་བྱས་ཏེ་སྲུང་སྐྱོང་བེད་སྤྱོད་བྱེད་པར་ཁ་གཡར་ནས་གྲོང་མི་ཚང་མ་གནས་སྤོ་བྱེད་རིགས་གཏན་འགོག་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་ལ་སྣང་ཆེན་དང་གྲོང་མིའི་ཡོང་འབབ་མཐོ་རུ་བཏང་ནས་གྲོང་མི་ཚོར་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ནས་བདེ་སྡོད་ལས་བརྩོན་ཐུབ་པ་བྱེད་དགོས། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་ལ་དོ་སྣང་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིན་ཐང་ལྟ་བ་དང་། སྲོལ་རྒྱུན་གོམས་གཤིས། སྲོལ་རྒྱུན་ལག་རྩལ་བཅས་རྒྱུན་འཛིན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་རང་བཞིན་ལ་དོ་སྣང་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་བརྩི་འཇོག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བློས་གཏོང་བའི་ཐལ་དྲགས་པའི་གསར་སྤེལ་གཏན་འགོག་བྱ་དགོས། ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་འཆར་འགོད་དུས་ཐོག་ཏུ་སྒྲིག་འཛུགས་བྱེད་པ་དང་། སྲུང་སྐྱོང་འཕེལ་རྒྱས་ཀྱི་འཆར་འགོད་དང་གྲོང་ཚོའི་འཆར་འགོད་འབྲེལ་མཐུད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་བ། འཆར་འགོད་ཞིབ་མཆན་འགོད་པའི་གོ་རིམ་ལག་བསྟར་ནན་པོ་བྱེད་པ་དང་འབྲེལ་ལག་བསྟར་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྲོལ་རྒྱུན་གྲོང་ཚོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་བར་མཐོངས་ཀྱི་མཚམས་ཚིགས་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན། ཡུལ་མིའི་སྡོད་ཁང་གསར་སྐྲུན་བཅས་གཙོ་གནད་དུ་བྱས་ནས་ལོ་རྒྱུས་རིག་གནས་དང་། མི་རིགས་ཀྱི་རིག་གནས། ས་ཁོངས་རིག་གནས། ཨར་སྐྲུན་རིག་གནས་སོགས་ལ་གདམ་གསེས་ལེགས་སྒྲིག་གཏིང་ཟབ་བྱས་ཏེ། འཆར་འགོད་ཇུས་འགོད་དང་ཡུལ་མིའི་སྡོད་ཁང་གི་ཇུས་འགོད་ཆུ་ཚད་མཐོ་རུ་གཏོང་བ་དང་སྲོལ་རྒྱུན་གྱི་གཞི་རྒྱུ་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཨར་སྐྲུན་གྱི་ཉམས་འགྱུར་དང་གྲོང་ཚོའི་རྣམ་པ་མཐུན་སྦྱོར་མཉམ་འདྲེས་དང་གཅིག་རོགས་གཅིག་བརྟེན་ཡོང་བར་འགན་ལེན་བྱེད་དགོས།

བརྒྱད། དགེ་མཚན་ལྡན་པའི་ཐོན་ཁུངས་འདོན་སྤེལ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱ་དགོས། སྲོལ་རྒྱུན་གྲོང་ཚོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“གྲོང་ཚོ་རེར་སྤུས་རྟགས་རེ”དང“གྲོང་ཚོ་རེར་ལས་རིགས་རེ”ལྟར། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ལས་དང་། མངོན་མིན་རིག་གནས་ཤུལ་བཞག སྲོལ་རྒྱུན་ལག་ཤེས་བཟོ་རྩལ། སྲོལ་རྒྱུན་གྱོན་ཆས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། མཚོ་སྔོན་པོ་སྐོར་བའི་གནས་སྐོར་ལམ་ཐིག་དང་། གནའ་བོའི་དར་གོས་ལམ་བུའི་ཟུར་ལམ། ཀན་སུའུ་དང་མཚོ་སྔོན་སྐོར་ལམ་སོགས་གཙོ་གནད་གནས་སྐོར་ས་ཁོངས་ལ་དམིགས་ནས་སྲོལ་རྒྱུན་གྲོང་ཚོའི་ཁྱད་ལྡན་གནས་སྐོར་ལམ་ཐིག་ཁག་གཅིག་བཏོད་དེ་སྲོལ་རྒྱུན་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བརྗོད་དོན་གཙོ་བོར་བྱས་པའི་གནས་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།

གསུམ་པ། འགན་སྲུང་བྱ་ཐབས།

གཅིག རྩ་འཛུགས་ཀྱི་འགན་སྲུང་། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་སྣེ་ཁྲིད་པ་དང་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་མཉམ་དུ་ཞུགས་པའི་ཁུལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྲོལ་རྒྱུན་གྲོང་ཚོ་གཏོད་པ་དང་སྲུང་སྐྱོང་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་སྒྲིག་འཛུགས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་ཏན་ཏིག་བྱེད་དགོས། རྫོང་སྲིད་གཞུང་ཁག་གིས་སྲོལ་རྒྱུན་གྱི་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ལས་དོན་གྱི་འགན་འཁྲི་གཙོ་བོ་ཏན་ཏིག་འཁུར་ནས་དེ་མཚུངས་ཀྱི་སྒྲིག་འཛུགས་མཐུན་སྦྱོར་ལས་ཀའི་ལམ་སྲོལ་བཙུགས་ཏེ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། འགན་ལེན་གནད་ལ་འཁེལ་བ། ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་བཅས་བྱེད་དགོས།

གཉིས། སྲིད་ཇུས་ཀྱི་འགན་སྲུང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འཕེལ་རྒྱས་སྒྱུར་བཅོས་དང་། ནོར་སྲིད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། མི་རིགས་ཆོས་ལུགས། རིག་གནས་གནས་སྐོར། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། གྲོང་གསེབ་དར་རྒྱས། ཞིང་ཕྱུགས་ཚན་རྩལ། ཁྲོམ་རའི་ལྟ་སྐུལ་དོ་དམ། ཁྲལ་དོན་སྡེ་ཚན་བཅས་ཀྱིས་འགན་ནུས་དང་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ལམ་སྲོལ་འཐུས་ཚང་དང་ནོར་སྲིད་རྒྱབ་སྐྱོར། ས་ཆ་འགན་ལེན། ཐོན་ལས་འཕེལ་རྒྱས་སོགས་ཐད་སྲིད་ཇུས་འཐུས་ཚང་དུ་བཏང་ནས་སྲོལ་རྒྱུན་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། འཕེལ་སྒྱུར་སྡེ་ཚན་གྱིས་སྲོལ་རྒྱུན་གྲོང་ཚོའི་ཆུ་དང་གློག ལམ་བཅས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱི་རེ་ཞུ་དང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་རྒྱབ་སྐྱོར་གྱི་འགན་འཁུར་ནས་སྲོལ་རྒྱུན་གྲོང་ཚོའི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། ནོར་སྲིད་སྡེ་ཚན་གྱིས་གོང་རིམ་སྲུང་སྐྱོང་གི་ཆེད་སྤྱོད་མ་དངུལ་དང་ས་གནས་ཀྱི་བུན་འཛིན་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་མ་དངུལ་གཏོང་ཤུགས་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲུང་སྐྱོང་བེད་སྤྱོད་ཀྱི་འབྲེལ་ཡོད་རོགས་སྐྱོར་མ་དངུལ་དོན་འཁྱོལ་བྱེད་དགོས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྡེ་ཚན་གྱིས་སྲོལ་རྒྱུན་གྱི་གྲོང་ཚོའི་འཆར་འགོད་སྒྲིག་བཟོ་དང་ལོ་རྒྱུས་ཡུན་རིང་བའི་ཨར་སྐྲུན་དངོས་པོ། ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་གི་མིང་ཐོ་རེ་ཞུ་དང་སྲུང་སྐྱོང་གི་ལས་དོན་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་འབྲེལ་ལག་བསྟར་ལ་ལྟ་སྐུལ་བྱེད་རྒྱུ། རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་ཐབས་ལམ་མང་པོའི་ཐོག་ནས་ས་ཆའི་དམིགས་ཚད་གྲབས་གསོག་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ས་ཆ་སྤྱོད་པའི་ཞབས་ཞུ་དང་འགན་ལེན་བྱ་དགོས། རིག་གནས་དང་གནས་སྐོར་སྡེ་ཚན་གྱིས་ལོ་རྒྱུས་རིག་དངོས་གནའ་ཤུལ་དང་མངོན་མིན་རིག་གནས་ཤུལ་བཞག སྲོལ་རྒྱུན་ལག་རྩལ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གནས་ཐད་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཆ་རྐྱེན་འཛོམས་པའི་སྲོལ་རྒྱུན་གྲོང་ཚོ་དང་ཁྱད་ལྡན་གྲོང་ཚོ་དེ་གནས་སྐོར་ལམ་ཐིག་ནང་འཇུག་རྒྱུ། གྲོང་གསེབ་དར་རྒྱས་དང་ཞིང་ཕྱུགས་སྡེ་ཚན་གྱིས་སྤྲོ་གསེང་ལྟ་སྐོར་རྣམ་པའི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་མཛུབ་ཁྲིད་དང་ཁྱིམ་ཚང་མགྲོན་ཁང་སོགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱ་རྒྱུའི་འགན་འཁུར་རྒྱུ། འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཚན་གྱིས་སྲོལ་རྒྱུན་གྲོང་ཚོའི་འགྲོ་ལམ་དང་། ཆུ་མཁོ་འདོན་སྒྲིག་ཆས། གློག་སྤྱོད་སྒྲིག་ཆས་བཅས་འགན་ལེན་དང་རིམ་སྤོར་སྒྱུར་བཀོད་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དང་། སྲོལ་རྒྱུན་གྲོང་ཚོ་གནས་སའི་མཁར་གྲོང་མི་དམངས་སྲིད་གཞུང་གིས་ཁོངས་གཏོགས་ས་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོའི་རྒྱུན་གཏན་དོ་དམ་དང་ཞིབ་ཕྲའི་སྲུང་སྐྱོང་འཕེལ་རྒྱས་ལས་དོན་ལག་བསྟར་བྱེད་འགན་འཁུར་དགོས།

གསུམ། མ་དངུལ་གྱི་འགན་སྲུང་། རིམ་པ་ཁག་གི་སྲིད་གཞུང་གིས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་རྩ་དོན་ལྟར། ཆེད་སྤྱོད་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིས་སྲོལ་རྒྱུན་གྲོང་ཚོའི་དུས་ཡུན་འབྲིང་རིང་གི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བཏང་ནས་རྫོང་ཁོངས་ནང་གི་དངུལ་རྩའི་སྒྲིག་གཞིའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྲིད་ཇུས་རང་བཞིན་གྱི་འགན་བཅོལ་གྱི་འགན་ལེན་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་སྲོལ་རྒྱུན་གྲོང་ཚོ་གསར་འཛུགས་དང་སྲུང་སྐྱོང་འཕེལ་རྒྱས་ནང་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གིས་སྣེ་ཁྲིད་དང་། སྤྱི་ཚོགས་ཞུགས་པ། མང་ཚོགས་ཀྱིས་རང་གྲབས་བཅས་ཀྱི་གསར་འཛུགས་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་ཕྱོགས་མང་གི་མ་དངུལ་གཏོང་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། གསར་གཏོད་དང་སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དཔེ་སྟོན་ཁྱབ་གདལ་གྱི་ནུས་པ་ལྡན་པའི་སྲོལ་རྒྱུན་གྲོང་ཚོ་ཁག་གཅིག་ལ་རྒྱབ་སྐྱོར་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

བཞི། ཤེས་ལྡན་མི་སྣའི་འགན་སྲུང་། གཞི་རིམ་གྱི་དོ་དམ་མི་སྣ་དང་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྲོལ་རྒྱུན་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། གནས་སྐོར་གསར་སྤེལ་སོགས་ཐད་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་སྲོལ་རྒྱུན་གྱི་བཟོ་བོ་གསོ་སྐྱོང་བྱས་ནས་སྲོལ་རྒྱུན་གྱི་ཨར་སྐྲུན་བཟོ་བོ་དང་རིག་དངོས་ཨར་སྐྲུན་ཉམས་གསོའི་ཆེད་ལས་མི་སྣས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་རྒྱུ་རིམ་བཞིན་མངོན་འགྱུར་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཇུས་འགོད་པ་གཞི་རིམ་དུ་སྐྱོད་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ། ལག་རྩལ་བཟོ་པའི་སློབ་གླིང་། ཇུས་འགོད་ཁང་། ཚན་ཞིབ་ལས་ཁུངས་བཅས་ཀྱི་ཕུལ་བྱུང་ཇུས་འགོད་ཤེས་ལྡན་མི་སྣ་སྲོལ་རྒྱུན་གྲོང་ཚོར་བསྐྱོད་དེ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། རིམ་པ་མང་བ་དང་རྣམ་པ་མང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད་འདུ་ཤེས་སྔོན་ཐོན་དང་ལས་སྒོ་བྱང་ཆུབ་པའི་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དཔུང་ཁག་ཅིག་ཆགས་པར་བྱ་དགོས།

ལྔ། དྲིལ་བསྒྲགས་འགན་སྲུང་། རྫོང་ཁག་གི་ཡུལ་ཚོ་དང་གྲོང་རྡལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་སྨྱན་སྦྱོར་དྲིལ་བསྒྲགས་དང་། དཔེ་དེབ་དཔེ་སྐྲུན། བརྙན་པར་བཟོ་སྐྲུན། ཆེད་དོན་འོས་སྦྱོར། བྱེད་སྒོ་སྒྲིག་འཛུགས་སོགས་རྣམ་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲོལ་རྒྱུན་གྲོང་ཚོའི་དྲིལ་བསྒྲགས་འགྲེམས་སྟོན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། ལོ་རྒྱུས་རིག་གནས་དང་། མི་རིགས་རིག་གནས། ས་ཁོངས་རིག་གནས། ཨར་སྐྲུན་རིག་གནས་སྲུང་སྐྱོང་བཅས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དོན་སྙིང་གལ་ཆེན་དྲིལ་སྒྲོག་དང་། སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་པོ་ཞིག་ཆགས་པར་བྱས་ཏེ། རིག་གནས་ཀྱི་རྟོགས་སད་ཇེ་མཐོར་དང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་དགོས།





མཉམ་སྤྱོད།