བོད་ཡིག    |    རྒྱ་ཡིག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་སྲོལ་ཡིག

2025-04-22 16:32:25   |   239

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


(2005ལོའི་ཟླ3པའི་ཚེས9ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པར་གྲོས་འཆམ་བྱུང་ཞིང་། 2005ལོའི་ཟླ9པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཆོག་མཆན་ཐོབ། 2018ལོའི་ཟླ1པོའི་ཚེས17ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་བཟོ་བཅོས་བྱས་ལ། 2018ལོའི་ཟླ8པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཆོག་མཆན་ཐོབ། 2024ལོའི་ཟླ2པའི་ཚེས2ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་འཆམ་བྱུང་བ་དང་།  2024ལོའི་ཟླ5པའི་ཚེས24ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པར་ཆོག་མཆན་ཐོབ)

དཀར་ཆག

ལེའུ་དང་པོ།     སྤྱིའི་དོན་ཚན།

ལེའུ་གཉིས་པ།  ཆུའི་ཐོན་ཁུངས་ཇུས་འགོད་དང་གསར་སྤེལ་བེད་སྤྱོད།

ལེའུ་གསུམ་པ།  ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་།

ལེའུ་བཞི་པ།     ཆུའི་ཐོན་ཁུངས་དོ་དམ།

ལེའུ་ལྔ་པ།        བཅའ་ཁྲིམས་འགན་འཁྲི།

ལེའུ་དྲུག་པ།     ཞར་བྱུང་དོན་ཚན།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པ་དང་། ཆུའི་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་སྐུལ་འདེད་བཅས་བཏང་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྟེ། རང་སྐྱོང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་ཆུའི་ཐོན་ཁུངས་ཇུས་འགོད་དང་། གསར་སྤེལ། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་། དོ་དམ་སོགས་ཀྱི་བྱེད་སྒོ་སྤེལ་ཕྱིན་ངེས་པར་དུ་སྲོལ་ཡིག་འདི་བརྩི་སྲུང་བྱེད་དགོས།

སྲོལ་ཡིག་འདིའི་ནང་བརྗོད་པའི་ཆུའི་ཐོན་ཁུངས་ཞེས་པའི་ནང་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་ཚུད་ཡོད།

དོན་ཚན་གསུམ་པ། ཆུའི་ཐོན་ཁུངས་ནི་རྒྱལ་ཁབ་ལ་དབང་བ་ཡིན། ཞིང་ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་བསྐྲུན་པའི་འཁྱིལ་ཆུ་རྫིང་བུ་དང་ཆུ་གསོག་རྫིང་བུའི་ཆུ་ནི་ཞིང་ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ཀྱིས་དོ་དམ་དང་བེད་སྤྱོད་བྱེད་དགོས།

ཆུའི་ཐོན་ཁུངས་ལ་ཁྲིམས་ལྟར་ཆུ་ལེན་ཆོག་འཐུས་ལམ་ལུགས་དང་། རིན་ཡོད་བེད་སྤྱོད་ལམ་ལུགས། ཆུ་སྤྱོད་གྲོན་ཆུང་ལམ་ལུགས། ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་ཚོད་འཛིན་ལམ་ལུགས་བཅས་ལག་བསྟར་བྱེད་དགོས།

དོན་ཚན་བཞི་པ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པར་སྲུང་སྐྱོང་གཙོ་བོ་དང་བཅོས་སྐྱོང་གནད་དུ་འཛིན་པའི་བླང་བྱ་དོན་འཁྱོལ་བྱེད་དགོས་ཤིང་། སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་དང་། སྐྱེ་ཁམས་སྔོན་ལ་འཇོག་པ། ལྗང་མདོག་འཕེལ་རྒྱས་གཏོང་བ། ཆུའི་ཚད་ལ་གཞིགས་ནས་སྤྱོད་པ། ཆུ་གྲོན་ཆུང་གཙོ་བོར་འཛིན་དགོས་ལ། ཡུལ་བབ་དང་བསྟུན་པ། རིགས་དབྱེས་ཇུས་བསྟར། གཅིག་གྱུར་ཇུས་འགོད། མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་བྱེད་ནུས་སྣ་ཚོགས་འདོན་སྤེལ་བྱེད་དགོས།

དོན་ཚན་ལྔ་པ། རང་སྐྱོང་ཁུལ་གྱིས་གཙང་པོ་དང་མཚོ་ཡི་དོ་དམ་མ་ལག་བཙུགས་ནས་འཐུས་ཚང་དུ་བཏང་ཞིང་། ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ་བཅས་རིམ་བཞིའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཆུའི་ཐོན་ཁུངས་སྲུང་སྐྱོང་། ཆུ་ཁོངས་འགྲམ་རྒྱུད་དོ་དམ་སྲུང་སྐྱོང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཁྲིམས་བསྟར་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས།

དོན་ཚན་དྲུག་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་། དོ་དམ་བཅས་ཀྱི་ལས་དོན་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཇུས་འགོད་ནང་འཇུག་པ་དང་། ཆུ་སྤྱོད་སྤྱི་འབོར་ཚོད་འཛིན་ལམ་ལུགས་དང་། ཆུ་སྤྱོད་ལས་ཕྱོད་ཚོད་འཛིན་ལམ་ལུགས། ཆུའི་བྱེད་ནུས་ཁུལ་གྱི་བཙོག་འཇལ་ལམ་ལུགས། ཆུའི་ཐོན་ཁུངས་དོ་དམ་འགན་འཁྲི་དང་དཔྱད་ཞིབ་ལམ་ལུགས་བཅས་བཙུགས་ཏེ། མ་དངུལ་གཏོང་རྒྱུར་འགན་ལེན་བྱས་ནས་ཆུའི་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་སྐུལ་འདེད་གཏོང་དགོས།

དོན་ཚན་བདུན་པ། ཆུའི་ཐོན་ཁུངས་ལ་འབབ་རྒྱུད་དོ་དམ་དང་སྲིད་འཛིན་ས་ཁོངས་དོ་དམ་ཟུང་འབྲེལ་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་བསྟར་བྱེད་དགོས། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་ཐོན་ཁུངས་ལ་གཅིག་གྱུར་གྱིས་དོ་དམ་དང་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས།

རང་ཁུལ་གྱི་མངའ་ཁོངས་ཀྱི་རྒྱལ་ཁབ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱི་མངའ་ཁོངས་སུ་གཏོགས་པའི་ཆུའི་ཐོན་ཁུངས་དོ་དམ་དང་ལྟ་སྐུལ་གྱི་འགན་འཁྲི་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ཆུ་བེད། ནགས་རྩྭ་སོགས་འབྲེལ་ཡོད་དོ་དམ་སྡེ་ཚན་གྱིས་འགན་འཁྲི་ལས་བགོས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་དགོས།

དོན་ཚན་བརྒྱད་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔོ་ཁེབས་སྲུང་སྐྱོང་དང་། སྡོང་འཛུགས་རྩྭ་འདེབས་སོགས་ཀྱི་ཆུ་མགོར་གསོ་སྐྱོང་བྱེད་ཐབས་སྤྱད་དེ། ས་ཆུ་ཤོར་བ་དང་། ས་ཞིང་མྱ་ངམ་ཐང་དུ་འགྱུར་བ། བྱེ་ཐང་དུ་འགྱུར་བ། ཆུ་གཟུགས་སྦགས་བཙོག་བཅས་ལ་འགོག་བཅོས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས།

དོན་ཚན་དགུ་པ། སྡེ་ཚན་དང་མི་སྒེར་གང་ཡིན་རུང་ཚང་མར་ཆུ་སྤྱོད་གྲོན་ཆུང་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་ཅིང་། ཆུའི་ཐོན་ཁུངས་འཕྲོ་བརླག་གཏོང་བ་དང་། ཆུའི་ཁོར་ཡུག་ལ་སྦགས་བཙོག་བཟོ་བ། ཆུའི་ལས་གྲྭར་གནོད་སྐྱོན་གཏོང་བ་བཅས་ཀྱི་བྱ་སྤྱོད་ལ་ཐེར་འདོན་དང་ལྟ་སྐུལ་བྱེད་པའི་དབང་ཆའང་ཡོད།

ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཡིན་པའི་ལས་ཁུངས་དང་མི་སྒེར་ལ་ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ།  ཆུའི་ཐོན་ཁུངས་ཇུས་འགོད་དང་གསར་སྤེལ་བེད་སྤྱོད།

དོན་ཚན་བཅུ་པ། རང་སྐྱོང་ཁུལ་གྱིས་ཆུ་སྤྱོད་སྡོམ་འབོར་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཏན་ལ་ཕབ་པའི་ཆུ་བགོའི་དམིགས་ཚད་ལ་གཞིགས་ཏེ། ཁོངས་གཏོགས་ཁུལ་གྱི་ལོ་འཁོར་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་འཆར་གཞི་བཟོས་ནས་རིམ་པ་གཅིག་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས། གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཆུ་སྤྱོད་སྡོམ་འབོར་དེ་གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་བགོ་བཤའ་བརྒྱབ་སྟེ་འོག་རིམ་ལ་ཁྱབ་བསྒྲགས་བྱས་པའི་ཆུ་སྤྱོད་སྡོམ་འབོར་ཚོད་འཛིན་གྱི་དམིགས་ཚད་ལས་བརྒལ་མི་ཆོག ས་ངོས་ཀྱི་ཆུ་ལེན་པའི་སྡོམ་འབོར་དེ་ཆུ་བགོའི་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཚད་ལས་བརྒལ་མི་ཆོག་པ་མ་ཟད། སྐྱེ་ཁམས་ཀྱི་རྒྱུག་ཚད་དང་སྐྱེ་ཁམས་ཆུ་གནས་དོ་དམ་ཚོད་འཛིན་དམིགས་ཚད་ཀྱི་བླང་བྱ་དང་མཐུན་དགོས། ས་འོག་གི་ཆུ་ལེན་པའི་སྡོམ་འབོར་དེ་སྲིད་འཛིན་ས་ཁོངས་དེ་གའི་ས་འོག་གི་ཆུ་ལེན་སྤྱི་འབོར་ཚོད་འཛིན་དམིགས་ཚད་ལས་བརྒལ་མི་ཆོག་པ་མ་ཟད། ས་འོག་གི་ཆུའི་ཆུ་གནས་ཚོད་འཛིན་དམིགས་ཚད་ཀྱི་བླང་བྱ་དང་མཐུན་དགོས།

དོན་ཚན་བཅུ་གཅིག ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་བཅས་བྱེད་པར་འབབ་རྒྱུད་དང་ས་ཁོངས་ལྟར་གཅིག་གྱུར་གྱིས་ཇུས་འགོད་བཟོ་དགོས།

ཁུལ་དང་རྫོང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིའི་ཇུས་འགོད། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་གྱི་བཀོད་པ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་བཅས་བྱ་རྒྱུ་དེ་འབབ་རྒྱུད་དང་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ཇུས་འགོད་དང་མཐུན་དགོས་ཤིང་། ས་གནས་དེ་གའི་ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག་གི་ཐེག་ནུས་དང་འཚམ་དགོས།

རང་སྐྱོང་ཁུལ་གྱི་མངའ་ཁོངས་ནང་གི་བཟོ་ལས་དང་། ཞིང་ལས། ཕྱུགས་ལས། ནགས་རྩྭའི་ལས་རིགས། ནུས་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། གནས་སྐོར་སྤྲོ་གསེང་། རང་བྱུང་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ཆེད་དམིགས་ཇུས་འགོད་དེ་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་འབྲེལ་ཚེ། ཆུའི་ཐོན་ཁུངས་ཇུས་འགོད་ལ་དཔྱད་སྒྲུབ་བྱ་དགོས། དཔྱད་སྒྲུབ་བྱས་མེད་པའམ་དཔྱད་སྒྲུབ་བྱས་ནས་ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་ཚོད་འཛིན་དམིགས་ཚད་དང་མ་མཐུན་ཚེ། ཇུས་འགོད་ཞིབ་མཆན་འགོད་མཁན་ལས་ཁུངས་ཀྱིས་ཆོག་མཆན་བྱས་མི་ཆོག

དོན་ཚན་བཅུ་གཉིས། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་ངེས་པར་དུ་ཆུའི་ཐོན་ཁུངས་ཕྱོགས་བསྡུས་ཇུས་འགོད་དང་ཆེད་ལས་ཇུས་འགོད་ལྟར་ལག་བསྟར་བྱེད་དགོས་ཤིང་། སྤྱིའི་སྡོམ་འབོར་ཚོད་འཛིན་དང་འཆར་གཞི་ལྡན་པའི་སྒོ་ནས་ཆུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་སྤྱོད་ཆུ་སྔོན་ལ་སྐོང་ཐབས་དང་། གཞི་རྩའི་སྐྱེ་ཁམས་ཀྱི་ཆུ་སྤྱོད་འགན་སྲུང་། ཐོན་སྐྱེད་ཀྱི་ཆུ་སྤྱོད་གཅིག་གྱུར་ཇུས་འགོད་བཅས་བྱེད་དགོས།

ཇུས་འགོད་ལ་ཆོག་མཆན་ཐོབ་རྗེས་ངེས་པར་དུ་ལག་བསྟར་ནན་མོ་བྱེད་དགོས། ཆོག་མཆན་ཐོབ་པའི་ཇུས་འགོད་ལ་བཟོ་བཅོས་རྒྱག་དགོས་ཚེ་ངེས་པར་དུ་དེ་སྔའི་ཆོག་མཆན་འགོད་མཁན་ལས་ཁུངས་ལ་ཆོག་མཆན་ཞུ་དགོས།

དོན་ཚན་བཅུ་གསུམ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འཚོ་བ་དང་། སྐྱེ་ཁམས། ཞིང་ལས། བཟོ་ལས་སོགས་ཀྱི་སྤྱོད་ཆུའི་རིགས་གཞིར་བཟུང་སྟེ། ཆུའི་ཐོན་ཁུངས་བཀོད་སྒྲིག་དང་དོ་དམ་བྱེད་དགོས་ཤིང་། ཆུའི་ཐོན་ཁུངས་ཀྱི་སྤྱོད་སྒོ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུའི་འཁོར་རྒྱུག་བེད་སྤྱོད་བྱེད་པ། ཆུའི་ཐོན་ཁུངས་དོ་དམ་བྱེད་ནུས་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ། ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་སྡེ་ཚན་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བཅས་བྱེད་དགོས།

དོན་ཚན་བཅུ་བཞི། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི་ཆུའི་ཐོན་ཁུངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ། ས་ངོས་ཀྱི་ཆུ་དམིགས་སུ་བཀར་ནས་སྔོན་ལ་གསར་སྤེལ་དང་བེད་སྤྱོད་བྱེད་དགོས་ཤིང་། ས་འོག་གི་ཆུ་སྔོག་འདོན་བྱེད་པར་ཚོད་འཛིན་ནན་མོ་བྱེད་པ་དང་། བར་ཆུ་ཁྱབ་སྤེལ་དང་བེད་སྤྱོད་བཅས་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་བར་ཆུ་དང་ཆར་ཆུ་སོགས་རྒྱུན་གཏན་མིན་པའི་ཆུ་དེ་ཆུའི་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་ཁོངས་སུ་བཅུག་སྟེ། རྒྱུན་གཏན་མིན་པའི་ཆུ་བེད་སྤྱོད་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། མཛེས་ལྗོངས་སྔོ་ལྗང་ཅན་དུ་འགྱུར་བ་དང་། བཟོ་ལས་ཐོན་སྐྱེད། ཨར་ལས་བཟོ་སྐྲུན་སོགས་ལ་སྤྱོད་པའི་ཆུ་ནི་བླང་བྱ་དང་མཐུན་པའི་བར་ཆུ་དམིགས་བསལ་གྱིས་སྔོན་ལ་བེད་སྤྱོད་བྱེད་དགོས།

དོན་ཚན་བཅོ་ལྔ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ངེས་པར་དུ་ཆུའི་ཐོན་ཁུངས་ཀྱི་ཇུས་འགོད་དང་མཐུན་དགོས་ཤིང་། དགེ་སྤེལ་དང་གནོད་སེལ་ཟུང་འབྲེལ་བྱེད་པའི་རྩ་དོན་ལག་བསྟར་བྱས་ཏེ། སྟོད་རྒྱུད་དང་སྨད་རྒྱུད། ཆུ་ངོགས་གཡས་གཡོན། གྲོང་ཁྱེར་གྲོང་རྡལ་དང་རོང་འབྲོག་ས་ཁུལ། ཐོན་སྐྱེད་དང་འཚོ་བ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཆུ་འདོན་དང་། གློག་འདོན། ཞིང་ས་དང་རྩྭ་ཐང་ལ་ཆུ་འདྲེན་པ། ཉ་ལས། ནགས་ལས། ས་ཆུ་སྲུང་འཛིན་སོགས་ཀྱི་དགོས་མཁོར་གཅིག་གྱུར་ཇུས་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད། ཆུ་ལོག་འགོག་པའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་བརྩི་སྲུང་བྱེད་དགོས།

དོན་ཚན་བཅུ་དྲུག རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱིས་ཆུའི་ཐོན་ཁུངས་ཇུས་འགོད་ལྟར་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། སྲུང་སྐྱོང་བཅས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས།

སྡོད་དམངས་ཀྱི་གློག་སྤྱོད་འགན་ལེན་དང་མཐའ་སྲུང་སྲ་བརྟན་གཏོང་བའི་དགོས་མཁོ་ཕུད། རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཆུ་གློག་ཆུང་གྲས་གསར་སྐྲུན་བྱེད་མི་ཆོག ངེས་པར་དུ་གསར་སྐྲུན་བྱེད་དགོས་ཚེ་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་སྒྲུབ་བྱས་ནས་འབྲེལ་ཡོད་ཇུས་འགོད་དང་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་དང་མཐུན་པར་བྱས་ཏེ། ས་ཆུ་སྲུང་འཛིན་དང་། རྩྭ་ཐང་རྩི་ཤིང་སྲུང་སྐྱོང་དང་བསྐྱར་གསོ། ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་བཅས་ལེགས་པར་སྒྲུབ་དགོས་པ་དང་། སྐྱེ་ཁམས་ཀྱི་གཞི་རྒྱུག་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཆུ་ལམ་གྱི་སྐྱེ་ཁམས་རྒྱུག་ཚད་འགན་ལེན་ཏན་ཏིག་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རྨ་ཆུའི་འབབ་རྒྱུད་དུ་མིས་བཟོས་མཚེའུ་དང་མིས་བཟོས་འདམ་ར་སོགས་ཀྱི་རྣམ་པའི་ཐོག་ནས་མིས་བཟོས་ཆུའི་མཛེས་ལྗོངས་གསར་སྐྲུན་བྱེད་པར་ཚོད་འཛིན་ནན་མོ་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཆུ་གློག་ཆུང་གྲས་ཀྱི་ལས་གྲྭ་བསྐྲུན་ཚར་ནས་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་དང་མི་མཐུན་པའི་རིགས་ལ་རིགས་དབྱེ་བཅོས་སྒྲིག་བྱེད་པའམ་ཡང་ན་བྱ་ཐབས་སྤྱད་དེ་རིམ་བཞིན་ཕྱིར་འབུད་བྱེད་དགོས།

དོན་ཚན་བཅུ་བདུན། འབབ་རྒྱུད་དང་ས་ཁོངས་ལས་བརྒལ་ཏེ་ཆུའི་ཐོན་ཁུངས་སྙོམས་སྒྲིག་བྱེད་སྐབས་ཆུའི་ཐོན་ཁུངས་ཀྱི་ཇུས་འགོད་དང་མཐུན་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་སྒྲུབ་བྱེད་དགོས། ཆུའི་ཐོན་ཁུངས་ཕྱིར་གཏོང་དང་ནང་འདྲེན་ས་ཁུལ་གྱི་ཆུ་སྤྱོད་དགོས་མཁོར་གཅིག་གྱུར་གྱིས་ཇུས་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་མི་ཡོང་བར་བྱེད་དགོས།

དོན་ཚན་བཅོ་བརྒྱད། ཆུའི་ལས་གྲྭ(ཆུ་ལེན་པ་དང་ཆུ་གསོག་ལས་གྲྭ་ཚུད)འཛུགས་སྐྲུན་བྱ་རྒྱུ་དེ་ངེས་པར་དུ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་ཇུས་འགོད་དང་མཐུན་དགོས། ཆུ་བོ་དང་མཚེའུ་ཡི་ཐོག་ཆུའི་ལས་གྲྭ་འཛུགས་སྐྲུན་བྱེད་པར་དོ་དམ་གྱི་དབང་ཚད་ལྟར། འབྲེལ་ཡོད་འབབ་རྒྱུད་དོ་དམ་ལས་ཁུངས་སམ་ཡང་ན་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་མིང་རྟགས་བཀོད་པའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་ཇུས་འགོད་བླང་བྱ་དང་མཐུན་པའི་ཇུས་འགོད་མོས་མཐུན་ཡི་གེ་ཐོབ་དགོས་པ་དང་། མོས་མཐུན་ཡི་གེ་མེད་ན་འཛུགས་སྐྲུན་བྱེད་མགོ་བརྩམས་མི་ཆོག ཆུའི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ཆུ་ལོག་སྔོན་འགོག་དང་། ས་ཆུ་སྲུང་འཛིན། ཁོར་ཡུག་སྲུང་སྐྱོང་བཅས་དང་འབྲེལ་བ་ཡོད་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་དགུ། ཆུ་ཟད་གྲོན་ཆེ་བའི་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན་བཅས་བྱེད་པར་ངེས་པར་དུ་ཆུའི་ཐོན་ཁུངས་དཔྱད་སྒྲུབ་བྱས་ཏེ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་དཔྱད་སྒྲུབ་སྙན་ཞུ་ཡི་གེ་སྒྲིག་བཟོ་བྱེད་དགོས་ཤིང་། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཞིབ་བཤེར་སྒྲིག་འཛུགས་བྱས་ཏེ། ཞིབ་བཤེར་མཇུག་འབྲས་ཆུ་ལེན་ཁྲོལ་ཡིག་སྤྲོད་པའི་ལག་རྩལ་གྱི་གཞི་འཛིན་སར་བརྩི་དགོས་པ་མ་ཟད། ཆུ་ལེན་སྒྲིག་བཀོད་ལ་ཞིབ་བཤེར་བྱས་ནས་ཚད་གཞི་ལོན་ཞིང་ཆུའི་ཐོན་ཁུངས་དཔྱད་སྒྲུབ་བྱས་ཚུལ་དང་མཐུན་པའི་རིགས་ལ་གཞི་ནས་ཆུ་ལེན་ཁྲོལ་ཡིག་སྤྲད་ཆོག

ཆུ་ཟད་གྲོན་ཆེ་བའི་ཐོན་ལས་ཀྱི་ཆོག་འཐུས་ལྡོག་ཕྱོགས་རྩིས་ཁྲ་དང་ཕྱིར་འབུད་རིགས་ཀྱི་ཆུ་ཟད་གྲོན་ཆེ་བའི་ཐོན་ལས་ཀྱི་དཀར་ཆག་ནང་བཅུག་པའི་འཛུགས་སྐྲུན་རྣམ་གྲངས་ལ་ཆུ་ལེན་པའི་རེ་ཞུའི་ཆོག་མཆན་མི་འགོད།

དོན་ཚན་ཉི་ཤུ། ཞིང་ཕྱུགས་ལས་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་དེའི་ཁོངས་མིས་ཁྲིམས་ལྟར་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་དབང་བའི་ཐུན་མོང་གི་ས་ཞིང་ངམ་འགན་གཙང་ལེན་བྱས་པའི་ས་ཞིང་སྟེང་མ་དངུལ་བཏང་ནས་ཆུའི་ལས་གྲྭའི་སྒྲིག་བཀོད་གསར་སྐྲུན་བྱེད་པའི་རིགས་ལ། འཛུགས་སྐྲུན་བྱེད་མཁན་སུ་ཞིག་གིས་མ་དངུལ་བཞག་ན་དེས་དོ་དམ་བྱེད་རྒྱུ་དང་སུས་ཁེ་བཟང་རག་ན་དེས་དོ་དམ་བྱེད་རྒྱུའི་རྩ་དོན་གཞིར་བཟུང་སྟེ། ཆུའི་ལས་གྲྭའི་སྒྲིག་བཀོད་དང་ཆུ་གསོག་ལ་དོ་དམ་དང་བེད་སྤྱོད་ལུགས་མཐུན་བྱེད་དགོས།

དོན་ཚན་ཉེར་གཅིག སྡེ་ཚན་དང་མི་སྒེར་སུ་ཞིག་གིས་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་སྤྱི་པའི་ཁེ་ཕན་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག གྱོང་གུན་བཟོས་ན་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།

ལེའུ་གསུམ་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་།

དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་གྱིས་ཆུ་སྤྱོད་ལས་ཕྱོད་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གོང་རིམ་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཤམ་བསྒྲགས་བྱས་པའི་ཆུ་སྤྱོད་ལས་ཕྱོད་ཚོད་འཛིན་དམིགས་ཚད་གཞིར་བཟུང་སྟེ། ཁོངས་གཏོགས་ས་ཁུལ་གྱི་ཆུ་སྤྱོད་ལས་ཕྱོད་ཚོད་འཛིན་དམིགས་ཚད་གཏན་འབེབས་བྱེད་དགོས་པར་མ་ཟད། ལག་བསྟར་ལ་ལྟ་སྐུལ་ནན་མོ་བྱེད་དགོས།

དོན་ཚན་ཉེར་གསུམ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་སྔོན་ཐོན་དང་ནུས་ལྡན་གྱི་ཆུ་གྲོན་ཆུང་གི་བཟོ་རྩལ་དང་། ལག་རྩལ། སྒྲིག་ཆས། ཐོན་རྫས། རྒྱུ་ཆ་བཅས་ཁྱབ་གདལ་དང་བེད་སྤྱོད་གཏོང་བར་སྒྲིག་འཛུགས་བྱས་ཤིང་། ཁེ་ལས་ཀྱི་ཆུ་སྤྱོད་ཚད་འཇལ་དང་ཆུ་གྲོན་ཆུང་ལག་རྩལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ཏེ། ནུས་ཁུངས་དང་། རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ་སོགས་ཆུ་ཟད་གྲོན་ཆེ་བའི་ཐོན་ལས་ཀྱིས་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ཟད་གྲོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱིས་ཆུ་སྤྱོད་ཚད་རྩིས་རྒྱག་པ་དང་ཆུ་གྲོན་ཆུང་གི་ལག་རྩལ་བསྒྱུར་བཀོད་ལག་བསྟར་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཕན་ནུས་ཆེ་ཞིང་ཆུ་གྲོན་ཆུང་གི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་སྒྲིག་འཛུགས་བྱེད་དགོས་ཤིང་། ཞིང་ལས་ཀྱི་ཆུ་གྲོན་ཆུང་གི་སྒྲིག་བཀོད་དང་ཞིང་ལས་ཀྱི་སྤྱོད་ཆུའི་ཚད་འཇལ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཟད་གྲོན་ཆུང་བ་དང་ཐན་པ་ཐུབ་པའི་ལོ་ཏོག་འདེམས་གསོ་དང་ཁྱབ་གདལ་བཏང་སྟེ། ཞིང་ལས་ཀྱི་ཆུ་ཟད་ཚད་དམའ་རུ་གཏོང་དགོས། གཏིང་ཟབ་ས་འོག་གི་ཆུ་དེ་ཞིང་ལས་ལ་དྲངས་མི་ཆོག

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་འདོན་སྒྲིག་བཀོད་རྙིང་པ་དང་སྦུག་དྲ་བསྒྱུར་བཀོད་སྒྲིག་འཛུགས་བྱས་ཏེ། ཆུ་གྲོན་ཆུང་ཅན་གྱི་ཡོ་བྱད་ཁྱབ་གདལ་གཏོང་བ་དང་། སྤྱི་པའི་ཆུ་གྲོན་ཆུང་གི་ལག་རྩལ་བསྒྱུར་བཀོད་བྱེད་པ། གྲོང་གསེབ་གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་དང་ཆུ་གྲོན་ཆུང་གི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

འབྲེལ་ཡོད་སྡེ་ཚན་དང་ལས་ཁུངས་ཀྱིས་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་སློབ་གསོ་དང་ཚན་རིག་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཆུ་གྲོན་ཆུང་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

དོན་ཚན་ཉེར་བཞི། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་མཉམ་དུ་ཆུ་བོ་དང་ཆུ་མཛོད་ཀྱི་ཆུའི་བྱེད་ནུས་ཁུལ་གཏན་འབེབས་བྱས་ཏེ། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། དེ་དང་ཆབས་ཅིག་ཏུ་གོང་རིམ་གྱི་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་གཙོ་འགན་སྡེ་ཚན་དང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཐོ་འགོད་སྙན་སེང་ཞུ་དགོས།

རང་སྐྱོང་ཁུལ་གྱིས་ཆུའི་བྱེད་ནུས་ཁུལ་གྱི་བཙོག་འཇལ་ཚོད་འཛིན་ལམ་ལུགས་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་དགོས་པ་དང་། སྦགས་བཙོག་དངོས་པོ་ཚད་ལས་བརྒལ་ནས་ཕྱིར་འདོན་པའམ་ཡང་ན་ཆུའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་དེ་ཆུ་ཁོངས་བེད་སྤྱོད་བྱེད་ནུས་ཀྱི་བླང་བྱའི་ཚད་ལ་སླེབས་མེད་པ་ཤེས་ཚེ། དུས་ཐོག་ཏུ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་ནས་བཅོས་སྐྱོང་བྱེད་ཐབས་སྤྱོད་དགོས།

ཆུ་ལམ་དང་མཚེའུ་རུ་བཙོག་འབུད་མདོ་ཁ་གསར་དུ་འཛུགས་པའམ་བསྒྱུར་བཀོད་བྱེད་པ། ཡང་ན་རྒྱ་བསྐྱེད་གཏོང་དགོས་ཚེ། བདག་སྐྱོང་དབང་ཆ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས། ཆུ་ལོག་སྔོན་འགོག་དང་ཆུ་རགས་ཀྱི་བདེ་འཇགས། ཆུ་བོའི་གནས་བབ་བརྟན་པོ་བཅས་ལ་གནོད་སྲིད་པའི་བཙོག་འབུད་མདོ་ཁ་གསར་འཛུགས་དང་། བསྒྱུར་བཀོད་བྱེད་པའམ་རྒྱ་སྐྱེད་བྱེད་པའི་རིགས་ལ་ཞིབ་མཆན་འགོད་སྐབས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།

དོན་ཚན་ཉེར་ལྔ། རང་སྐྱོང་ཁུལ་གྱིས་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ལག་བསྟར་བྱས་ཏེ། ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཆུ་མགོ་སྐམ་པ་དང་བཞུར་ཆུ་སྦགས་བཙོག་གི་རིགས་ལ་སྔོན་འགོག་དང་། མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱེད་དགོས་པ་མ་ཟད། འཐུང་ཆུའི་ཐོན་ཁུངས་སྐམ་པ་དང་བཞུར་ཆུ་སྦགས་བཙོག་བྱུང་བའི་རིགས་ལ་མཁོ་སྒྲུབ་ཐག་གཅོད་ཀྱི་སྔོན་བཀོད་འཆར་གཞི་བཟོ་དགོས།

འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ་ལ་སྲུང་ཁུལ་རིམ་པ་དང་པོ་དང་སྲུང་ཁུལ་རིམ་པ་གཉིས་པར་དབྱེ་ཡོད་ལ། དགོས་མཁོ་ཡོད་ཚེ་འཐུང་ཆུའི་ཆུ་མགོ་སྲུང་ཁུལ་གྱི་ཕྱི་ལོགས་སུ་ས་ཁོངས་ངེས་ཅན་ཞིག་གཏན་འབེབས་བྱས་ཏེ་སྲུང་ཁུལ་བྱས་ཆོག་པ་ཡིན། འཐུང་ཆུའི་ཆུ་མགོ་སྲུང་ཁུལ་དབྱེ་འབྱེད་གཏན་འབེབས་དང་ལེགས་སྒྲིག་བྱ་རྒྱུ་དེ་ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་གིས་ཇུས་གཞི་བཏོན་ཏེ། ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད་སྤྱི་བསྒྲགས་ཀྱང་བྱེད་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་འཐུང་ཆུའི་ཆུ་མགོའི་ཆུ་ལེན་ས་བཀོད་སྒྲིག་ལུགས་མཐུན་བྱ་དགོས་པ་དང་། འཐུང་ཆུའི་མཁོ་སྒྲུབ་ཆུ་མགོ་དང་སྤྱད་གྲབས་ཆུ་མགོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་ཉེར་དྲུག  འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས》《མཚོ་སྔོན་ཞིང་ཆེན་གྱི་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག》བཅས་སུ་བཀག་སྡོམ་བྱས་པའི་གཤམ་གྱི་བྱ་སྤྱོད་སྤེལ་མི་ཆོག

གཅིག  བཙོག་འབུད་མདོ་ཁ་བཟོ་རྒྱུ།

གཉིས། སྲ་གཟུགས་སྙིགས་རོ་སྤུངས་ནས་དུག་དང་གནོད་ལྡན་གྱི་བཙོག་དངོས་ཕྱིར་འབུད་པ།

གསུམ། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དང་འབྲེལ་བ་མེད་པའི་རྩིག་བཟོས་དང་བཟོ་བཀོད་དངོས་པོ་འཛུགས་སྐྲུན་བྱ་རྒྱུ།

བཞི། འཛུགས་སྐྲུན་དང་། ས་ལེན། བྱེ་འདྲུ། གཏེར་ཁ་སྔོག་འདོན་སོགས་ཀྱི་ལས་ཀ་བྱེད་པ།

ལྔ།  ཆུའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པའི་བྱེད་སྒོ་གཞན་དག

དོན་ཚན་ཉེར་བདུན། སྡེ་ཚན་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཆུ་ངོགས་དང་། ཆུ་ཡུར་གྱི་འགྲམ་ངོགས(རགས)། འཕྲུལ་ཁྲོན། ཆུ་མིག་སོགས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཁོངས་སུ་ཨར་ལས་དང་། རྡོ་འདོན་པ། ས་ལེན་པ། གཏེར་ཁ་འདོན་པ། གས་གཏོར་བཅས་བྱེད་པ་དང་། ཆུའི་བཟོ་སྐྲུན་གྱི་སྒྲིག་བཀོད་དང་ཆུ་གཟུགས་བདེ་འཇགས་ལ་གནོད་པའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག

ཆོག་མཆན་མ་ཐོབ་པར་སྡེ་ཚན་དང་མི་སྒེར་སུ་ཞིག་གིས་ཀྱང་གོང་གསལ་དོན་ཚན་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཁོངས་སུ་ནགས་ཤིང་བཅད་མི་ཆོག

དོན་ཚན་ཉེར་བརྒྱད། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ཆུའི་ཐོན་ཁུངས་དང་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཆུ་ཤོར་བ་དང་ཆུའི་ཁོར་ཡུག་སྦགས་བཙོག་བཟོ་བ་སྔོན་འགོག་བྱེད་དགོས།

ཆུ་བོ་དང་། ཆུ་མཛོད། ཆུ་མིག། ཁྲོན་པའི་ཁ། ཆུ་ཡུར་སོགས་དོ་དམ་བྱེད་ཁོངས་སུ་སྲ་གཟུགས་སྙིགས་རོ་སྤུངས་པ་དང་གཤོ་བ། འཚོ་བའི་གད་སྙིགས་དོར་བ། དེ་བཞིན་དུག་དང་གནོད་པ་ཡོད་པའི་གཤེར་གཟུགས་གཤོ་བ་དང་ཕྱིར་གཏོང་བའི་རིགས་ལ་གཏན་འགོག་བྱེད་དགོས། ཆུ་བོ་དང་། ཆུ་ཡུར། མཚེའུ། ཆུ་མཛོད་སོགས་ཀྱི་ཆུ་ཁོངས་སུ་གསོ་སྤེལ་དང་། གནས་སྐོར། ཆུ་ཐོག་གི་ལུས་རྩལ། བཟའ་བཏུང་སོགས་ཀྱི་བྱེད་སྒོ་སྤེལ་བ་ལས་ཐོན་པའི་གད་སྙིགས་དང་སྙིགས་རོ་རྣམས་གཅིག་བསྡུས་ཀྱིས་གཙང་བཅོས་བྱེད་དགོས། བྱུང་བའི་བཙོག་ཆུ་བསྡུ་རུབ་བྱས་ཏེ་གཙང་སེལ་བྱེད་དགོས་ཤིང་། ཚད་གཞི་ལོན་རྗེས་གཏན་འབེབས་ལྟར་ཕྱིར་འབུད་ཆོག

དོན་ཚན་ཉེར་དགུ། སྡེ་ཚན་དང་མི་སྒེར་སུ་ཞིག་གིས་ཀྱང་ཆུའི་ལས་གྲྭ་དང་ཆུ་དཔྱད་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྒྲིག་བཀོད་བཙན་བཟུང་དང་། གནོད་སྐྱོན། གཏོར་བརླག་བཅས་བཏང་མི་ཆོག

ལེའུ་བཞི་པ། ཆུའི་ཐོན་ཁུངས་དོ་དམ།

དོན་ཚན་སུམ་ཅུ། ཆུ་ལེན་སྐབས་ཆུ་ལེན་ཆོག་འཐུས་ལམ་ལུགས་ལག་བསྟར་བྱེད་དགོས། གཙང་པོ་དང་མཚེའུའམ་ཡང་ན་ས་འོག་གི་ཆུ་ནས་ཐད་ཀར་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་མཁན་གྱི་སྡེ་ཚན་དང་མི་སྒེར་གྱིས་རྒྱལ་ཁབ་ཀྱི་ཆུ་ལེན་ཆོག་འཐུས་ལམ་ལུགས་དང་ཆུའི་ཐོན་ཁུངས་དོད་ཡོད་བེད་སྤྱོད་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། དོ་དམ་བྱེད་དབང་ཡོད་པའི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཆུ་ལེན་ཁྲོལ་ཡིག་ལེན་རྒྱུའི་རེ་འདུན་ཞུ་དགོས་པ་མ་ཟད། ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་སྤྲད་དེ་ཆུ་ལེན་དབང་ཆ་ཐོབ་དགོས།

རོང་འབྲོག་ཁུལ་གྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་དེའི་ཁོངས་མིས་ཐུན་མོང་རྩ་འཛུགས་དེ་གའི་ཆུ་རྫིང་དང་ཆུ་མཛོད་ཀྱི་ཆུ་བེད་སྤྱོད་གཏོང་བའི་རིགས་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་འཚོ་བ་དང་། ཐོར་གསོ་དང་ར་གསོ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་འཐུང་ཆུ་སོགས་ལོ་རེར་ཆུ་ལེན་པའི་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་ཆིག་སྟོང་ལས་མི་བརྒལ་བའི་རིགས། ཞིང་ཕྱུགས་ལས་ཀྱི་ཐན་འགོག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཆེད་ངེས་པར་དུ་གནས་སྐབས་འཕྲལ་མཁོའི་ཆུ་ལེན་དགོས་པའི་རིགས། གཏེར་ཁྲོན་སོགས་ས་འོག་ལས་གྲྭའི་ཨར་ལས་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ངེས་པར་དུ་གནས་སྐབས་འཕྲལ་མཁོའི་ཆུ(འབུད)ལེན་དགོས་རིགས། སྤྱི་པའི་བདེ་འཇགས་སམ་ཡང་ན་སྤྱི་པའི་ཁེ་ཕན་གྱི་གནོད་འཚེ་སེལ་ཆེད་གནས་སྐབས་འཕྲལ་མཁོའི་ཆུ་ལེན་དགོས་པའི་རིགས་སོགས་ལ་ཆུ་ལེན་ཁྲོལ་ཡིག་ལེན་པའི་རེ་འདུན་ཞུ་མི་དགོས་པ་དང་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་སྤྲོད་མི་དགོས།

དོན་ཚན་སོ་གཅིག ཆུ་ལེན་ཁྲོལ་ཡིག་རེ་ཞུ་བྱེད་མཁན་གྱི་སྡེ་ཚན་དང་མི་སྒེར་གྱིས་ངེས་པར་དུ་ཆུ་ལེན་ཡུལ་དང་། བྱེད་སྟངས། སྤྱོད་ཡུལ། གྲངས་འབོར། ཆུ་གྲོན་ཆུང་བྱ་ཐབས། ཚད་འཇལ་སྒྲིག་ཆས་སོགས་འབྲེལ་ཡོད་དཔྱད་ཡིག་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུའི་ཐོན་ཁུངས་དཔྱད་སྒྲུབ་བྱས་པའི་སྙན་ཞུ་དེ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཞིབ་བཤེར་བྱེད་རྒྱུར་འབུལ་དགོས། ཆུ་ལེན་ཁྲོལ་ཡིག་ཐོབ་རྗེས་ད་གཟོད་ཆུ་ལེན་ཁྲོལ་ཡིག་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་ལྟར་ཆུ་བླངས་ཆོག

དོན་ཚན་སོ་གཉིས། ཆུ་ལེན་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཆུ་ལེན་ཁྲོལ་ཡིག་རེ་འདུན་ཞུ་སྐབས། དེའི་ཆུ་ལེན་ཚད་ནི་ཆུ་ལེན་ཞིབ་མཆན་འགོད་པའི་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་ཆུ་ལེན་ཚད་གཞིར་འཛིན་དགོས། ཆུ་ལེན་སྡེ་ཚན་གྱིས་ཆུ་ལེན་ཚད་ཞིབ་བཤེར་གཏན་འབེབས་བྱེད་སྐབས་ངེས་པར་དུ་ཆུ་སྤྱོད་བཅད་གྲངས་ཀྱི་བླང་བྱ་དང་མཐུན་དགོས།

ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུ་ལེན་སྤྱོད་ཀྱི་སྤྱི་འབོར་དེ་ཚོད་འཛིན་དམིགས་ཚད་ལ་སླེབས་པའམ། ཡང་ན་ཚད་ལས་བརྒལ་བའི་ས་ཁུལ་ལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆུ་གསར་སྣོན་ལ་ཞིབ་མཆན་འགོད་མཚམས་འཇོག་དགོས་ཤིང་། ཆུ་བླངས་པ་དང་སྤྱོད་པའི་སྡོམ་འབོར་ཚོད་འཛིན་དམིགས་ཚད་དང་ཉེ་བའི་ས་ཁུལ་ལ་ཆུ་གསར་སྣོན་གྱི་ཞིབ་མཆན་འགོད་པར་ཚོད་འཛིན་བྱེད་དགོས།

འཚོ་བའི་སྤྱོད་ཆུ་སོགས་དམངས་འཚོའི་འགན་ལེན་གྱི་སྤྱོད་ཆུ་ཕུད་ཆུའི་ཐོན་ཁུངས་ཀྱི་ཐེག་ཚད་ལས་བརྒལ་བའི་ས་ཁུལ་དུ་ཆུ་ལེན་ཁྲོལ་ཡིག་གསར་སྣོན་བྱས་མི་ཆོག ཆུའི་ཐོན་ཁུངས་ཚད་ཐིག་ལ་ཉེ་བའམ་དེ་ལས་བརྒལ་བའི་ས་ས་ཁུལ་དུ་ཆུ་ལེན་ཁྲོལ་ཡིག་གསར་སྣོན་བྱེད་པར་ཚོད་འཛིན་ནན་མོ་བྱེད་དགོས།

དོན་ཚན་སོ་གསུམ། ཆུ་ལེན་སྤྱོད་བྱེད་པར་རིམ་དབྱེ་ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་བྱ་དགོས། བྱེ་བྲག་གི་ཞིབ་མཆན་འགོད་པའི་དབང་མཚམས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་སོ་བཞི། ཁྲིམས་ལྟར་ཆུ་ལེན་ཁྲོལ་ཡིག་ཐོབ་པའི་སྡེ་ཚན་དང་མི་སྒེར་གྱིས་གཏན་འབེབས་ལྟར་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་འདང་ངེས་འཇལ་དགོས། བྱེ་བྲག་གི་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་བའི་ཚད་གཞི་དང་བྱེད་ཐབས་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་སོ་ལྔ། རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གསར་དུ་བསྐྲུན་པའི་ཆུ་ལེན་ལས་གྲྭ(ཁྲོན་པའང་ཚུད)ཡིན་ཕྱིན། ཆུ་འདོན་ཚད་དངོས་ལ་གཞིགས་ཏེ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་སྤྲོད་དགོས། ཆུ་ཤུགས་གློག་འདོན་གྱིས་གློག་འདོན་ཚད་ལྟར་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་སྤྲོད་དགོས།

རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱིས་གཏན་འབེབས་ལྟར་ཆུ་ལེན་ཁྲོལ་ཡིག་མི་དགོས་པའམ་ཡང་ན་རེ་འདུན་ཞུ་མི་དགོས་པའི་ཆུ་ལེན་རྣམ་གྲངས་ལ་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་བསྡུ་མི་དགོས། 

ཆུའི་ལས་གྲྭས་མཁོ་འདོན་བྱས་པའི་ཆུ་བེད་སྤྱོད་བྱེད་སྐབས་ཆུ་རིན་སྤྲོད་དགོས།

དོན་ཚན་སོ་དྲུག ཆུ་ལེན་སྡེ་ཚན་ནམ་མི་སྒེར་གྱིས་ངེས་པར་དུ་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཤམ་ལ་སྤྲད་པའི་ཆུ་ལེན་འཆར་གཞིའམ་ཡང་ན་བཅད་གྲངས་གཞིར་བཟུང་སྟེ་ཆུ་ལེན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་སྤྱོད་ཆུ་དང་ཆུ་ཤུགས་ལ་བརྟེན་ནས་གློག་འདོན་པ་ཕུད། འཆར་གཞི་ལས་བརྒལ་བའམ་ཡང་ན་བཅད་གྲངས་ལས་བརྒལ་ནས་ཆུ་ལེན་པའི་རིགས་ལ་གཤམ་གསལ་གྱི་བྱ་ཐབས་གཞིར་བཟུང་སྟེ་ཆུའི་ཐོན་ཁུངས་ཀྱི་འགྲོ་གྲོན་རིམ་བསགས་ནས་བསྡུ་དགོས།

གཅིག འཆར་གཞི་ལས་བརྒལ་བའམ་ཡང་ན་བཅད་གྲངས་ལས་བརྒལ་ནས་བརྒྱ་ཆ་སུམ་ཅུ་མ་ཟིན་པའི་ཁག་ལ་རིན་གོང་ལྡབ་གཅིག་སྤར་ནས་བསྡུ་དགོས།

གཉིས། འཆར་གཞི་ལས་བརྒལ་བའམ་ཡང་ན་བཅད་གྲངས་ཀྱི་བརྒྱ་ཆ་སུམ་ཅུ་ཡན་ལས་བརྒལ་ཞིང་། བརྒྱ་ཆའི་ལྔ་བཅུ་མ་ལོངས་པའི་ཁག་དེར་རིན་གོང་ལྡབ་གཉིས་སྤར་ནས་བསྡུ་དགོས།

གསུམ། འཆར་གཞི་ལས་བརྒལ་བའམ་ཡང་ན་བཅད་གྲངས་ཀྱི་བརྒྱ་ཆ་ལྔ་བཅུ་ཡན་ལས་བརྒལ་བའི་ཁག་ལ་རིན་གོང་ལྡབ་གསུམ་སྤར་ནས་བསྡུ་དགོས།

དོན་ཚན་སོ་བདུན། ཆོག་མཆན་ཐོབ་པའི་ཆུ་ལེན་སྡེ་ཚན་དང་མི་སྒེར་གྱིས་ཆུ་ལེན་ས་ནས་ཚད་འཇལ་དཔྱད་ཞིབ་གཏན་ཁེལ་བྱས་ནས་ཚད་དང་མཐུན་པའི་ཆུ་ལེན་ཚད་འཇལ་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས་ཤིང་། གཏན་འབེབས་ལྟར་དུས་བཀག་ཞིབ་བཤེར་བྱས་ཏེ་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པ་འགན་ལེན་བྱེད་དགོས།

ཆུ་ལེན་ཚད་དེ་ཆུ་ལེན་གཞི་ཁྱོན་ཡན་ཟིན་པའི་རང་སྐྱོང་ཁུལ་ཁོངས་ཀྱི་སྡེ་ཚན་གྱིས་ཚད་ལོན་གྱི་འཕྲུལ་ཐོག་ཚད་འཇལ་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། སྒྲིག་བཀོད་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་མ་ཟད། ཚད་འཇལ་གཞི་གྲངས་དེ་དོ་དམ་དབང་ཚད་ཡོད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་དོ་དམ་ལས་ཁུངས་སུ་བརྒྱུད་གཏོང་བྱེད་དགོས།

སྡེ་ཚན་དང་མི་སྒེར་སུ་ཞིག་གིས་ཀྱང་ཆུ་ལེན་ཚད་འཇལ་སྒྲིག་བཀོད་དང་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་དང་། རང་མཚམས་ཀྱིས་བཤིག་པ་སོགས་བྱས་མི་ཆོག ཆུ་ལེན་རྩིས་རྒྱག་སྒྲིག་བཀོད་དང་ལྟ་སྐུལ་ཚོད་འཛིན་སྒྲིག་བཀོད་རྒྱུན་ལྡན་འཁོར་སྐྱོད་བྱེད་པར་འགོག་རྐྱེན་བཟོས་མི་ཆོག

དོན་ཚན་སོ་བརྒྱད། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆུའི་ཐོན་ཁུངས་གསར་སྤེལ་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོང་སོགས་ཀྱི་གནས་ཚུལ་དང་དེ་བཞིན་སྲིད་འཛིན་ཆོག་འཐུས་དོན་ཚན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཆུའི་ཐོན་ཁུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཤེས་པ་དང་ཐག་གཅོད་བྱེད་དགོས།

དོན་ཚན་སོ་དགུ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱས་ནས་ཆུ་དོན་ཐད་ཀྱི་རྩོད་གཞི་བྱུང་ཚེ། གྲོས་མོལ་གྱིས་ཐག་གཅོད་བྱེད་དགོས་པ་དང་། དོ་བདག་གིས་གྲོས་མོལ་བྱེད་འདོད་མེད་པའམ་གྲོས་མོལ་བྱས་ཀྱང་ཐག་མ་ཆོད་ན། ཁུལ་དང་རྫོང་མི་དམངས་སྲིད་གཞུང་ངམ་དེས་དབང་སྤྲད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་འདུམ་འགྲིག་རེ་ཞུ་བྱས་ཆོག་ལ། ཐད་ཀར་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་ཀྱང་ཆོག ཁུལ་དང་རྫོང་མི་དམངས་སྲིད་གཞུང་ངམ་དེས་དབང་ཆ་སྤྲད་པའི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་འདུམ་འགྲིག་བྱེད་མ་ཐུབ་ཚེ། དོ་བདག་གིས་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་ཆོག

ཆུ་དོན་རྩོད་གཞི་ཐག་གཅོད་མ་བྱས་གོང་ལ་ཕྱོགས་གང་གིས་ཀྱང་ཆུའི་གནས་ཚུལ་བསྒྱུར་མི་ཆོག ཆུ་དོན་རྩོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ཁུལ་དང་རྫོང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གནས་སྐབས་ཐག་གཅོད་བྱེད་ཐབས་སྤྱད་ཆོག་ལ། དོ་བདག་གིས་བཀག་འགོག་བྱས་མི་ཆོག

དོན་ཚན་བཞི་བཅུ། སྲོལ་ཡིག་འདི་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་དོ་དམ་དང་གསར་སྤེལ་བེད་སྤྱོད་འབྲེལ་བ་ཡོད་པའི་དོན་ཚན་དག《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》གི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་འགན་འཁྲི།

དོན་ཚན་ཞེ་གཅིག ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྲིད་འཛིན་དོ་དམ་སྡེ་ཚན་དང་། དེའི་ལས་བྱེད་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་གྲས་ཤིག་ཡོད་ཚེ་ཁྲིམས་ལྟར་ཆད་པ་གཅོད་དགོས།

གཅིག འགན་དབང་ལ་བརྟེན་ནས་དོ་བདག་གི་རྒྱུ་དངོས་དང་ཕན་ཆ་གཞན་དག་སློང་བའམ་ལེན་པ།

གཉིས། ཁྲིམས་བཅད་ཆ་རྐྱེན་དང་མི་མཐུན་པའི་སྡེ་ཚན་ནམ་ཡང་ན་མི་སྒེར་ལ་ཆུ་ལེན་ཁྲོལ་ཡིག་དཔྱད་སྤྲོད་བྱས་ཏེ། ཞིབ་བཤེར་མོས་མཐུན་གྱི་བསམ་འཆར་ལ་མིང་རྟགས་བཀོད་པའམ་ཡང་ན་གཏན་འབེབས་ཀྱི་གོ་རིམ་ལྟར་ཞིབ་མཆན་མ་བཀོད་པ།

གསུམ། ལས་གནས་ཀྱི་འགན་འཁྲི་མི་སྒྲུབ་པ་དང་། བསམ་བཞིན་དུ་དོ་བདག་ལ་དཀའ་ལས་བཟོ་བ།

བཞི། ཆུ་བགོའི་ཇུས་གཞི་ལྟར་ཆུ་འབོར་བགོ་བཤའ་མི་རྒྱག་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་མི་བསྡུ་བ།

ལྔ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ལྟ་སྐུལ་བྱེད་པའི་འགན་འཁྲི་ཁྲིམས་ལྟར་མི་སྒྲུབ་པའམ་ཡང་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་ཀྱང་རྩད་གཅོད་མ་བྱས་པས་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས།

དོན་ཚན་ཞེ་གཉིས། སྲོལ་ཡིག་འདིའི་གཏན་འབེབས་ལ་འགལ་ཏེ་འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ་དུ་བཙོག་འབུད་མདོ་ཁ་བཟོས་པའི་རིགས་ལ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་བཤིག་ཏུ་འཇུག་རྒྱུ་དང་འབྲེལ་སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་དགོས། དུས་ལས་ཡོལ་ཡང་མ་བཤིག་ན། བཙན་ཐབས་ཀྱིས་བཤིག་ཏུ་འཇུག་རྒྱུ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་མཁན་གྱིས་འགན་འཁུར་དགོས་ཤིང་། སྒོར་ཁྲི་ལྔ་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་ཆོག

ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱི་མོས་མཐུན་མ་ཐོབ་པར་ཆུ་བོ་དང་མཚེའུ་རུ་བཙོག་འབུད་མདོ་ཁ་གསར་དུ་འཛུགས་པ་དང་སྒྱུར་བཀོད། རྒྱ་སྐྱེད་བཅས་བྱེད་པའི་རིགས་ལ་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱིས་འགན་དབང་ལ་གཞིགས་ཏེ། དུས་བཀག་ནང་བཤིག་ཏུ་འཇུག་རྒྱུ་དང་སྒོར་ཁྲི་གཉིས་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་དགོས། དུས་ལས་ཡོལ་ཡང་མ་བཤིག་ན། བཙན་ཐབས་ཀྱིས་བཤིག་ཏུ་འཇུག་རྒྱུ་དང་། འགྲོ་གྲོན་ཡོད་ཚད་ཁྲིམས་འགལ་པ་རང་གིས་འགན་འཁུར་དགོས་ཤིང་། སྒོར་ཁྲི་བཅུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཐོན་སྐྱེད་བྱེད་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་ཆོག

དོན་ཚན་ཞེ་གསུམ། ཆུའི་ཐོན་ཁུངས་ཀྱི་གྲོན་དངུལ་འཇལ་སྤྲོད་མི་བྱེད་པ་དང་། ནར་འགྱངས་བྱེད་པའམ་དུས་འགྱངས་ཆད་ལུས་བྱེད་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་འབབ་རྒྱུད་དོ་དམ་ལས་ཁུངས་ཀྱིས་འགན་དབང་ལ་གཞིགས་ཏེ། དུས་བཀག་ནང་འཇལ་སྤྲོད་བྱེད་དུ་འཇུག་དགོས་ཏེ། དུས་བཀག་ནང་འཇལ་སྤྲོད་མ་བྱས་ཚེ། འཇལ་འགྱངས་བྱས་ཉིན་ནས་བཟུང་འཇལ་འགྱངས་དངུལ་ཆད་ཆ་ཤས་ཀྱི་སྟོང་ཆ་གཉིས་འཕར་བསྡུ་བྱ་རྒྱུ་དང་། ཆུའི་ཐོན་ཁུངས་གྲོན་དངུལ་སྤྲོད་དགོས་པའམ་ཡང་ན་གསབ་སྤྲོད་བྱེད་དགོས་པའི་གྲོན་དངུལ་གྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་ཆད་པ་གཅོད་དགོས།

དོན་ཚན་ཞེ་བཞི། དྲག་ཤུགས་དང་འཇིགས་སྐུལ་སོགས་ཀྱི་ཐབས་ལ་བརྟེན་ནས་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་། འབྲེལ་ཡོད་གཙོ་འགན་སྡེ་ཚན་གཞན་དག་གི་ལས་བྱེད་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་རིགས་ལ། བདེ་སྐྱོང་དོ་དམ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་ཆད་གཅོད་དགོས་ཤིང་། ཉེས་ཚད་ལོན་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།

དོན་ཚན་ཞེ་ལྔ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་ཡོད་པའི་རིགས་ནི་གཏན་འབེབས་དེ་དང་བསྟུན་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་དྲུག  སྲོལ་ཡིག་འདིའི་ནང་འཁོད་པའི་ཆུའི་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་། འཐུང་ཆུའི་ཆུ་མགོ་སྲུང་སྐྱོབ་ཁུལ། ཆུ་བོ། མཚེའུ། ཆུ་མཛོད། ཆུ་མིག ཁྲོན་པའི་ཁ། ཆུ་ཡུར་བཅས་དང་དེ་མིན་འབྲེལ་ཡོད་ཆུའི་ལས་གྲྭའི་སྒྲིག་བཀོད་སོགས་ཀྱི་བྱེ་བྲག་གི་སྲུང་སྐྱོང་དང་དོ་དམ་བྱེད་ཁོངས་ནི་རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།

དོན་ཚན་ཞེ་བདུན། སྲོལ་ཡིག་འདི2005ལོའི་ཟླ12ཚེས1ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན།


སྐབས་སྔོན་མ། མེད།
སྐབས་རྗེས་མ། མེད།
མཉམ་སྤྱོད།