དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-09-22 14:39:34   |   168

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།


རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར། 

《མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས58པ་བརྒྱུད་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པས་བརྩི་སྲུང་ལག་བསྟར་བྱེད་རོགས། 


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས། 

2025ལོའི་ཟླ2ཚེས24ཉིན། 

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)


མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས།

 

ལེའུ་དང་པོ། སྤྱིའི་དོན་ཚན། 

དོན་ཚན་དང་པོ། ཕྱོགས་ཡོངས་ནས་ཚད་ལྡན་ཁ་གསལ་དང་ཚད་མཐུན་ཡང་དག ཚོད་འཛིན་ནུས་ལྡན་བཅས་ཀྱི་སྔོན་རྩིས་ལམ་ལུགས་འཛུགས་པ་དང་། ཁུལ་རིམ་པའི་ནོར་སྲིད་གཏོང་ཡོང་གི་སྔོན་རྩིས་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ། སྔོན་རྩིས་ཀྱི་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ལས་རྗེས་དོ་དམ་སྲོལ་ཡིག》བཅས་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། བྱ་ཐབས་འདི་གཏན་འབེབས་བྱས།

དོན་ཚན་གཉིས་པ། བྱ་ཐབས་འདི་མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱེད་རྒྱུར་སྤྱད་འཐུས་པ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། རྒྱལ་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས། སྤྱི་ཚོགས་གུན་སྐྱོབ་ཐེབས་རྩའི་སྔོན་རྩིས་བཅས་ཚུད་ཡོད། ཁུལ་རིམ་པའི་སྔོན་རྩིས་ནི་རིམ་པ་དེ་གའི་སྡེ་ཁག་གི་སྔོན་རྩིས་དང་ནོར་སྲིད་ཀྱི་ཚབ་སྒྲིག་སྔོན་རྩིས་ལས་གྲུབ་པ་ཞིག་ཡིན། སྡེ་ཁག་སོ་སོའི་སྔོན་རྩིས་ནི་སྡེ་ཁག་དེ་ག་དང་དེའི་ཁོངས་གཏོགས་སྡེ་ཁག་སོ་སོའི་སྔོན་རྩིས་ལས་གྲུབ་པ་ཡིན། 

ཁུལ་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། རྒྱལ་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས། སྤྱི་ཚོགས་གུན་སྐྱོབ་ཐེབས་རྩའི་སྔོན་རྩིས་བཅས་ཆ་ཚང་དང་རང་ཚུགས་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་། གཞུང་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས། སྤྱི་ཚོགས་གུན་སྐྱོབ་ཐེབས་རྩའི་སྔོན་རྩིས་བཅས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་ཕན་ཚུན་འབྲེལ་མཐུད་བྱ་དགོས། 

དོན་ཚན་གསུམ་པ། ཁུལ་རིམ་པའི་སྔོན་རྩིས་དོ་དམ་ནང་བཅུག་པའི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། བྱ་གཞག་ཚན་པ་སོགས(གཤམ་དུ་ཁུལ་རིམ་པའི་སྔོན་རྩིས་ཚན་པ་ཞེས་བསྡུ་རྒྱུ)ཀྱིས་བྱ་ཐབས་འདི་བརྩི་སྲུང་དང་ལག་བསྟར་བྱེད་དགོས། 

དོན་ཚན་བཞི་པ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་དོ་དམ་ལས་དོན་ལ་ཞིབ་ཕྲའི་འགན་འཁུར་དགོས་པ་དང་། ཁུལ་རིམ་པའི་སྔོན་རྩིས་ཚན་པས་རང་ཚན་པའི་སྔོན་རྩིས་དོ་དམ་ལས་དོན་ལ་འགན་འཁུར་དགོས། 

ལེའུ་གཉིས་པ། སྔོན་རྩིས་བཟོ་འགོད་བྱེད་ཕྱོགས་སྐོར། 

དོན་ཚན་ལྔ་པ། ཁུལ་རིམ་པའི་སྔོན་རྩིས་ནང“ཡོང་འབབ་ལ་གཞིགས་ནས་འགྲོ་སོང་གཏོང་བ་དང་། གཅིག་གྱུར་འཆར་འགོད། ཕྱོགས་ཡོངས་ལ་ལྟ་རྟོག ཧུར་བརྩོན་གྲོན་ཆུང་། ལས་རྗེས་ལ་དོ་སྣང་བྱེད་པ། གཏོང་ཡོང་དོ་སྙོམས”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། 

སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་མཉམ་རྐྱེན་སྲོལ་འཛུགས་པར་བརྟེན་ནས། སྔོན་རྩིས་གཏོང་ཡོང་དོ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས། 

སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ནི་ཐེབས་རྩའི་རྣམ་གྲངས་ལྟར་སྒྲིག་བཟོ་བྱས་ཏེ་ཡོང་སྒོ་ལྟར་གཏོང་སྒོ་གཏན་འཁེལ་བྱེད་དགོས། 

རྒྱལ་དབང་མ་རྩའི་གཉེར་སྐྱོང་སྔོན་རྩིས་ནི་གཏོང་ཡོང་དོ་མཉམ་གྱི་རྩ་དོན་ལྟར་བཟོ་འགོད་བྱ་རྒྱུ་ལས། ཆད་གྲངས་མཚལ་ཡིག་འགོད་པ་དང་མ་དངུལ་བཀོད་སྒྲིག་བྱས་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་དུ་སྤོ་འཇུག་བྱ་རྒྱུ་མིན། 

སྤྱི་ཚོགས་ཀྱི་གུན་སྐྱོབ་ཐེབས་རྩའི་སྔོན་རྩིས་ནི་གོང་རིམ་གྱི་གཏན་འབེབས་ལྟར་བཟོ་འགོད་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་གུན་སྐྱོབ་གཏོང་ཡོང་ལ་ཆེད་དུ་སྤྱད་དེ་གཏོང་ཡོང་དོ་མཉམ་ཡོང་བ་བྱེད་དགོས། 

ཁུལ་རིམ་པའི་ཡོང་སྒོའི་སྔོན་རྩིས་བཟོ་འགོད་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པ་དང་། ནོར་སྲིད་སྲིད་ཇུས་དང་འབྲེལ་མཐུད་བྱེད་དགོས། སྲིད་གཞུང་གི་ཡོང་སྒོ་ཡོད་ཚད་ལ་གཅིག་གྱུར་གྱིས་བཟོ་འགོད་དང་གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་། སྲིད་གཞུང་གི་བུ་ལོན་གཏན་འབེབས་ལྟར་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་འཇུག་དགོས། ཡོང་སྒོ་བསྡུ་ལེན་དོ་དམ་སྡེ་ཁག་གིས་ལོ་རིམ་བྱུང་གི་རྩ་འཛུགས་ཡོང་སྒོའི་གནས་ཚུལ་དང་སྔོན་རྩིས་ལོ་འཁོར་གྱི་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིག་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། ཡོང་སྒོ་སྣ་ཚོགས་ལ་ཞིབ་རྩིས་ནན་ཏན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཡོང་སྒོའི་སྔོན་རྩིས་བཟོ་འགོད་བྱ་དགོས། 

ཁུལ་རིམ་པའི་གཏོང་སྒོའི་སྔོན་རྩིས་བཟོ་སྐབས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། གཙོ་གནད་འགན་ལེན། གྲོན་ཆུང་ནན་ཏན། དྲང་གཞག་ནུས་ཆེ་བཅས་བྱས་ཏེ་སྲིད་གཞུང་གི་གཏོང་སྒོ་ཚང་མ་གཞི་རྩའི་དམངས་འཚོ་འགན་ལེན་དང་གླ་ཕོགས་འགན་ལེན། འཁོར་སྐྱོད་འགན་ལེན། བུ་ལོན་གྱི་མ་སྐྱེད་འཇལ་སྤྲོད། ཀྲུང་དབྱང་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན། བཀོད་སྒྲིག་བྱེད་དགོས་པའི་རྣམ་གྲངས་གཞན་དག་བཅས་ལ་སྔ་རྗེས་ཀྱི་གོ་རིམ་ལྟར་བཀོད་སྒྲིག་བྱེད་དགོས་པ་མ་ཟད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། རྒྱལ་དབང་མ་རྩ་གཉེར་སྐྱོང་སྔོན་རྩིས་བཅས་ཀྱི་འགན་ལེན་ལ་གཞིགས་ནས་གཙོ་གནད་ཐོག་གཅིག་གྱུར་བཀོད་སྒྲིག་བྱེད་དགོས།

ཁུལ་རིམ་པའི་སྔོན་རྩིས་ཚན་པས་དབང་བརྒལ་གྱིས་ནོར་སྲིད་ཡོང་འབབ་ཉུང་དུ་གཏོང་བ་དང་ནོར་སྲིད་གཏོང་སྒོ་འཕར་སྣོན་གཏོང་བའི་སྲིད་ཇུས་གཏན་འབེབས་བྱེད་མི་ཆོག རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་པ་ཕུད། སྔོན་རྩིས་ཀྱི་གཏོང་སྒོ་དེ་ནོར་སྲིད་ཀྱི་གཏོང་ཡོང་འཕར་ཚད་དང་། ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར། གཏོང་སྒོའི་བསྡུར་ཚད་སོགས་དང་ཟུང་འབྲེལ་བྱེད་པའི་གཏན་འབེབས་བྱེད་མི་ཆོག

དོན་ཚན་དྲུག་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པའི་གཏོང་ཡོང་ཚང་མ་སྡེ་ཁག་གི་སྔོན་རྩིས་དོ་དམ་ནང་བཅུག་ནས་སྔོན་རྩིས་ཚན་པའི་གཏོང་ཡོང་གི་རྣམ་པ་ཆ་ཚང་ཕྱོགས་ཡོངས་ནས་མཚོན་དགོས། 

ཁུལ་རིམ་པའི་སྔོན་རྩིས་ཚན་པས་ནོར་སྲིད་ཀྱི་གཏོང་དངུལ་ཡོང་འབབ་དང་རང་ཡོད་ཡོང་འབབ་ཚང་མ་སྡེ་ཁག་གི་སྔོན་རྩིས་དོ་དམ་ནང་འཇུག་དགོས། རང་ཡོད་ཡོང་འབབ་ནང་བྱ་གཞག་ཡོང་འབབ་དང་བྱ་གཞག་ཚན་པའི་གཉེར་སྐྱོང་ཡོང་འབབ། རིམ་པ་དེ་གའི་འཕྲེད་ཕྱོགས་ནོར་སྲིད་ཀྱི་དངུལ་གཏོང་ཡོང་འབབ། རིམ་པ་དེ་གའི་ནོར་སྲིད་ཀྱི་དངུལ་གཏོང་མ་ཡིན་པའི་ཡོང་འབབ། ཆེད་སྤྱོད་རྩིས་ཁྲའི་ཞིབ་བཤེར་གཏོང་སྤྲོད་བྱས་པའི་ཁྲལ་མིན་ཡོང་འབབ། ཞོར་གཏོགས་ཚན་པའི་གོང་འབུལ་ཡོང་འབབ། གོང་རིམ་གྱི་ཁ་གསབ་ཡོང་འབབ། ཡོང་འབབ་གཞན་དག་སོགས་ཚུད་ཡོད། 

དོན་ཚན་བདུན་པ། ལོ་མགོར་ཐད་ཀར་སྡེ་ཁག་གི་སྔོན་རྩིས་ནང་འགོད་ཐབས་མེད་ན། ནོར་སྲིད་ཀྱི་ཚབ་སྒྲིག་སྔོན་རྩིས་ལ་བརྩིས་ནས་དོ་དམ་བྱ་རྒྱུ། གཙོ་བོ་གཤམ་གསལ་ཁག་ཚུད་ཡོད་པ་སྟེ། 

(གཅིག)མ་དངུལ་བེད་སྤྱོད་ཁ་ཕྱོགས་དང་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་མོད། འོན་ཀྱང་ཞིབ་ཕྲའི་རྣམ་གྲངས་དང་ལག་བསྟར་ཚན་པའི་རྣམ་གྲངས་མ་དངུལ་གནས་སྐབས་གཏན་འཁེལ་བྱས་མེད་པ་སྟེ། དེའི་ནང་ནོར་སྲིད་ཀྱིས་ཐོན་ལས་གསུམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་སྤྱོད་མ་དངུལ། གཞི་རྩའི་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་ཉམས་གསོ་སྒྱུར་བཀོད་མ་དངུལ། བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགྲོ་གྲོན། ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་ཞིབ་འཇུག་དང་དེ་བཞིན་ཞིབ་བཤེར་དང་ལེན་བྱེད་པའི་ཆེད་དོན་གྲོན་དངུལ། འཆར་འགོད་སྒྲིག་བཟོའམ་རྣམ་གྲངས་དུས་མགོའི་གྲོན་དངུལ། འཕྲལ་སྡོམ་གནོད་སྐྱོབ་ཆེད་སྤྱོད་མ་དངུལ། སྲིད་གཞུང་གི་ཉོ་སྒྲུབ་ཆེད་སྤྱོད་མ་དངུལ། བྱེད་སྒོའི་ཆེད་དམིགས་འགྲོ་གྲོན་སོགས་ཚུད་ཡོད།     

(གཉིས)མ་དངུལ་སྤྱོད་པའི་ཁ་ཕྱོགས་དང་ཁྱབ་ཁོངས། གཏོང་སྒོའི་ནང་དོན་བཅས་ཁ་གསལ་བྱས་ཡོད་མོད། གྲངས་འབོར་དང་ཚད་གཞི་དེ་དོན་དངོས་གཞིར་བཟུང་ནས་གཤམ་སྤྲོད་བྱེད་པའི་རྣམ་གྲངས་མ་དངུལ་ཏེ། དེའི་ནང་སྔོན་ཉར་མི་སྣའི་འགྲོ་གྲོན(གཅིག་གྱུར་གྱི་མ་རྩ་འཕར་སྣོན་གྱི་ལེ་ལག་ཚང་བ་དང་། གོ་གནས་རེ་ཟུང་རིམ་སྤོར། མི་སྣ་གསར་སྣོན་གྱི་ཐོབ་ཆ་དོན་འཁྱོལ་བཅས་ཚུད་ཡོད)དང་། དམངས་འཚོ་སྲིད་ཇུས་ཀྱི་ལེ་ལག་གམ་ཁ་གསབ(སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འགན་སྲུང་བྱེད་པ་སོགས་ཚུད་ཡོད)།    ལས་བྱེད་པ་གསོ་སྦྱོང་དང་། ཐུགས་ཁུར་དང་གཅེས་སྐྱོང་།    ཚོགས་འདུ།    གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བ། འཚམས་འདྲི།    དཔྱད་ཞིབ་བྱ་དགའ་སྤྲོད་པ།    མི་དོན་རྒྱུགས་ལེན་སོགས་ཀྱི་འགྲོ་གྲོན་དང་།    དེ་བཞིན་གཞན་པའི་ཞིབ་དཔྱད(ཞིབ་བཤེར་དཔྱད་འབེབས)ཀྱིས་གཤམ་སྤྲོད་བྱེད་དགོས་པའི་ཁེར་རྐྱང་རྣམ་གྲངས་ཞིབ་ཕྲ་བཅས་ཚུད་ཡོད།     

དོན་ཚན་བརྒྱད་པ། ཁུལ་དང་རྫོང་གི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་གནས་ཚུལ་ལ་གཞིགས་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁུལ་རིམ་པའི་ལེ་ལག་ཚང་བའི་མ་དངུལ་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་གཏན་འབེབས་གཞིར་བཟུང་རྫོང་རིམ་པར་གཤམ་སྤྲོད་བྱེད་དགོས། 

དོན་ཚན་དགུ་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་གཏོང་སྒོ་ཚང་མ་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ་གཉིས་སུ་དབྱེ་དགོས་པ་མ་ཟད། སྡེ་ཁག་གི་སྔོན་རྩིས་དོ་དམ་ནང་འཇུག་དགོས། 

(གཅིག)ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་རྗེས་མའི་སྔོན་རྩིས་བཟོ་འགོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་ཀྱི་སྲིད་ཇུས་དང་བཟོ་འགོད་ཀྱི་ནང་དོན། བཟོ་འགོད་ཀྱི་བླང་བྱ་སོགས་གཏན་འཁེལ་བྱས་ཏེ། ཁུལ་རིམ་པའི་སྔོན་རྩིས་ཚན་པར་བཟོ་འགོད་ཀྱི་ལས་དོན་བཀོད་སྒྲིག་ཕུལ་ནས་སྔོན་རྩིས་གཏོང་ཡོང་གི་གྲོས་གཞིའི་གྲངས་འབོར་འདོན་དགོས་པ་མ་ཟད། སྡེ་ཁག་གི་སྔོན་རྩིས་ཕྱོགས་སྡོམ་བྱས་རྗེས་ཁུལ་དེ་གའི་ནོར་སྲིད་སྔོན་རྩིས་འཆར་ཟིན་བཟོ་དགོས། 

(གཉིས)ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་། “ཐིག་རྨང”སྔོན་རྩིས་དང་ཕྱོགས་བསྡུས་སྔོན་རྩིས་ཀྱི་རྩ་དོན་ལ་གཞིགས་ནས། ཚན་པ་དེ་གའི་སྔོན་རྩིས་འཆར་ཟིན་བཟོ་འགོད་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། གཙོ་གཉེར་སྡེ་ཁག་གིས་ཕྱོགས་བསྡོམས་བྱེད་དགོས། 

(གསུམ)སྡེ་ཁག་གིས་སྔོན་རྩིས་འཆར་ཟིན་ཕྱོགས་བསྡུས་བྱས་ནས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་ཞིབ་བཤེར་བྱེད་རྒྱུར་མ་ཕུལ་གོང་། ཚན་པ་དེ་གའི་ཏང་ཙུའུ(ཏང་ཨུ)ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས། 

(བཞི)ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་ལོ་གོང་མའི་ངེས་རྩིས་གནས་ཚུལ་ལ་གཞིགས་ནས། སྡེ་ཁག་གི་སྔོན་རྩིས་གཏན་འབེབས་དང་བཅད་གྲངས་ཚད་གཞི་དུས་ཐོག་ཏུ་བཟོ་བའམ་ལེགས་སྒྲིག་བྱེད་དགོས། 

(ལྔ)ཁུལ་རིམ་པའི་སྔོན་རྩིས་ཚན་པས་རྒྱལ་དབང་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། རྒྱུ་ནོར་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རྒྱལ་དབང་རྒྱུ་ནོར་ཐག་གཅོད་བྱ་རྒྱུ་དང་འབྲེལ་བ་ཡོད་རིགས་གཏན་འབེབས་དབང་མཚམས་ལྟར་རྒྱུ་ནོར་ཐག་གཅོད་ཀྱི་འགྲོ་ལུགས་བརྒྱུད་དགོས་པ་དང་། ཆོག་མཆན་མ་ཐོབ་པར་རྒྱལ་དབང་རྒྱུ་ནོར་རང་དགར་ཐག་གཅོད་བྱེད་མི་ཆོག ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་རྒྱུ་ནོར་གསོག་ཚད་དང་བཀོད་སྒྲིག་ཚད་གཞི་དེ་སྔོན་རྩིས་ཞིབ་བཤེར་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས། གསར་སྣོན་རྒྱུ་ནོར་གྱི་སྔོན་རྩིས་ཞིབ་བཤེར་ནན་པོ་བྱེད་དགོས། 

(དྲུག)རིམ་པའི་སྔོན་རྩིས་མ་དངུལ་བཀོད་སྒྲིག་བྱས་པའི་སྡེ་ཁག་གི་སྔོན་རྩིས་རྣམ་གྲངས་ཀྱི་གཏོང་སྒོ་དང་དེ་བཞིན་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་ལམ་ཡང་ན་སྲིད་གཞུང་གི་བུན་འཛིན་མ་དངུལ་བརྩོན་ལེན་བྱས་ནས་ཐག་གཅོད་བྱེད་དགོས་པའི་རྣམ་གྲངས་ཀྱི་གཏོང་སྒོ་ཚང་མར་རྣམ་གྲངས་མཛོད་ཀྱི་དོ་དམ་བྱེད་དགོས། ནོར་སྲིད་རྣམ་གྲངས་མཛོད་དུ་མ་བཅུག་པའི་རྣམ་གྲངས་ཀྱི་གཏོང་སྒོ་ལ་སྔོན་རྩིས་བཀོད་སྒྲིག་མི་བྱེད། 

ཁུལ་རིམ་པའི་སྔོན་རྩིས་ཚན་པས་རྒྱུན་གཏན་གྱི་ལས་ཀའི་ནང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་སྲིད་ཇུས་དམིགས་ཚད། དེ་བཞིན་ཚན་པ་དེ་གའི་ལས་ཀའི་འགན་འཁྲི་སོགས་ལ་གཞིགས་ནས། རྣམ་གྲངས་ཞིབ་དཔྱད་དང་རིགས་པས་ཁུངས་སྐྱེལ་སོགས་ཀྱི་དུས་མགོའི་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབས་ཏེ།  ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་རྣམ་གྲངས་མཛོད་འཇུག་གི་རེ་ཞུ་དུས་ཐོག་ཏུ་འབུལ་དགོས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལས་རྗེས་གདེང་འཇོག་བྱས་འབྲས་སྤྱོད་པ་དང་ལས་དོན་མ་བསྒྲུབས་གོང་གི་ལས་རྗེས་དཔྱད་དཔོག་སོགས་ཀྱི་ཐབས་ལམ་བརྒྱུད་རྣམ་གྲངས་མཛོད་འཇུག་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། རྣམ་གྲངས་མཛོད་སྔོན་རྩིས་བཀོད་སྒྲིག་དང་ལེགས་སྒྲིག་གི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། 

(བདུན)ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་མ་འཚོགས་གོང་གི་ཉིན་སུམ་ཅུའི་གོང་དུ་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་ཐོག་མའི་ཇུས་གཞི་དེ་ཁུལ་དམངས་ཆེན་ནོར་དཔལ་ཨུ་ཡོན་ལྷན་ཁང་ལ་ཐོག་མའི་ཞིབ་བཤེར་བྱ་རྒྱུར་འབུལ་དགོས། 

(བརྒྱད)ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་དེ་ཁུལ་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་ཁུལ་ཨུ་ལ་ཕུལ་ཏེ་ཞིབ་འཇུག་བྱས་ནས་མོས་མཐུན་ཐོབ་རྗེས། ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུར་འབུལ་རྒྱུ་དང་། ཞིབ་ཕྲའི་ལས་དོན་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་བསྒྲུབ་དགོས། 

ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་འཆར་ཟིན་དེ་ལོ་དེའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལ་གཏན་འཁེལ་བྱས་པ་ཡིན། 

དོན་ཚན་བཅུ་པ། ཁུལ་རིམ་པའི་ལོ་འཁོར་གྱི་སྔོན་རྩིས་འཆར་ཟིན་དེ་ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་རྗེས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་དང་འབྲེལ་ཁུལ་རིམ་པའི་སྡེ་ཁག་སོ་སོར་སྡེ་ཁག་གི་སྔོན་རྩིས་ལ་མཆན་འགོད་བཀའ་ལན་སྤྲོད་དགོས། སྡེ་ཁག་སོ་སོར་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་མཆན་འགོད་བཀའ་ལན་གནང་བའི་སྡེ་ཁག་གི་སྔོན་རྩིས་འབྱོར་རྗེས། ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཉིན་བཅོ་ལྔའི་ནང་ཚུན་དུ་ཁོངས་གཏོགས་ཚན་པ་སོ་སོར་སྔོན་རྩིས་ལ་མཆན་འགོད་བཀའ་ལན་གནང་བ་དང་། མཆན་བཀོད་བཀའ་ལན་གྱི་ཡིག་ཆ་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་སྙན་ཐོ་འབུལ་དགོས། ཁོངས་གཏོགས་ཚན་པའི་སྔོན་རྩིས་ལ་མཆན་འགོད་བཀའ་ལན་ཐོབ་རྗེས། ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་བྱེད་དགོས། 

དོན་ཚན་བཅུ་གཅིག་པ། ཁུལ་རིམ་པའི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་ཁུལ་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་གྲངས་ཀྱི1%ནས3%བར་གྲ་སྒྲིག་གྲོན་དངུལ་བཀོད་སྒྲིག་བྱས་ནས། ལོ་དེའི་སྔོན་རྩིས་ལག་བསྟར་བྱེད་རིང་རང་བྱུང་གནོད་འཚེ་སོགས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་གཏོང་སྒོ་མང་དུ་གཏོང་བ་དང་སྔོན་དཔག་དཀའ་བའི་གཏོང་སྒོ་གཞན་དག་ལ་སྤྱོད་དགོས། 

ལེའུ་གསུམ་པ། སྔོན་རྩིས་ལག་བསྟར་བྱེད་ཚུལ། 

དོན་ཚན་བཅུ་གཉིས་པ། ཁུལ་རིམ་པའི་སྔོན་རྩིས་དེ་ཁུལ་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དང་། ཞིབ་ཕྲའི་ལས་དོན་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་འགན་འཁུར་རྒྱུ། 

ཁུལ་རིམ་པའི་སྔོན་རྩིས་ཚན་པ་ནི་ཚན་པ་དེ་གའི་སྔོན་རྩིས་ལག་བསྟར་བྱེད་པོ་ཡིན་པས་ཚན་པ་དེ་གའི་སྔོན་རྩིས་ལག་བསྟར་བྱེད་འགན་འཁུར་རྒྱུ་དང་། ཚན་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་འབྲས་ལ་འགན་འཁུར་དགོས་ལ། སྡེ་ཁག་སོ་སོས་ཁོངས་གཏོགས་ཚན་པ་སོ་སོའི་སྔོན་རྩིས་ལག་བསྟར་བྱས་འབྲས་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་དགོས། 

དོན་ཚན་བཅུ་གསུམ་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་ངེས་པར་དུ་ནོར་སྲིད་དོ་དམ་སྒྲིག་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་རྫོང་རིམ་པའི་སྲིད་གཞུང་དང་དེའི་སྡེ་ཁག་གི་གཅིག་སྡུད་ཡོང་འབབ་ནང་ནས་ཆ་བགོས་འཐེན་མི་ཆོག་པ་དང་། རྫོང་རིམ་པའི་སྲིད་གཞུང་དང་དེའི་སྡེ་ཁག་ལ་འབྲེལ་ཡོད་སྔོན་རྩིས་གཏོང་སྒོ་ཆ་ཚང་ཐག་གཅོད་བྱེད་དགོས་པའི་བླང་བྱ་རང་དགར་འདོན་མི་ཆོག

དོན་ཚན་བཅུ་བཞི་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། འཇལ་དགོས་ངེས་ཀྱི་སྔོན་རྩིས་ཡོང་འབབ་དུས་ཐོག་དང་འདང་ངེས་བསྡུ་ལེན་བྱེད་དགོས་པ་མ་ཟད། གཏན་འབེབས་བྱས་པའི་སྔོན་རྩིས་ཀྱི་ཚན་པ་དང་རིམ་པ། གོང་འབུལ་བྱེད་སྟངས། དུས་བཀག་བཅས་གཞིར་བཟུང་རྒྱལ་མཛོད་དང་ཁྲལ་འབབ་མིན་པའི་རྩིས་ཁྲར་འབུལ་དགོས་པ་ལས་གཏན་འབེབས་ལས་འགལ་ནས་སྔོན་རྩིས་ཡོང་འབབ་རང་དགར་ཆག་ཡང་དང་རྩ་ཆག་གཏོང་བའམ་ཡང་ན་བསྡུ་འགྱངས་བྱེད་མི་ཆོག་པ་དང་། སྔོན་རྩིས་ཡོང་འབབ་ཐད་གཏོང་དང་བཀག་ཉར། གཞན་སྤྱོད་བཅས་བྱེད་མི་ཆོག་ལ། བར་བརྒལ་རྩིས་ཐོ་རང་དགར་འཛུགས་མི་ཆོག

དོན་ཚན་བཅོ་ལྔ་པ། སྔོན་རྩིས་ལོ་འཁོར་མགོ་བརྩམས་རྗེས་ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁུལ་རིམ་པའི་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་མ་སྤྲད་གོང་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལོ་འཁོར་གོང་མའི་རྩིས་སྒྱུར་གཏོང་སྒོ་དང་། རྫོང་རིམ་པའི་སྲིད་གཞུང་གི་སྤོ་སྒྱུར་རང་བཞིན་གྱི་གཏོང་སྒོ། ངེས་པར་དུ་གཏོང་སྤྲོད་བྱེད་དགོས་པའི་གཞི་རྩའི་གཏོང་སྒོ་དང་རྣམ་གྲངས་ཀྱི་གཏོང་སྒོ། བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་ལག་བསྟར་གྱི་གཏོང་སྒོ་དང་དེ་བཞིན་རང་བྱུང་གནོད་འཚེ་སོགས་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་པའི་གཏོང་སྒོ་བཅས་བཀོད་སྒྲིག་བྱེད་ཆོག་པ་དང་འབྲེལ་སྔོན་རྩིས་འཆར་ཟིན་སྙན་ཞུའི་ནང་གསལ་བཤད་བྱེད་དགོས། 

ཁུལ་རིམ་པའི་སྔོན་རྩིས་འཆར་ཟིན་དེ་ཁུལ་ཡོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོག་མཆན་ཐོབ་རྗེས་ཆོག་མཆན་ཐོབ་པའི་སྔོན་རྩིས་ལྟར་ལག་བསྟར་བྱེད་དགོས། 

དོན་ཚན་བཅུ་དྲུག་པ། སྔོན་རྩིས་ལ་ཆོག་མཆན་ཐོབ་རྗེས་གཏན་འབེབས་བྱས་པའི་སྤྱོད་སྒོ་ལྟར་བེད་སྤྱོད་གཏོང་དགོས་པ་ལས་རང་འདོད་ཀྱིས་གཏོང་སྒོའི་ཁྱབ་ཁོངས་རྒྱ་བསྐྱེད་དང་གཏོང་སྒོའི་ཚད་གཞི་མཐོ་རུ་བཏང་མི་ཆོག

དོན་ཚན་བཅུ་བདུན་པ། ནོར་སྲིད་ཀྱི་རང་བཞིན་ལྡན་པའི་མ་དངུལ་སྤྱད་དེ་དངོས་ཟོག་དང་བཟོ་སྐྲུན། ཞབས་ཞུ་བཅས་ཉོ་སྒྲུབ་བྱེད་པའི་བྱ་སྤྱོད་ལ་སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་བཟོ་དགོས། སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་ལེགས་སྒྲིག་བྱེད་དགོས་རིགས་ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་རེ་ཞུ་བྱེད་དགོས་པ་དང་། མཆན་བཀོད་བཀའ་ལན་ཐོབ་རྗེས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་དགོས་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་དེ་རྩ་དོན་ཐོག་ཟླ10པའི་ཟླ་མཇུག་གོང་ལག་བསྟར་ཆ་ཚང་བྱེད་དགོས། 

རྣམ་གྲངས་བགོ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྲིད་གཞུང་གི་ཉོ་སྒྲུབ་ལས་གཡོལ་ཐབས་བྱེད་མི་ཆོག་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་ཉོ་སྒྲུབ་བྱེད་སྟངས་སྒྱུར་མི་ཆོག

དོན་ཚན་བཅོ་བརྒྱད་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཁུལ་དཔོན་གྱི་གཞུང་ལས་ཚོགས་འདུ། ཁུལ་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སོགས་ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱེད་དགོས་པའི་དོན་ཚན་ཁག་ལ་ནོར་སྲིད་སྔོན་རྩིས་གཏོང་སྒོའི་ནང་དོན་མང་དུ་གཏོང་རྒྱུ་དང་འབྲེལ་བ་ཡོད་ཚེ། དགོངས་སྐོར་ཞུ་བའམ་ཡང་ན་ཚོགས་འདུའི་ཞིབ་འཇུག་མ་བྱས་གོང་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་མ་བྱས་པའི་མ་དངུལ་གྱི་དོན་ཚན་ལ་ཁུལ་སྲིད་གཞུང་གིས་ཞིབ་འཇུག་མི་བྱེད། 

ཁུལ་རིམ་པའི་སྔོན་རྩིས་ཚན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་དང་ནོར་ཤུགས་ལས་བརྒལ་ནས་དམངས་འཚོའི་སྲིད་ཇུས་བཟོ་མི་ཆོག་པ་དང་། ནོར་ཤུགས་ལས་བརྒལ་ཏེ་རྨོངས་ཚོད་ཀྱིས་མ་འཇོག་དང་རྣམ་གྲངས་གསར་དུ་སྤེལ་མི་ཆོག་ཅིང་། ཁུལ་རིམ་པའི་ནོར་སྲིད་ཀྱི་བཀོད་སྒྲིག(གོང་རིམ་གྱི་སྤོ་སྒྱུར་གཏོང་སྤྲོད་ཚུད་མེད)དང་འབྲེལ་བའི་ལོ་འཁོར་གྱི་གཏོང་སྒོ་སྒོར་ཁྲི1000དང་དེ་ཡན་གྱི་གསར་འཕར་གཏོང་སྒོའི་སྲིད་ཇུས་སམ་ཡང་ན་རིམ་རྩིས་བྱས་ན་གཏོང་སྒོ་སྒོར་ཁྲི1500དང་དེའི་ཡན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་ངེས་པར་དུ་ཐོག་མའི་ལག་རྗེས་དཔྱད་དཔོག་དང་ནོར་སྲིད་གྱི་འགན་ཐེག་ནུས་དཔྱག་དཔོག་བྱེད་དགོས།

དོན་ཚན་བཅུ་དགུ་པ། སྔོན་རྩིས་ལག་བསྟར་བྱེད་རིང་། ཞིང་ཆེན་རིམ་པས“རྒྱུ་རྐྱེན་བཅའ་ཁྲིམས”ལ་གཞིགས་ནས་གཤམ་སྤྲོད་བྱས་པའི་ཆེད་སྤྱོད་མ་དངུལ་སྡེ་ཁག་སོ་སོས་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས་དང་གོང་རིམ་ལས་འགན་གསལ་ཐོ། ལས་རྗེས་དམིགས་ཚད་བཅས་དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞན་དག་གཞིར་བཟུང་བགོ་བཤའི་བསམ་འཆར་འདོན་དགོས་པ་དང་། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས་ཁག་བགོས་གཤམ་སྤྲོད་བྱེད་དགོས། “རྒྱུ་རྐྱེན་བཅའ་ཁྲིམས”ཀྱིས་གཤམ་སྤྲོད་བྱས་པའི་ཆེད་དོན་མ་དངུལ་ལ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་དང་སྡེ་ཁག་སོ་སོས་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས་གཞིར་བཟུང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་འོས་འཚམ་བྱས་ནས། མ་དངུལ་གཏན་འབེབས་ཁ་ཕྱོགས་གཞིར་བཟུང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། 

ཞིང་ཆེན་ནོར་སྲིད་ཀྱིས་དངུལ་བུན་བརྒྱུད་གཏོང་བྱས་པའི་ས་གནས་སྲིད་གཞུང་གི་གསར་འཕར་བུན་འཛིན་མ་དངུལ་དེ་ཁུལ་རིམ་པ་དང་འབྲེལ་ཡོད་ན་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྡེ་ཁག་སོ་སོ་དང་མཉམ་དུ་བགོ་བཤའ་རྒྱག་པའི་ཇུས་གཞི་བཏོན་པ་དང་། རྫོང་རིམ་པ་དང་འབྲེལ་ཡོད་ན་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བགོ་བཤའ་རྒྱག་པའི་བསམ་འཆར་བཏོན་ནས། རྫོང་ཨུ་ལ་སྙན་སེང་ཞུ་བ་དང་མོས་མཐུན་ཐོབ་རྗེས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་གཅིག་གྱུར་ཐོག་འབུལ་བ་དང་། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་མོས་མཐུན་བྱུང་རྗེས་སྔོན་རྩིས་ལེགས་སྒྲིག་དང་འབྲེལ་བའི་དོན་ཚན་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་གཏན་འབེབས་ལྟར་སྒྲུབ་དགོས།

དོན་ཚན་ཉི་ཤུ་པ། སྔོན་རྩིས་ལག་བསྟར་བྱེད་རིང་མ་དངུལ་བེད་སྤྱོད་བྱེད་ཕྱོགས་དང་ཁྱབ་ཁོངས། གཏོང་སྒོའི་ནང་དོན་བཅས་ཁ་གསལ་བཟོས་ཟིན་པར་གྲངས་འབོར་དང་ཚད་གཞི་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་དངོས་སུ་གཤམ་སྤྲོད་བྱས་པའི་མ་དངུལ་གྱི་ཚབ་སྒྲིག་སྔོན་རྩིས་ལ་གཞིགས་ཏེ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞི་གཞིར་བཟུང་། དེ་མཚུངས་ཀྱི་ཚབ་སྒྲིག་སྔོན་རྩིས་ནས་ཞིབ་བཤེར་བྱས་ཏེ་གཤམ་སྤྲོད་བྱེད་དགོས། 

དོན་ཚན་ཉེར་གཅིག་པ། སྔོན་རྩིས་ལག་བསྟར་བྱེད་རིང་མ་དངུལ་བེད་སྤྱོད་བྱེད་ཕྱོགས་དང་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་མོད། འོན་ཀྱང་རྣམ་གྲངས་ཞིབ་ཕྲ་དང་ལག་བསྟར་ཚན་པའི་ཚབ་སྒྲིག་སྔོན་རྩིས་གནས་སྐབས་གཏན་འཁེལ་བྱས་མེད་པར། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་མ་དངུལ་བགོ་འགྲེམས་སམ་ཡང་ན་རེ་ཞུའི་ཇུས་གཞིར་གཞིགས་ནས་སྔོན་རྩིས་བཀོད་སྒྲིག་གི་གྲོས་གཞི་འདོན་དགོས་པ་མ་ཟད། གཤམ་གསལ་གྱི་དབང་ཚད་དང་གོ་རིམ་ལྟར་སྒྲུབ་དགོས། 

(གཅིག)སྒོར་ཁྲི50མན(སྒོར་ཁྲི50ཚུད་པ)ལ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་བསམ་འཆར་བཏོན་པ་བརྒྱུད། བགོས་གཉེར་ནོར་སྲིད་ཁུལ་དཔོན་གཞོན་པ་དང་ཁུལ་དཔོན་ལ་སྙན་སེང་ཞུས་ནས་ཞིབ་མཆན་ཐོབ་རྗེས་གཤམ་ལ་སྤྲོད་རྒྱུ། 

(གཉིས)སྒོར་ཁྲི50ནས་ཁྲི100བར(སྒོར་ཁྲི100ཚུད་པ)ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་བསམ་འཆར་བཏོན་པ་བརྒྱུད། བགོས་གཉེར་ནོར་སྲིད་ཁུལ་དཔོན་གཞོན་པ་དང་ཁུལ་དཔོན་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས། མ་དངུལ་རེ་ཞུ་བྱེད་མཁན་ཚན་པས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཕུལ་ནས་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་རྗེས་གཤམ་སྤྲོད་བྱ་དགོས། 

(གསུམ)སྒོར་ཁྲི100ཡན་གྱི་རིགས་ལ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་དཔྱད་བསམ་འཆར་བཏོན་པ་བརྒྱུད། བགོས་གཉེར་ནོར་སྲིད་ཁུལ་དཔོན་གཞོན་པ་དང་ཁུལ་དཔོན་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས། མ་དངུལ་རེ་ཞུ་བྱེད་མཁན་ཚན་པས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཕུལ་ཏེ་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་རྗེས་གཤམ་སྤྲོད་བྱ་དགོས། 

དོན་ཚན་ཉེར་གཉིས་པ། ཁུལ་ཨུའམ་ཡང་ན་ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱས་པའི་སྔོན་རྩིས་བགོ་བཤའི་ཇུས་གཞི་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཚོགས་འདུའི་གཏན་འབེབས་གཞིར་བཟུང་ཐད་ཀར་བསྒྲུབས་ནས་གཤམ་སྤྲོད་བྱ་དགོས། 

དོན་ཚན་ཉེར་གསུམ་པ། དོན་དངོས་ལྟར་བསྡོམས་རྩིས་རྒྱག་པའི་རྣམ་གྲངས་ཕུད། ལོ་དེའི་ཟླ9ཚེས30ཉིན་གྱི་སྔོན་ལ་རྣམ་གྲངས་ལག་བསྟར་ཇུས་གཞི་དང་བགོ་བཤའི་འཆར་གཞི་ཚབ་སྒྲིག་སྔོན་རྩིས་འདོན་བྱེད་ཐབས་བྲལ་བའི་རིགས་ལ། རྩ་དོན་ཐོག་ནོར་སྲིད་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་རྩིས་བསྡོམས་འབོར་ཚུར་བསྡུས་ནས་ཚབ་སྒྲིག་རྣམ་གྲངས་གཞན་དག་གི་ཆད་ཁའམ་གསར་སྣོན་གཏོང་སྒོའི་ཐད་སྤྱོད་དགོས། 

དོན་ཚན་ཉེར་བཞི་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཇུས་ཀྱི་བླང་བྱའམ་ཡང་ན་ལས་ཀའི་དགོས་མཁོ་གསར་སྣོན་བྱས་པའི་དབང་གིས་སྔོན་རྩིས་ཚབ་སྒྲིག་བྱས་པའི་ནང་ནས་བཀོད་སྒྲིག་བྱས་པའི་གསར་སྣོན་གཏོང་སྒོ་སྙོམས་སྒྲིག་བྱེད་ཆོག་པ་དང་། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་རིམ་པའི་སྔོན་རྩིས་ཚན་པ་དང་མཉམ་དུ་སྔོན་རྩིས་བཀོད་སྒྲིག་གི་གྲོས་གཞི་བཏོན་རྗེས་བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་གཞིར་བཟུང་སྒྲུབ་དགོས། 

དོན་ཚན་ཉེར་ལྔ་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནས་སྐབས་གཏན་འཁེལ་བྱས་པའི་ཛ་དྲག་རྣམ་གྲངས་དང་བཅོས་སྒྱུར་ལེགས་སྒྲིག་གལ་ཆེན། སྔོན་དཔག་བྱེད་ཐབས་བྲལ་བའི་དམིགས་བསལ་རྣམ་གྲངས་བཅས་དང་དེ་བཞིན་རང་བྱུང་གནོད་འཚེ་སོགས་ཕུད་རྩ་དོན་ཐོག་སྔོན་རྩིས་ཁ་སྣོན་མི་བྱེད་པ་དང་གསར་སྣོན་གཏོང་སྒོ་དེ་སྙོམས་སྒྲིག་བྱས་ནས་སྔོན་རྩིས་སམ་ཡང་ན་སྡེ་ཁག་གི་སྔོན་རྩིས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། 

གསར་དུ་བསྣན་པའི་ནོར་ཤུགས་སྔོན་དཔག་བྱེད་ཐབས་བྲལ་བའི་གནས་ཚུལ་འོག སྔོན་རྩིས་སྙོམས་སྒྲིག་གིས་ཐག་གཅོད་བྱེད་ཐབས་བྲལ་ཡང་དངོས་གནས་ཁ་སྣོན་བྱེད་དགོས་པའི་གསར་སྣོན་གཏོང་སྒོ་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་རིམ་པའི་སྔོན་རྩིས་ཚན་པ་དང་མཉམ་དུ་སྔོན་རྩིས་བཀོད་སྒྲིག་གི་གྲོས་གཞི་བཏོན་རྗེས་བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་གཞིར་བཟུང་སྒྲུབ་དགོས། 

དོན་ཚན་ཉེར་དྲུག་པ། ནོར་སྲིད་ཀྱི་གྲ་སྒྲིག་གྲོན་དངུལ་སྤྱོད་རྒྱུའི་ཇུས་གཞི་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་བཏོན་ནས་ཁུལ་སྲིད་གཞུང་རྒྱུན་ལས་ཚོགས་འདུར་ཕུལ་ཏེ་ཞིབ་འཇུག་བྱས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། 

དོན་ཚན་ཉེར་བདུན་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་ལོ་འཁོར་གྱི་སྔོན་རྩིས་ལག་བསྟར་བྱེད་ཚད་མགྱོགས་སུ་གཏོང་དགོས། ལོ་མཇུག་སྔོན་ལ་ཁུལ་རིམ་པའི་ནོར་ཤུགས་ཀྱིས་བཀོད་སྒྲིག་བྱས་མེད་པའི་སྡེ་ཁག་གི་སྔོན་རྩིས་མ་དངུལ་ཡོངས་རྫོགས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཡོངས་སུ་བསྡུས་ནས་སྔོན་རྩིས་བརྟན་པོ་སྙོམས་སྒྲིག་ཐེབས་རྩར་ཁ་གསབ་བྱ་རྒྱུར་སྤྱོད་དགོས། 

དོན་ཚན་ཉེར་བརྒྱད་པ། ལོ་མཇུག་གི་སྔོན་ལ་སྤྱད་ཚར་མེད་པའི་ལོ་དེའི་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་དག་ལོ་རྗེས་མར་མུ་མཐུད་བེད་སྤྱོད་གཏོང་དགོས། རྣམ་གྲངས་ལག་བསྟར་མི་བྱེད་པའམ་ཡང་ན་ལག་བསྟར་བྱས་ཟིན་པའི་མ་དངུལ་ལྷག་འཕྲོ་རྒྱལ་མཛོད་དུ་ཕྱིར་སློག་བྱས་ཏེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས“འགན་ལེན་གསུམ”དང་མ་རྩ་འཇལ་སྤྲོད་དང་དེ་བཞིན་རྒྱབ་སྐྱོར་བྱེད་དགོས་ངེས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དོན་གནད་གཞན་དག་ལ་སྤྱི་འདོམས་སྒོས་སྤྱོད་དགོས། 

ལོ་གཉིས་ལ་བསྟུད་མར་རྩིས་ཁོངས་སྤོས་པའི་མ་དངུལ་ལམ་ཡང་ན་གསོག་ཐེབས་མ་དངུལ་བེད་སྤྱོད་བྱས་མེད་པ་དེ་མ་དངུལ་ལྷག་འཕྲོ་ལ་བརྩིས་ནས་དོ་དམ་བྱས་ཏེ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་རྒྱལ་མཛོད་དུ་ཚུར་བླངས་ནས“འགན་ལེན་གསུམ”དང་བུ་ལོན་གྱི་མ་སྐྱེད་འཇལ་སྤྲོད་དང་དེ་བཞིན་འཕྲལ་དུ་རྒྱབ་སྐྱོར་བྱེད་དགོས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་དོན་ཚན་གཞན་དག་ལ་སྤྱི་འདོམས་སྒོས་སྤྱོད་དགོས། དམིགས་བསལ་རྒྱུ་རྐྱེན་གྱིས་དེ་སྔའི་རྣམ་གྲངས་ལེགས་གྲུབ་མ་བྱུང་བ་དང་། རྩིས་སྒྱུར་མ་དངུལ་ལམ་ཡང་ན་གསོག་འཇོག་མ་དངུལ་ད་དུང་དེ་སྔའི་སྤྱོད་སྒོ་སྤྱོད་དགོས་རིགས་ལ་ཁུལ་རིམ་པའི་སྔོན་རྩིས་ཚན་པས་རེ་ཞུ་བྱས་ནས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས་བཀོད་སྒྲིག་བྱེད་དགོས། 

དོན་ཚན་ཉེར་དགུ་པ། བྱ་ཐབས་འདིའི་དོན་ཚན་ཉེར་བརྒྱད་པའི་གཅིག་གྱུར་འཆར་འགོད་བེད་སྤྱོད་དང་འབྲེལ་བའི་དོན་གནད་རིགས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་སྔོན་རྩིས་བཀོད་སྒྲིག་གི་གྲོས་གཞི་བཏོན་རྗེས་བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་གཞིར་བཟུང་སྒྲུབ་གཉེར་བྱེད་དགོས། ཡང་ན་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ནང་བཅུག་རྗེས་བྱ་ཐབས་འདིའི་དོན་ཚན་དགུ་པའི་ནང་གསེས་བརྒྱད་པའི་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་སྒྲུབ་གཉེར་བྱེད་དགོས། 

དོན་ཚན་སུམ་ཅུ་པ། ལོ་དེའི་སྔོན་རྩིས་ལག་བསྟར་བྱེད་ཚད་དལ་བའི་ཚན་པར་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལས་རྗེས་ལྟ་སྐུལ་ཚོད་འཛིན་བྱས་འབྲས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལོ་དེའི་སྔོན་རྩིས་ལེགས་སྒྲིག་བྱེད་པའམ་ཡང་ན་ལོ་འཁོར་རྗེས་མའི་གཏོང་སྒོའི་སྔོན་རྩིས་ཉུང་དུ་གཏོང་དགོས། 

དོན་ཚན་སོ་གཅིག་པ། དམིགས་བསལ་ཛ་དྲག་གི་གནས་ཚུལ་འོག བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པ་དང་ཉེར་གཉིས་པ། ཉེར་བཞི་པ། ཉེར་ལྔ་པ། ཉེར་དྲུག་པ། ཉེར་བརྒྱད་པ་བཅས་དང་འབྲེལ་བའི་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ་དང་ཁུལ་སྲིད་གཞུང་རྒྱུན་ལས་ཚོགས་འདུ་ལས་ཞིབ་འཇུག་བྱ་དགོས་པའི་དོན་ཚན་ལ་བྱ་ཐབས་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་ཀྱི་དབང་ཚད་གཞིར་བཟུང་། ཁུལ་ཨུའམ་ཡང་ན་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་མོས་མཐུན་བྱུང་རྗེས་སྔོན་ལ་མ་དངུལ་སྤྲོད་པ་དང་རྗེས་སུ་ཆོག་མཆན་ཞུ་བའི་གོ་རིམ་ལག་བསྟར་བྱེད་དགོས། 

དོན་ཚན་སོ་གཉིས་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་སྔོན་རྩིས་ཀྱི་ཕན་འབྲས་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཚན་པ་དེ་གའི་ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྔོན་རྩིས་ལས་རྗེས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ལས་རྗེས་ལྟ་སྐུལ་དོ་དམ་མ་ལག་སྔོན་རྩིས་མ་དངུལ་དང་ཁུལ་རིམ་པའི་སྔོན་རྩིས་ཚན་པར་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོ། ཁྱོན་ཡོངས་བཅས་ལ་ཁྱབ་པའི་ལས་རྗེས་དོ་དམ་ལག་བསྟར་བྱས་ཏེ། གདེང་འཇོག་བྱས་འབྲས་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། ལས་རྗེས་གདེང་འཇོག་བྱས་འབྲས་དང་སྔོན་རྩིས་བཀོད་སྒྲིག་ཟུང་འབྲེལ་བྱེད་པའི་ལམ་ལུགས་འཛུགས་དགོས། 

དོན་ཚན་སོ་གསུམ་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པའི་ནོར་སྲིད་རང་བཞིན་གྱི་མ་དངུལ་ཚང་མ་རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་ཀྱི་དོ་དམ་ལག་བསྟར་ནན་པོ་བྱེད་དགོས། ནོར་སྲིད་ཀྱི་རང་བཞིན་ལྡན་པའི་མ་དངུལ་གཏོང་སྤྲོད་བྱེད་སྐབས་ནོར་སྲིད་ཀྱི་སྔོན་རྩིས་དང་དངུལ་སྤྱོད་པའི་འཆར་གཞི། རྣམ་གྲངས་སྒྲུབ་ཚད། གཏན་འབེབས་ཀྱི་གོ་རིམ་བཅས་ལ་གཞིགས་ནས་བེད་སྤྱོད་ཚད་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ཚན་པ་སོ་སོས་རང་ཚན་པའི་གཅིག་བསྡུས་ཀྱིས་གཏོང་སྤྲོད་བྱས་པའི་དཔལ་འབྱོར་ལས་སྒོའི་དོན་ཚན་དང་འདོན་སྤྲོད་བྱས་པའི་གཏོང་སྤྲོད་ཡིག་རིགས་ཀྱི་བདེན་ཐུབ་རང་བཞིན་དང་ཁྲིམས་མཐུན་རང་བཞིན། ཆ་ཚང་རང་བཞིན་བཅས་ལ་འགན་འཁུར་དགོས། ཚན་པ་སོ་སོས་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་དང་གཞུང་དོན་བྱང་བུ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས་པ་ལས་སྒྲིག་འགལ་ངང་བར་བརྒལ་རང་བཞིན་གྱི་རྩིས་ཁྲ་བཟོ་མི་ཆོག

ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་མོས་མཐུན་མ་ཐོབ་པར་རྒྱལ་མཛོད་ཀྱི་གཅིག་སྡུད་གཏོང་སྤྲོད་མ་ལག་བརྒྱུད་ཁུལ་རིམ་པའི་སྔོན་རྩིས་ཚན་པར་མ་དངུལ་དངོས་ཡོད་པའི་རྩིས་ཐོ་གཞན་སྒྱུར་བྱེད་མི་ཆོག་པ་དང་། སྒྲིག་འགལ་ངང་དངུལ་སྨར་ལེན་པ་དང་བེད་སྤྱོད་བྱེད་མི་ཆོག

ནོར་སྲིད་མ་དངུལ་མི་སྒེར་རམ་ཁེ་ལས་ལ་བསྐྱི་མི་ཆོག

དོན་ཚན་སོ་བཞི་པ། ཁུལ་རིམ་པའི་སྔོན་རྩིས་ཚན་པས་སྲིད་གཞུང་གི་བུན་འཛིན་མ་དངུལ་དོ་དམ་ལ་ཤུགས་སྣོན་ནན་པོ་བརྒྱབ་ནས་གཏན་འབེབས་ལྟར་སྤྱི་ཕན་རང་བཞིན་གྱི་མ་རྩའི་གཏོང་སྒོའི་ཐད་སྤྱོད་དགོས་པ་ལས་རྒྱུན་གཏན་རང་བཞིན་གྱི་གཏོང་སྒོའི་ཐད་སྤྱོད་མི་ཆོག་པ་དང་། བུན་འཛིན་མ་དངུལ་འཐེན་སྤྱོད་དང་གཞན་སྤྱོད། ཡུན་རིང་བེད་མེད་དུ་བཞག་མི་ཆོག

ཁུལ་རིམ་པའི་སྔོན་རྩིས་ཚན་པས་མངགས་བཅོལ་ཚབ་སྐྲུན་སོགས་ཀྱི་མིང་ཐོག་ནས་རྣམ་པ་འགྱུར་བའི་བུ་ལོན་བསྐྱི་མི་ཆོག དབང་བསྐུར་དང་ཁག་ཐེག ཚབ་འཇལ། ཕྱིར་ཉོ། མཐའ་སྐྱོང་། སྲིད་གཞུང་གི་མ་འཇོག་ཐེབས་རྩ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས(P)། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མངོན་མེད་བུ་ལོན་བསྐྱི་མི་ཆོག

དོན་ཚན་སོ་ལྔ་པ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཟླ་རེའི་ཚེས་བཅུའི་སྔོན་ལ་ཁུལ་སྲིད་གཞུང་དང་ཁུལ་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ལ་ཟླ་སྔོན་མའི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས། དེའི་ནང་ཡི་གེའི་གསལ་བཤད་དང་འབྲེལ་ཡོད་སྙན་ཐོའི་རེའུ་མིག་ཚུད་ཡོད། 

ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་དུས་བཀག་ལྟར་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ལོ་ཕྱེད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ལོ་ཧྲིལ་པོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྙན་སེང་ཞུ་དགོས། ལོ་ཕྱེད་ནང་ཁུལ་དམངས་ཆེན་ནོར་དཔལ་ཨུ་ལྷན་ལ་རིམ་པ་དེ་གའི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་ཡིག་ཐོག་ནས་སྙན་སེང་ཞུ་བ་དང་། ལོ་རེ་རེར་དམངས་ཆེན་ནོར་དཔལ་ཨུ་ལྷན་ལ་རིམ་པ་དེ་གའི་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་ཚུལ་བརྡ་ཁྱབ་གཏོང་དགོས། 

ལེའུ་བཞི་པ། སྔོན་རྩིས་ལེགས་སྒྲིག་དང་སྙོམས་སྒྲིག་བྱེད་ཕྱོགས་སྐོར། 

དོན་ཚན་སོ་དྲུག་པ། ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་བྱེད་རིང་གཤམ་གསལ་གནས་ཚུལ་ཐོན་སྐབས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྔོན་རྩིས་ལེགས་སྒྲིག་ཇུས་གཞི་ཞིབ་ཕྲ་བཟོས་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུར་འབུལ་དགོས་པ་སྟེ། 

(གཅིག)སྔོན་རྩིས་ཀྱི་སྤྱིའི་གཏོང་སྒོ་འཕར་སྣོན་ནམ་ཉུང་དུ་གཏོང་དགོས་རིགས། 

(གཉིས)ནོར་སྲིད་ཡོང་འབབ་འཕར་སྣོན་ནམ་ཉུང་དུ་གཏོང་དགོས་རིགས། 

(གསུམ)སྔོན་རྩིས་བརྟན་སྲུང་སྙོམས་སྒྲིག་ཐེབས་རྩའི་ནང་འཇུག་དགོས་རིགས། 

(བཞི)སྔོན་རྩིས་བཀོད་སྒྲིག་བྱས་པའི་གཏོང་སྒོ་གཙོ་བོའི་གྲངས་འབོར་ཉུང་འཕྲི་བྱ་དགོས་རིགས། 

(ལྔ)སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་བཅད་གྲངས་དང་རྫོང་རིམ་པའི་སྲིད་གཞུང་གི་བུན་འཛིན་མ་དངུལ་གཞན་ལ་བུན་གཏོང་བྱ་དགོས་རིགས། 

ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་གཏན་འབེབས་གཞིར་བཟུང་གོང་གསལ་གྱི་དོན་གནད་རྣམས་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ནང་བཅུག་ནས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཆོག་མཆན་ཞུ་དགོས། 

དོན་ཚན་སོ་བདུན་པ། ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་བྱེད་རིང་། བུན་འཛིན་གྱི་མ་དངུལ་བགོ་བཤའ་བརྒྱབ་ཟིན་པར་གཤམ་གསལ་གྱི་གནས་ཚུལ་ཐོན་སྐབས། ཁུལ་རིམ་པའི་སྔོན་རྩིས་ཚན་པས་རེ་ཞུ་བྱས་པ་བརྒྱུད། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལེགས་སྒྲིག་བསམ་འཆར་བཏོན་ནས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཕུལ་ཏེ་ཞིབ་འཇུག་དང་མོས་མཐུན་བྱུང་རྗེས། གོ་རིམ་ལྟར་བུན་འཛིན་གྱི་མ་དངུལ་ལེགས་སྒྲིག་བྱེད་དགོས་པ་མ་ཟད། གོང་རིམ་ནོར་སྲིད་སྡེ་ཁག་ལ་སྙན་ཞུ་བྱེད་དགོས། 

(གཅིག)རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་འགྱུར་ལྡོག་ཆེན་པོ་བྱུང་བའི་དབང་གིས་བུན་འཛིན་གྱི་མ་དངུལ་དགོས་མཁོ་མེད་པའམ་ཡང་ན་དགོས་མཁོ་སྔོན་དཔག་ལས་ཉུང་རིགས། 

(གཉིས)རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་བུན་འཛིན་གྱི་མ་དངུལ་ལྷག་འཕྲོ་བྱུང་བ། 

(གསུམ)ནོར་སྲིད་ལྟ་སྐུལ་དང་རྩིས་བཤེར་སོགས་ཀྱིས་བུན་འཛིན་མ་དངུལ་བེད་སྤྱོད་ཐད་སྒྲིག་འགལ་གྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཚེ། ལྟ་སྐུལ་ཞིབ་བཤེར་རམ་ཡང་ན་རྩིས་བཤེར་སོགས་ཀྱི་བསམ་འཆར་གཞིར་བཟུང་ལེགས་སྒྲིག་བྱེད་དགོས་རིགས། 

(བཞི)རྒྱུ་རྐྱེན་གཞན་དག་གི་དབང་གིས་ལེགས་སྒྲིག་བྱ་དགོས་རིགས། 

དོན་ཚན་སོ་བརྒྱད་པ། སྡེ་ཁག་གི་སྔོན་རྩིས་ལ་མཆན་འགོད་བཀའ་ལན་ཐོབ་རྗེས། སྤྱིར་བཏང་དུ་སྔོན་རྩིས་སྙོམས་སྒྲིག་མི་བྱ་རྒྱུ། ཚན་པའི་འགན་འཁྲི་དང་སྲིད་ཇུས་ལེགས་སྒྲིག་སོགས་དམིགས་བསལ་རྒྱུ་རྐྱེན་གྱི་དབང་གིས་སྙོམས་སྒྲིག་བྱེད་དགོས་རིགས་ལ་ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཡིག་ཐོག་ནས་རེ་ཞུ་བྱས་ཏེ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་སྤྲད་རྗེས་སྒྲུབ་དགོས། གཙོ་བོ་གཤམ་གྱི་གནས་ཚུལ་གསུམ་འདུས་ཏེ། 

(གཅིག)གཏོང་སྒོའི་བྱེད་ལས་རིགས་དབྱེ་དང་སྡེ་ཁག་གི་སྔོན་རྩིས་གཏོང་སྒོའི་དཔལ་འབྱོར་རིགས་འབྱེད“རིགས”དང“དོན་ཚན”། “རྣམ་གྲངས”བཅས་ཀྱི་རྣམ་གྲངས་འགྱུར་ལྡོག་དང་འབྲེལ་བའི་སྔོན་རྩིས་སྙོམས་སྒྲིག་གི་དོན་ཚན། 

(གཉིས)སྔོན་རྩིས་ཀྱི་རིམ་པའི་འགྱུར་ལྡོག་དང་འབྲེལ་བའི་སྔོན་རྩིས་སྙོམས་སྒྲིག་གི་དོན་ཚན།

(གསུམ)རྣམ་གྲངས་ལག་བསྟར་བྱེད་པོའི་འགྱུར་ལྡོག་དང་འབྲེལ་བའི་ས་ཁུལ་དང་སྡེ་ཁག་ལས་བརྒལ་བའི་སྔོན་རྩིས་སྙོམས་སྒྲིག་གི་དོན་ཚན། 

ལེའུ་ལྔ་པ། ངེས་རྩིས་ཀྱི་སྐོར། 

དོན་ཚན་སོ་དགུ་པ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་གོང་རིམ་ནོར་སྲིད་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་། ཁུལ་རིམ་པའི་སྔོན་རྩིས་ཚན་པ་དང་རྫོང་སོ་སོའི་ངེས་རྩིས་འཆར་ཟིན་བཟོ་འགོད་བྱེད་པའི་རྩ་དོན་དང་བླང་བྱ། བྱ་ཐབས། སྙན་ཞུའི་དུས་བཀག་བཅས་གཏན་འཁེལ་བྱས་ནས་འབྲེལ་ཡོད་ངེས་རྩིས་ཀྱི་རེའུ་མིག་བཟོ་དགོས། 

ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་། ཚན་པ་དེ་གའི་ངེས་རྩིས་འཆར་ཟིན་བཟོ་རྒྱུ་སྒྲིག་འཛུགས་བྱས་ཏེ། གཏན་འབེབས་ཀྱི་དུས་བཀག་ནང་ངེས་རྩིས་འཆར་ཟིན་དེ་འཆར་ཟིན་གྱི་གསལ་བཤད་དང་མཉམ་དུ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་ཞིབ་བཤེར་བྱ་རྒྱུར་འབུལ་དགོས། 

དོན་ཚན་བཞི་བཅུ་པ། ཁུལ་རིམ་པའི་སྤྱིའི་ངེས་རྩིས་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྒྲིག་བཟོ་དང་སྙན་སེང་ཞུ་རྒྱུའི་འགན་འཁུར་དགོས། ཁུལ་རིམ་པའི་ནོར་སྲིད་ཀྱི་ངེས་རྩིས་ཀྱི་སྤྱིའི་ཡོང་འབབ་ནང་ཁུལ་ནོར་སྲིད་ཀྱི་ཐད་ཀའི་ཡོང་འབབ་དང་། ཞིང་ཆེན་རིམ་པའི་ཁ་གསབ་ཡོང་འབབ། སྲིད་གཞུང་གི་བུ་ལོན་ཡོང་འབབ་སོགས་ཚུད་ཡོད། ཁུལ་རིམ་པའི་ནོར་སྲིད་ཀྱི་ངེས་རྩིས་ཀྱི་སྤྱིའི་གཏོང་སྒོའི་ནང་ཁུལ་རིམ་པའི་ཚན་པའི་ལོ་དེའི་ངེས་རྩིས་གཏོང་སྒོ་དང་། རྫོང་རིམ་པའི་སྲིད་གཞུང་ལ་ཁ་གསབ་བྱེད་པའི་གཏོང་སྒོ། སྲིད་གཞུང་གི་བུ་ལོན་གཏོང་སྒོ་སོགས་ཚུད་ཡོད། 

ཁུལ་རིམ་པའི་ངེས་རྩིས་འཆར་ཟིན་བཟོ་བའི་བརྒྱུད་རིམ་ནང་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་དང་ཞིང་ཆེན་རིམ་པའི་བར་དང་། ཁུལ་དང་རྫོང་རིམ་པའི་བར་གྱི་མ་དངུལ་འགྲོ་འོང་གི་གནས་ཚུལ་དང་བསྡོམས་རྩིས་རྣམ་གྲངས་གཙང་བཤེར་བྱས་པ་དང་བསྡོམས་རྩིས་དོན་ཚན་སྣ་ཚོགས་ཞིབ་ཕྲ་བསྒྲུབས་པ་མ་ཟད། རྫོང་རིམ་པའི་ནོར་སྲིད་སྡེ་ཁག་གི་ལོ་མཇུག་གི་ངེས་རྩིས་ཀྱི་རྩིས་ཐོ་སྤྲོད་དགོས། 

དོན་ཚན་ཞེ་གཅིག་པ། ཁུལ་རིམ་པའི་སྡེ་ཁག་གི་ངེས་རྩིས་དེ་ཁུལ་རིམ་པའི་སྔོན་རྩིས་ཚན་པས་སྒྲིག་བཟོ་དང་སྙན་སེང་ཞུ་རྒྱུའི་འགན་འཁུར་དགོས། ཁུལ་རིམ་པའི་སྡེ་ཁག་གི་ངེས་རྩིས་འཆར་ཟིན་དེ་ཁུལ་རིམ་པའི་སྔོན་རྩིས་ཚན་པའི་ངེས་རྩིས་འཆར་ཟིན་གྱིས་ཕྱོགས་བསྡུས་བྱས་ནས་གྲུབ་པ་ཞིག་ཡིན། ཁུལ་རིམ་པའི་སྔོན་རྩིས་ཚན་པས་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གི་བླང་བྱ་གཞིར་བཟུང་ཚན་པ་དེ་གའི་ཡོང་འབབ་དང་གཏོང་སྒོ་སོགས་ལོ་འཁོར་གྱི་གྲངས་གཞི་དང་འབྲེལ་ཡོད་ཆ་འཕྲིན་དཔྱད་ཡིག་དུས་ཐོག་ཏུ་སྒྲིག་འགོད་སྙན་སེང་ཞུ་དགོས། 

དོན་ཚན་ཞེ་གཉིས་པ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་དང་ཞིང་ཆེན་རིམ་པ་དང་། ཁུལ་དང་རྫོང་རིམ་པའི་ནོར་སྲིད་བསྡོམས་རྩིས་གནས་ཚུལ་དང་ཁུལ་རིམ་པའི་སྔོན་རྩིས་ཚན་པའི་ངེས་རྩིས་གཏོང་ཡོང་གནས་ཚུལ་ལ་གཞིགས་ནས། གཏན་འབེབས་ལྟར་ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་བཟོ་དགོས། 

ཁུལ་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་དེ་ཁུལ་སྲིད་གཞུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ་ཁུལ་ཨུ་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ནས་མོས་མཐུན་བྱུང་རྗེས། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུར་འབུལ་བ་དང་། ཞིབ་ཕྲའི་ལས་དོན་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་སྒྲུབ་དགོས། 

དོན་ཚན་ཞེ་གསུམ་པ། ཁུལ་རིམ་པའི་ལོ་འཁོར་གྱི་ནོར་སྲིད་ངེས་རྩིས་འཆར་ཟིན་དེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། སྡེ་ཁག་སོ་སོར་ངེས་རྩིས་ལ་མཆན་འགོད་བཀའ་ལན་ཡང་སྤྲོད་དགོས། སྡེ་ཁག་སོ་སོས་ནོར་སྲིད་སྡེ་ཁག་གི་མཆན་བཀོད་བཀའ་ལན་འབྱོར་བའི་སྡེ་ཁག་གི་ངེས་རྩིས་འབྱོར་རྗེས། ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ཉིན་བཅོ་ལྔའི་ནང་ཚུན་དུ་ཁོངས་གཏོགས་ཚན་པ་སོ་སོར་ངེས་རྩིས་ལ་མཆན་འགོད་བཀའ་ལན་སྤྲོད་དགོས་པ་དང་། མཆན་བཀོད་བཀའ་ལན་གྱི་ཡིག་ཆ་དེ་ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་ལ་སྙན་ཞུ་བྱེད་དགོས། ཁོངས་གཏོགས་ཚན་པའི་ངེས་རྩིས་ལ་མཆན་འགོད་བཀའ་ལན་ཐོབ་རྗེས། ཉིན་ཉི་ཤུའི་ནང་ཚུན་དུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས། 

ལེའུ་དྲུག་པ། སྔོན་རྩིས་ལ་ལྟ་སྐུལ་བྱེད་ཕྱོགས་སྐོར། 

དོན་ཚན་ཞེ་བཞི་པ། ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་དང་ངེས་རྩིས་ཀྱིས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་དགོས། 

དོན་ཚན་ཞེ་ལྔ་པ། ཁུལ་རིམ་པའི་རྩིས་བཤེར་སྡེ་ཁག་གིས་ཁུལ་རིམ་པའི་སྔོན་རྩིས་ལག་བསྟར་དང་ངེས་རྩིས་སྒྲུབ་ཚུལ་དང་། ཁུལ་རིམ་པའི་སྔོན་རྩིས་ཚན་པའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ངེས་རྩིས་ལ་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་དགོས། 

དོན་ཚན་ཞེ་དྲུག་པ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་ཁུལ་རིམ་པའི་སྔོན་རྩིས་ཚན་པའི་སྔོན་རྩིས་དོ་དམ་གྱི་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་བྱེད་འགན་འཁུར་ནས། གནད་དོན་གལ་ཆེན་སྙན་ཞུ་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ནོར་སྲིད་ཁྲིམས་སྲོལ་དང་ནོར་དཔལ་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། ནོར་སྲིད་མ་དངུལ་བདེ་འཇགས་དང་ཚད་ལྡན། བེད་སྤྱོད་ནུས་ལྡན་བཅས་ཡོང་བ་འགན་ལེན་བྱེད་དགོས། 

བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་ཁུལ་རིམ་པའི་རྩིས་བཤེར་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང《ནོར་སྲིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་ཐག་གཅོད་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་འབྲེལ་ཡོད་ཚན་པ་དང་དེའི་ཐད་ཀའི་འགན་འཁུར་མི་སྣ་ཐག་གཅོད་བྱ་རྒྱུ་དང་། ཉེས་གསོག་ཏུ་གྱུར་རིགས་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་བསྐྱལ་དགོས། 

དོན་ཚན་ཞེ་བདུན་པ། ཁུལ་རིམ་པའི་རྩིས་བཤེར་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས་ཁུལ་རིམ་པའི་སྔོན་རྩིས་ཚན་པའི་སྔོན་རྩིས་ལག་བསྟར་གྱི་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་དང་ལས་རྗེས་གདེང་འཇོག་བྱས་འབྲས་སྔོན་རྩིས་ལེགས་སྒྲིག་དང་སླད་ཕྱིན་ལོ་འཁོར་གྱི་སྔོན་རྩིས་བཀོད་སྒྲིག་གི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། 

ལེའུ་བདུན་པ། ཞར་བྱུང་དོན་ཚན། 

དོན་ཚན་ཞེ་བརྒྱད་པ། རྫོང་སོ་སོས་བྱ་ཐབས་འདི་ལ་ཟུར་ལྟ་བྱེད་པ་དང་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་རང་གི་སྔོན་རྩིས་དོ་དམ་བྱ་ཐབས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས། 

དོན་ཚན་ཞེ་དགུ་པ། བྱ་ཐབས་འདི་ཁུལ་ནོར་སྲིད་ཅུས་འགྲེལ་བཤད་རྒྱག་འགན་འཁུར་དགོས། 

དོན་ཚན་ལྔ་བཅུ་པ། བྱ་ཐབས་འདི2025ལོའི་ཟླ3ཚེས1ཉིན་ནས་ལག་ལེན་བསྟར་དགོས། དེ་སྔའི《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི〈མཚོ་བྱང་ཁུལ་ཁུལ་རིམ་པའི་སྔོན་རྩིས་དོ་དམ་བྱ་ཐབས〉དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར》(བྱང་སྲིད་གཞུང〔2021〕ཨང40པ)དུས་མཚུངས་སུ་རྩིས་མེད་དུ་གཏོང་དགོས། 

ཀླུ་མོ་མཚོས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་སྲིད་དོན་སྤྱི་བསྒྲགས། (2025ལོའི་དེབ་ཐེངས་དང་པོ)
སྐབས་རྗེས་མ། མེད།
མཉམ་སྤྱོད།