དེ་རིང་ནི2024ལོའི་ཟླ12པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ།

2022-11-18 13:53:07   |   2336

【ས་བབ་ཆགས་གནས】 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་པ་དང་། བྱང་འཕྲེད་ཐིག36°44'00"~39°05' 18"དང་། ཤར་གཞུང་ཐིག98°5' 00"~102°41' 03 "གྱི་མཚམས་སུ་ཡོད། ཤར་ལྷོའི་མཚམས་སུ་རྟ་ཐང་དང་། དགོན་ལུང་། སྐུ་འབུམ། སྟོང་སྐོར་བཅས་རྫོང་དང་ས་མཚམས་འབྲེལ་ལ། ནུབ་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ལྷོ་རུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་དང་མཚོ་སྔོན་པོས་ཆོད་ཡོད། བྱང་དུ་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་དང་ཧྲན་ཏན། མིང་ལེ། སུའུ་ནན་རྫོང་བཅས་དང་ཁྱིམ་མཚེས་ས་གནས་ཡིན། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ413.45ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ261.41ཡོད། ས་ཆ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ34068.44ཡོད། དེས་ཞིང་ཆེན་ཡོངས་ཀྱི་ས་ཆ་སྤྱིའི་རྒྱ་ཁྱོན་གྱི4.71%ཟིན།

【ལོ་རྒྱུས་ཀྱི་འཕེལ་རིམ】མཚོ་བྱང་ཁུལ་ནི་ལོ་རྒྱུས་ཀྱི་ཡུན་རིང་ཞིང་། ས་གནས་མང་པོ་ཞིག་ནས་བྱུང་བའི་ཁ་ཡོ་རིག་གནས་དང་ཤིན་ཏན་རིག་གནས་ཀྱི་གནའ་ཤུལ་ལས་ར་འཕྲོད་བྱུང་བ་ལྟར་ན། ལོ་ངོ3000ལྷག་ཙམ་གྱི་གོང་དུ་གནས་འདི་གར་མིའི་རིགས་འཚོ་སྡོད་བྱས་མྱོང་ཡོད། ཧན་ནུབ་མའི་དུས་སུ། དེང་གི་མཚོ་བྱང་ཁུལ་ནི་ཞི་ཆང་རིགས་ཀྱི་ཕ་ཡུལ་ཡིན། ཧན་ཕིན་ཏི་ཡོན་ཧྲི་ལོ་བཞི་བ་སྟེ(སྤྱི་ལོ4པར)ཝང་མཱང་གིས་ད་ལྟའི་མདའ་བཞི་རྫོང་དུ་ཞི་ཧེ་ཅུན་བཙུགས། ཧན་གཉིས་ཀྱི་སྐབས་སུ་སྐད་གྲགས་ཡོད་པའི་ཧུའུ་ཆང་ལམ་དང་ཆང་རིགས་དབུས་ལམ་ཆགས་ནས་དར་གོས་ལམ་བུའི་རམ་འདེགས་ལམ་དུ་གྱུར་ཡོད། ཧུའུ་ཆང་ལམ་དེ་ད་ལྟའི་འཇུ་ལག་རྫོང་དང་མདོ་ལ་རྫོང་ཁོངས་བརྒྱུད་ཡོད་ཅིང་། ཅིན་རྒྱལ་རབས་ཤར་མའི་ཧྥ་ཞན་ནུབ་ཕྱོགས་སུ་ཆོས་ལེན་དུ་འགྲོ་དུས་ལམ་འདི་བརྒྱུད་ནས་སོང་བར་བཤད།  སུའེ་དབྱང་ཏིས་ནུབ་ཕྱོགས་ཀྱི་འ་ཞའི་ཡུལ་དུ་དམག་འཇུག་བྱེད་སྐབས་ཙོང་ཆུའི་ལུང་རྒྱུད་དེད་ནས་ཁྲང་ཉིང་ལུང་བ་ནས་གསེར་ཆེན་ལ་བརྒལ་བ་དང་། འཇུ་ལག་དང་མདོ་ལ། ད་ལྟའི་བར་མདོ་ལུང་བ་བརྒྱུད་ནས་འབྲོང་ཡུལ་དུ་ཐོན་པར་བཤད། ཆང་རིགས་དབུས་ལམ་ནི་ད་ལྟའི་མདའ་བཞི་དང་རྐང་ཚ་རྫོང་ཁོངས་བརྒྱུད་ནས་ཡོད་ཅིང་། སུང་རྒྱལ་རབས་ལྷོ་མའི་དགེ་འདུན་པ་ཐན་བོ་ཞན་དང་ཝེ་བྱང་མའི་དགེ་འདུན་པ་སུང་ཡུན་སོགས་ཚང་མ་ལམ་དེའི་ནུབ་རྒྱུད་དེད་ནས་རྒྱ་གར་དུ་ཕྱིན། ཁྲོ་རྒྱལ་རབས་ལྷོ་བྱང་གཉིས་དང་སུའེ་རྒྱལ་རབས་ཀྱི་དུས་སུ། ད་ལྟའི་མཚོ་བྱང་ཁུལ་གྱི་ས་ཆ་འདི་ནི་ཞན་པེ་རིགས་དང་འ་ཞས་བཟུང་བར་བཤད། ཐང་རྒྱལ་རབས་ཀྱི་སྐབས་སུ། ད་ལྟའི་མཚོ་བྱང་ས་ཁུལ་ཡོངས་བོད་བཙན་པོ་རྒྱལ་རབས་ཀྱི་ཆབ་འོག་ཏུ་བཅུག་ཡོད། སུང་རྒྱལ་རབས་ཀྱི་སྐབས་སུ་ཇོ་སྲས་ས་གནས་སྲིད་དབང་གི་ཁོངས་གཏོགས་ས་ཁུལ་ཡིན། ཡོན་རྒྱལ་རབས་ཀྱི་དུས་སུ་ཞོན་ཀྲིན་ཡོན་ཐུ་བྷོད་སོགས་ཁྲུའུ་ཞོན་ཝེ་སི་ཏུའུ་དམག་སྤྱི་ཆེན་མོའི་མངའ་འོག་ཏུ་གཏོགས། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སོག་པོ་མེ་ལི་ཀན་གྱི་འབྲོག་ས་ཡིན།  ཆིང་རྒྱལ་རབས་ཀྱི་ཡུང་ཀྲེང་ཁྲི་ལོ་གཉིས་པའི(1724ལོ)སྔོན་དུ། ཨེ་ལུའུ་ཐེ་སོག་པོའི་ཚོ་བ་སོ་སོའི་འབྲོག་ས་ཡིན། ཡུང་ཀྲེང་ཁྲི་ལོ་གསུམ་པར། འཇུ་ལག་དུ་རྟ་ཐང་ཝེ་བཙུགས་པ་དང་ཟི་ལིང་གི་ཁོངས་སུ་གཏོགས། ཆན་ལུང་ཁྲི་ལོ་དགུ་པར(1744ལོར)རྟ་ཐང་ཝེ་དེ་ད་ལྟའི་རྟ་ཐང་རྫོང་གི་ཁྲིན་ཀོན་གྲོང་རྡལ་དུ་སྤོས། ཆན་ལུང་ཁྲི་ལོ་ཉེར་དྲུག་པར(1761ལོར)ཝེ་དེ་རྫོང་དུ་བསྒྱུར་བ་དང་། དེང་གི་འཇུ་ལག་དེ་རྟ་ཐང་རྫོང་གི་ཁོངས་སུ་གཏོགས། མིན་གོ་ལོ6པར(1917ལོར)མདའ་བཞི་དེ་སྟོང་སྐོར་རྫོང་དང་དུར་ལམ་ལས་འཛིན་གྱི་ཁོངས་སུ་གཏོགས། མིན་གོ་ལོ18པར(1929ལོར)འཇུ་ལག་རྫོང་བཙུགས།  རྐང་ཚ་དེ་དུར་ལམ་ལས་འཛིན་གྱི་མངའ་ཁོངས་ཡིན་ལ་མཚོ་སྔོན་ཞིང་ཆེན་ཀྱི་བདག་སྐྱོང་ཁོངས་གཏོགས་ཡིན། མིན་གོ་ལོ26པར(1937ལོར)མདའ་བཞི་བཅོས་སྐྱོང་ཅུ་བཙུགས། རྐང་ཚ་ནི་ཞིང་ཆེན་སྲིད་གཞུང་གི་ཐད་སྐྱོང་ས་ཆ་ཡིན།  མིན་གོ་ལོ28པར(1939ལོར)འཇུ་ལག་རྫོང་གིས་མདོ་ལ་བཅོས་སྐྱོང་ཅུ་བཙུགས། མིན་གོ་ལོ32པར(1943ལོར)མདའ་བཞི་རྫོང་བཙུགས།

1949ལོའི་ཟླ9པའི་ཚེས12ཉིན། འཇུ་ལག་རྫོང་བཅིངས་འགྲོལ་བྱས། ཟླ11པའི་ཟླ་མཇུག་ཏུ་མཚོ་བྱང་ཁུལ་གྱི་མངའ་ཁོངས་ཧྲིལ་བོ་བཅིངས་འགྲོལ་བྱས། 1950ལོའི་ཟླ10ཚེས30ཉིན་མདའ་བཞི་ཆུས་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་སྟོང་སྐོར་རྫོང་གི་ཁོངས་སུ་གཏོགས་པ་རེད། 1953ལོའི་ཟླ11པའི་ཚེས23ཉིན་མདོ་ལ་རྫོང་མི་དམངས་སྲིད་གཞུང་བཙུགས།  1952ལོའི་ཟླ7པའི་ཚེས24ཉིན་ཀྲུང་གུང་རྐང་ཚ་ཆུས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས། 1953ལོའི་ཟླ12པའི་ཚེས3ཉིན་རྐང་ཚ་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས། 1953ལོའི་ཟླ12པའི་ཚེས31ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཆུས་བཙུགས་པ་དང་། དེའི་ཁོངས་སུ་འཇུ་ལག་དང་མདའ་བཞི། མདོ་ལ། རྐང་ཚ་བཅས་རྫོང4ཡོད། 1955ལོའི་ཟླ5པའི་ཚེས20ཉིན་རང་སྐྱོང་ཆུས་དེ་རང་སྐྱོང་ཁུལ་དུ་བསྒྱུར། ཁུལ་སྲིད་གཞུང་གནས་ཡུལ་དེ་འཇུ་ལག་རྫོང་རྒྱ་མདོ་གྲོང་རྡལ་དུ་ཡོད་པ་དང་། 1993ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ(དེ་སྔའི་རྒྱལ་གཉེར221བཟོ་གྲྭ)དུ་གནས་སྤོ་བྱས་པ་དང་། མཚོ་འཕགས་སྨི3100ཡོད་པ་དང་ཟི་ལིང་དང་བར་ཐག་སྤྱི་ལེ104ཡོད།

【ས་བབ་ཆགས་དབྱིབས།】 མདོ་ལ་རིང་མོ་ནི་ཀྲུང་གོའི་ས་བབ་ཀྱི་སྐས་རིམ་གསུམ་པར་གནས་པ་དང་། མཚོ་བོད་མཐོ་གཞོངས་ཀྱི་བྱང་ཤར་རྒྱུད་དང་ས་སེར་མཐོ་གཞོངས་ཀྱི་ནུབ་མཐའི་ཕྱོགས་སུ་ཡོད། མཚོ་བྱང་ཁུལ་འདི་ཉིད་མདོ་ལ་རིང་མོའི་དབུས་རྒྱུད་དུ་གནས་པ་དང་ཆེས་མཐོ་བའི་མཚོ་འཕགས་སྨི5287དང་ཆེས་དམའ་བའི་མཚོ་འཕགས་སྨི2180ཡིན་ལ། མཚོ་འཕགས་སྨི3000ལས་བརྒལ་བའི་རྒྱ་ཁྱོན་གྱིས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི85%ཡན་ཟིན་ཡོད། ས་བབ་ཆགས་ཚུལ་ལ་བལྟས་ན། གདོད་མའི་ས་དབྱིབས་དང་ཆུ་ལས་གྲུབ་པའི་ས་དབྱིབས། རླུང་ལས་གྲུབ་པའི་ས་དབྱིབས། འཁྱགས་རོམ་གྱི་ས་དབྱིབས་བཅས་ཡོད། ས་བབ་ཀྱི་རྣམ་པའི་ཐོག་ནས་བལྟས་ན། གྲོག་རོང་དང་ལུང་བ། གཤོང་ས།  དེའུ་འབུར། རི་བོ་དམའ་མོ་དང་འབྲིང་ཙམ། མཐོན་པོ་བཅས་ཡོད། མཚོ་བྱང་གི་ས་བབ་ཀྱི་ཁྱད་ཆོས་ལ་གཞིགས་ན་ཁུལ་ཡོངས་ས་བབ་ཁག་གསུམ་དུ་དབྱེ་ཡོད་པ་སྟེ། 1.མདོ་ལ་རིང་མོའི་མཐོ་གཞོངས་རྣམ་པའི་ས་ཁུལ། དེར་མདོ་ལ་རྫོང་ཧྲིལ་བོ་དང་རྐང་ཚ་དང་མདའ་བཞི་རྫོང་གི་རྟ་ཐང་རི་བོའི་བྱང་ཕྱོགས་ཀྱི་ས་ཁུལ་ཚུད་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ16965.86ཡོད། དེས་མཚོ་བྱང་ཁུལ་གྱི་སྤྱིའི་ས་ཁྱོན་གྱི49.88%ཟིན།  ས་བབ་འདིར“རི་བོ་བཞི་ཡིས་གཤོང་ས་བཞི་སྐོར་བའི”རྣམ་པ་མངོན་ཡོད། བར་དམ་གངས་རི་དང་ཐོ་ལེ་རི་བོའི་བར་དུ་ཆུ་ནག་དང་གསེར་ལྡན་ཆུ་བོའི་གཤོང་ས་ཆགས་ཡོད་ལ། ཆུ་བོ་དེ་གཉིས་གཤོང་ས་བརྒྱུད་ནས་བཞུར་གྱིན་ཡོད། ཐོ་ལེ་རི་བོ་དང་བར་དམ་གངས་རི། རྟ་ཐང་རི་བོའི་བར་དུ་ཐོ་ལེ་གཤོང་ས་དང་མུ་རི་གཤོང་ས་ཆགས་ཡོད་པ་དང་།  ཐོ་ལེ་ཆུ་བོ་དང་མུ་རི་ཆུ་བོ(འཇུ་ལག་ཆུ་བོའམ་རྟ་ཐང་ཆུ་ཡང་ཟེར)དེ་རུ་རྒྱུ་བཞིན་ཡོད། 2.མཚོ་སྔོན་པོའི་བྱང་རྒྱུད་ཀྱི་མཚོ་ངོགས་ས་བབ། དེ་ནི་རང་རྒྱལ་གྱི་མཚོ་སྔོན་པོའི་སྐམ་སའི་གཤོང་སའི་ཆ་ཤས་ཤིག་ཡིན་ཞིང་། དེའི་ཁོངས་སུ་མདའ་བཞི་དང་རྐང་ཚ་རྫོང་གི་རྟ་ཐང་རི་བོ་དབྱེ་མཚམས་ཡིན་པའི་ལྷོ་ཕྱོགས་དང་མཚོ་སྔོན་པོའི་བྱང་རྒྱུད། དེ་བཞིན་ཙོང་ཆུའི་སྟོད་རྒྱུད་ཀྱི་ལུང་བ་བཅས་ཚུད་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9937.26ཡོད་ཅིང་། དེས་མཚོ་བྱང་ཁུལ་གྱི་སྤྱིའི་ས་ཁྱོན་གྱི29.177%ཟིན། ས་བབ་འདིའི་བྱང་ཕྱོགས་མཐོ་ལ་ལྷོ་ཕྱོགས་དམའ། བྱང་ཕྱོགས་ནི་རི་མཐོའི་ས་ཁུལ་ཡིན་ལ། དབུས་རྒྱུད་ནི་རི་དམའ་ཞིང་དེའུ་འབུར་ས་ཁུལ་ཡིན། ལྷོ་ཕྱོགས་ནི་མཚོ་ངོགས་བདེ་ཐང་ས་ཁུལ་དང་ཙོང་ཆུའི་ལུང་རྒྱུད་ཡིན། ས་བབ་འདིའི་ནང་གི་བུ་ཧ་ཆུ་བོ་དང་སྐྱིད་སྨོན་ཆུ།  བུ་ཧ་ཨ་ལན་ཆུ་བོ། འོམ་ཆུ། དཔལ་དགེ་ཆུ། ཝ་མགྱོགས་ཆུ་བཅས་ནི་མཚོ་སྔོན་པོའི་མཚོ་ཆུའི་འབྱུང་ཁུངས་གཙོ་བོ་ཡིན། 3.འཇུ་ལག་ཆུ་བོའི་ལུང་རྒྱུད་ཀྱི་ས་བབ། དེར་འཇུ་ལག་རྫོང་ཁོངས་ཧྲིལ་བོར་འདུས་ལ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ7165.32ཡོད་ཅིང་། མཚོ་བྱང་ཁུལ་གྱི་སྤྱིའི་ས་ཁྱོན་གྱི21.03%ཟིན། ནུབ་བྱང་རྒྱུད་དུ་གཡག་མགོ་ལ་དང་། བྱང་ཕྱོགས་སུ་ཀླུ་ལུང་རི་བོ་ཡོད།  ལྷོ་ཕྱོགས་གསེར་ཆེན་ལ་ཡིན་ཞིང་རི་རྒྱུད་གཉིས་ཀྱི་བར་དུ་གནས་ཡོད། ནུབ་བྱང་གི་རི་བོ་དམའ་ཞིང་དེའུ་འབུར་མང་ལ། ཤར་རྒྱུད་ནི་རི་ཁུག་གྲོག་རོང་ས་ཁུལ་ཡིན། འཇུ་ལག་ཆུ་བོ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བཞུར་གྱིན་ཡོད། རང་སྐྱོང་ཁུལ་གྱི་ས་བབ་ཁྱད་ཆོས་ནི་ས་བབ་མཐོ་བ་དང་། སྒང་གཤོང་གི་སྒྲོམ་གཞི་མངོན་གསལ་དོད་པ། རིགས་སྣ་མང་བ་བཅས་ཡིན་པས་མཐོ་གཞོང་ཧྲིལ་པོ་ཡངས་ཤིང་རྒྱ་ཆེ་ལ། བརྗིད་ཉམས་ལྡན་པ་ཞིག་ཡིན།

【རི་རྒྱུད་གཙོ་བོ】མཚོ་བྱང་ཁུལ་ནི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་དབུས་རྒྱུད་དུ་གནས་པ་དང་། མདོ་ལ་རིང་མོར་གཏོགས་པའི་བྱང་རྒྱབ་ལྷོ་རི(ཤར་ལྷོའི་ཕྱོགས་སུ་བསྲིངས་བ་དེར་ཀླུ་ལུང་རི་ཞེས་འབོད)དང་། ཐོ་ལེ་རི་བོ། ཐོ་ལེ་ལྷོ་རི།  རྟ་ཐང་རི་བོ(ཤར་ལྷོའི་ཕྱོགས་སུ་བསྲིངས་ཡོད་པ་དེར་གསེར་ཆེན་ལ་ཞེས་འབོད)སོགས་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་བསྲིངས་པའི་རི་ཀློང་གི་རྩེ་མོ་དགུང་ལ་ཟུག་ཅིང་རྔམ་བརྗིད་དཔུང་གིས་འགྱིངས་ནས་མཚོ་བྱང་མཐོ་གཞོངས་འཛིན་མའི་ས་མཐོའི་སྒྲོམ་གཞི་གྲུབ་ཡོད་ལ། ས་བབ་དེ་ནུབ་ཕྱོགས་མཐོ་ལ་ཤར་ཕྱོགས་དམའ་ཞིང་། རི་ཚོགས་མང་ཆེ་བའི་མཚོ་འཕགས་སྨི4000ཡས་མས་ཡིན། ཆེས་མཐོ་བ་ནི་ཐོ་ལེ་ལྷོ་རི་ན་གནས་པའི་རི་ལྔའི་ཤར་ལུང་གི་རི་རྩེ་ཡིན་ལ་མཚོ་འཕགས་སྨི5287ཡིན། ཆེས་དམའ་བ་ནི་མདོ་ལའི་ཆུ་ནག་སྨད་རྒྱུད་ཀྱི་རྩི་ལུང་ཆེ་བའི་ལྷོ་ཕྱོགས་ཀྱི་ལུང་མདོ་ཡིན་ལ།  མཚོ་འཕགས་སྨི2180ཡོད། ལྟོས་བཅོས་ཀྱི་མཐོ་དམན་སྨི3100ཡིན།

 1.བྱང་རྒྱབ་ལྷོ་རི། མངའ་ཁོངས་ཀྱི་མཚོ་འཕགས་སྨི4000~4767ཡོད་པ་དང་། བྲག་རིའི་གྲུབ་ཚུལ་ནི་ཨོ་ཐོ(奥陶)དུས་རབས་སུ་འཕྱུར་བའི་མེ་རིའི་བྲག་རྡོ་དང་། གཡའ་མ། བྱེ་རྡོ་ལྗང་མདོག ཞུན་ཆགས་བྱེ་རྡོ། སྨུག་མདོག་བྱེ་རྡོ། རྡོ་སོལ་བར་འཚང་ཡིན་པའི་བྲག་རྡོ་སོགས་ཀྱིས་གྲུབ་པ་ཡིན། 

 2.ཀླུ་ལུང་རི་བོ། རི་རྩེ་སྤྱིར་བཏང་དུ་མཚོ་འཕགས་སྨི4500ཡས་མས་ཡིན་པ་དང་། ཆེས་མཐོ་བའི་རི་རྩེ་སྟེ་གངས་དཀར་ཡིད་བཞིན་ནོར་བུའི་མཚོ་འཕགས་སྨི5254.5ཡིན། རི་བོ་དེ་འཛེང་རྡོ་དང་འཛེང་རྡོ་སྟག་ཁྲ། ཀ་མ་རུའི་བྲག་རྡོ་བཅས་ལས་གྲུབ་ཡོད། 

3.ཐོ་ལེ་རི་བོ། རི་རྩེ་མང་ཆེ་བའི་མཚོ་འཕགས་སྨི4500ཡོད་ལ། ཆེས་མཐོ་བའི་རི་རྩེའི་མཚོ་འཕགས་སྨི5159ཡོད། བྲག་རི་ཕལ་ཆེ་བ་མེ་རིའི་བྲག་རྡོ་དང་གཡའ་མ། བྱེ་རྡོ་ལྗང་མདོག  བྱེ་རྡོའི་བྲག་བཅས་ལས་གྲུབ་པ་དང་། མཚོ་འཕགས་སྨི4800ཡན་གྱི་རི་རྩེ་རུ་དེང་རབས་ཀྱི་འཁྱགས་རོམ་ཆགས་ཡོད། 

4.ཐོ་ལེ་ལྷོ་རི།  སྤྱིར་བཏང་གི་མཚོ་འཕགས་སྨི4000ཡིན་པ་དང་། ཆེས་མཐོ་ཤོས་ནི་རི་ལྔའི་ཤར་ལུང་གི་ནུབ་ལག་ལུང་བའི་རི་རྩེ་ཡིན། མཚོ་འཕགས་སྨི5287ཡོད་ལ། མདོ་རིང་མོའི་གདེངས་སུ་ཆགས་པའི་རི་རྒྱུད་ཡིན། བྲག་རི་ཕལ་ཆེ་བ་ནི་ཞུན་ཐལ་བྲག་རྡོ་དང་བྲག་ལེབ། བྱེ་རྡོའི་བྲག་བཅས་ལས་གྲུབ་ཡོད། མཚོ་འཕགས་སྨི4500ཡན་གྱི་རྫ་རི་མང་པོ་ཡོད་ལ།  ལོ་འཁོར་ཧྲིལ་བོར་ཞུ་རྒྱུ་མེད་པའི་གངས་རི་དང་དེང་རབས་ཀྱི་འཁྱགས་རོམ་མང་པོ་ཆགས་ཡོད། 

5.རྟ་ཐང་རི་བོ། རྟ་ཐང་རི་རྒྱུད་ཀྱི་ཆེས་མཐོ་བའི་རི་རྩེ་ནི་སྤང་རྫ་ཡིན་ལ།  མཚོ་འཕགས་སྨི4755ཡིན། བྲག་རི་འདི་གནའ་བོའི་ཀྲིན་ཏན་ཆ་ཅེ(震旦亚界)དུས་རབས་ཀྱི་ས་ཡོམ་ལས་བྱུང་བའི་བྱེ་སྲེག་དང་རྡོ་ཧྲུག  ཐཱན་སྐྱུར་བྲག་རྡོ་བཅས་ལས་གྲུབ་ཡོད།  

6.གསེར་ཆེན་ལ། ཆ་སྙོམ་གྱི་མཚོ་འཕགས་སྨི4000ཡན་དུ་ཡོད། བྲག་རི་འདི་གནའ་བོའི་ ཀྲིན་ཏན་ཆ་ཅེ(震旦亚界)དུས་རབས་ཀྱི་ས་ཡོམ་ལས་བྱུང་བའི་རྒྱ་མཚོའི་འགྲམ་གྱི་བྱེ་མའི་རྡོ་སྲེག་དང་རྡོ་ཧྲུག ཐཱན་སྐྱུར་བྲག་རྡོ་ལས་གྲུབ་པ་ཡིན། གནམ་གཤིས་ཅུང་བརླན་གཤེར་ཆེ་ལ། དེང་དུས་དུས་རབས་ཀྱི་ཆུ་རྒྱུག་གི་ནུས་པ་ཅུང་ཆེ་བས་ལུང་ཤུར་མང་ཞིང་གད་པ་ཆད་པའི་ཚད་ཅུང་ཚབས་ཆེ་ཡིན། སྐྱེ་དངོས་ཀྱི་ཁྱབ་ཚད་ཧ་ལམ80%ཙམ་ཟིན་ཡོད།

【ཆུ་བོ་གཙོ་བོ།】མཚོ་བྱང་ཁུལ་གྱི་མངའ་ཁོངས་ནི་མཚོ་འཕགས་སྨི4000ཡན་གྱི་རི་མཐོའི་ས་རྒྱུད་དུ་གཏོགས་ལ། ལོ་འཁོར་ཧྲིལ་བོར་ཞུ་རྒྱུ་མེད་པའི་གངས་རི་དང་འཁྱགས་རོམ་མང་བོས་དེང་རབས་ཆུ་རྒྱུག་གི་ནུས་པ་ཅུང་ཆེ་ཞིང་། ས་ངོས་རྒྱུག་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དེ། སྐར་ཆ0.5རེར་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་ལས་ཆེ་བའི་ཆུ་བོ61ཡོད་ལ། དེའི་ནང་རང་སྐྱོང་ཁུལ་མངའ་ཁོངས་ནས་ཕྱི་ཕྱོགས་སུ་བཞུར་བའི་ཆུ་བོ24ཡོད། མདོ་ལ་རིང་མོའི་སྐམ་སའི་ཆུ་རྒྱུད་ཆུ་བོ25ཡོད། མཚོ་སྔོན་པོའི་སྐམ་སའི་ཆུ་རྒྱུད་ཆུ་བོ12ཡོད། ཁུལ་ཡོངས་ཀྱི་ཆུའི་སྤྱིའི་རྒྱ་ཁྱོན་དང་འཁྱགས་རོམ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ29764.56ཡོད་ཅིང་། ཁུལ་ཡོངས་ཀྱི་ས་ཆ་སྤྱིའི་རྒྱ་ཁྱོན་གྱི87%བཟུང་ཡོད།

【ཆུ་བོ་གཙོ་བོ།】

1 .འཇུ་ལག་ཆུ་བོ། མཚོ་བྱང་ཁུལ་གྱི་མངའ་ཁོངས་ནས་ཕྱི་ཕྱོགས་སུ་བཞུར་བའི་ཆེས་ཆེ་བའི་ཆུ་བོ་ཡིན་ལ། རྨ་ཆུའི་ཆུ་རྒྱུད་ལ་གཏོགས་ཤིང་ཙོང་ཆུའི་རིམ་པ་དང་པོའི་ཆུ་ལག་ཡིན། ཆུ་འདིའི་མགོ་ཁུངས་ནི་ཐེམ་ཆེན་རྫོང་གི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་རི་འདབས་སུ་ཡོད་པའི་མུ་རི་ཆུ་མིག(ཆུ་མིག108ཙམ)ཡིན།  ཆར་ཆུ་མང་བོ་དང་འཁྱགས་རོམ་ཞུ་བའི་ཆུ་རྒྱུན་ཡང་ཆུ་བོ་འདིའི་འབྱུང་ཁུངས་གཙོ་བོའི་གྲས་སུ་གཏོགས། ཆུ་བོ་འདི་མདོ་ལ་དང་རྐང་ཚ། མདའ་བཞི། འཇུ་ལག དགོན་ལུང་། ཀན་སུའུ་ཡི་དཔའ་རིས་དང་ཡུང་ཏེང་སོགས་རྫོང་ཁག་བརྒྱུད་དེ་རང་ཞིང་གི(བཀའ་མ་ལོག)མིན་ཧོའི་རྫོང་གི་ཞང་ཐཱང་ནས་ཙོང་ཆུར་འདྲེས་ཤིང་། སྤྱིའི་རིང་ཚད་སྤྱི་ལེ560དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15130དང་། ཆུའི་འདུས་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ11801.29ཡོད། 

2.ཙོང་ཆུ།  ཙོང་ཆུ་ནི་རྨ་ཆུའི་ཆུ་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་ཅིག་ཡིན། ཆུ་འདིའི་མགོ་ཁུངས་ནི་མདའ་བཞི་རྫོང་ཤྭ་ངུར་ཆུའམ་པོ་ཧུའུ་ཐུའུ་ཆུ་ཡིན་ཞིང་། ཤྭ་ངུར་ཤར་ལུང་ངམ་པོ་ཧུའུ་ཐུའུ་ཤར་ལུང་ནས་བཞུར། ཤྭ་ངུར་ལུང་བ་ནས་ཆུ་ཕྲན་སྣ་ཚོགས་འདུས་ནས་སྤྱི་ལེ7ཡས་མས་ལ་བཞུར་རྗེས་མང་ཆེ་བ་ས་འོག་ཏུ་ཐིམ་ནས་སྤྱི་ལེ17ཙམ་བཞུར་རྗེས། མཱ་ཕྱག་དགོན་པའི་ཤར་བྱང་ཕྱོགས་དང་ཧ་རུ་ཝུ་སུ་ཆུ་མགོ་ནས་ཡར་བརྡོལ་ཏེ་མཱ་ཕྱག་ཆུ་དང་ས་གྲུ་བཞི་ཆུ། ཐུ་ཨར་ཀན་ཆུ། དཔལ་སྦྱིན་ཆུ་བཅས་མདའ་བཞི་རྫོང་མཁར་གྱི་ཤར་ཕྱོགས་ནས་མཉམ་དུ་འདྲེས་ཏེ། མེར་ཀན་ཙོ་འགག་ནས་ཙོང་ཆུ་རུ་འབོད་པའི་མགོ་བརྩམས་པ་ཡིན། ལོ་མང་རིང་ཆ་སྙོམ་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི4.48དང་ལོ་རེའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི0.35ཡིན། སྨད་རྒྱུད་དུ་ཆུ་མཛོད1ཡོད་པར་སྟོང་རྟ་ཐང་ངམ་སྟོང་མདའ་ཐང་ཞེས་འབོད་པ་དང་ཆུའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི2200ཡོད། ཆུ་བོ་འདི་ནི་མདའ་བཞི་གཤོང་ས་དང་ཙོང་ཆུའི་ཆུ་མགོ་གཙོ་བོ་ཞིག་རེད། 

3. ཆུ་ནག   ཆུ་ནག་དེ་མདོ་ལ་རྫོང་ཁོངས་སུ་ཡན་ལག་ཆུ་བོ་ཆེན་པོ་གཉིས་སུ་དབྱེ་ཡོད་པ་སྟེ། ཐོ་ལེ་ཆུ་བོ་དང་ཆུ་ནག་གཉིས་ཡིན། སོ་སོ་ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་བཞུར་གྱིན་ཡོད་ལ། ཅིའུ་ཆོན་དང་འབྲོང་ཡུལ་བྱང་རྒྱུད་དུ་གཅིག་དུ་འདྲེས་ནས་སྤྱི་མིང་ལ་ཆུ་ནག(ཀན་སུའུ་ནས་ཀན་ཀྲོའུ་ཆུ་བོ་ཡང་ཟེར)ཞེས་འབོད་པ་དང་།  བྱེ་ཐང་དུ་འཛུལ་ནས་བྱེ་ཐང་གི་མཚེའུ་ཅུས་ཡན་མཚོ་ཆགས་པ་རེད།(1)ཐོ་ལེ་ཆུ་བོ།  ཀན་སུའུ་ཞིང་ཆེན་གྱིས་པེ་ཏ་ཆུ་བོ་ཟེར། ཆུ་ནག་གི་རིམ་པ་དང་པོའི་ཆུ་ལག་ཡིན་ལ་མགོ་ཁུངས་ཐོ་ལེ་རི་བོ་དང་ཐོ་ལེ་ལྷོ་རིའི་འཕྲེད་རྒྱུག་རི་རྒྱུད་ནུབ་ངོས་ཀྱི་ན་དཀར་ལྡང་ཡིན། ཆུ་བོ་འདི་གཡང་ལུང་གི་ཁོངས་སུ་སྤྱི་ལེ110.8ཡོད་པ་དང་། ཆུའི་འདུས་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2728.49ཡོད། ལོ་མང་རིང་ཆ་སྙོམ་གྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི8.3དང་ལོ་རེའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2.68ཡིན། (2)ཆུ་ནག་ནུབ་ལག  ཆུའི་མགོ་ཁུངས་ནི་འབྲོང་ལུང་གི་བར་དམ་གངས་དཀར་ཡིན་ལ། མདོ་ལ་རྫོང་གི་འབྲོང་ལུང་ཡུལ་ཚོ་དང་རྫ་དམར་ཡུལ་ཚོ། རྡོ་རྗེ་དཔལ་བརྒྱུད་ནས་གསེར་ལྡན་ཆུ་བོར་འདྲེས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ192ཡོད། ཆུའི་འདུས་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5089.4ཡོད། ལོ་མང་རིང་ཆ་སྙོམ་གྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ22.4དང་། ལོ་རེའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.089ཡོད།(3)གསེར་ལྡན་ཆུ་བོ།  ཆུ་ནག་ཤར་རྒྱུད་གྱི་ཆུ་ལག་ཡིན། མགོ་ཁུངས་ནི་གཡག་མགོ་ཉག་ཁའི་ལྷོ་འདབས་ཀྱི་ལུང་ཤུར་ཡིན་ལ། ཤར་ནས་ནུབ་ཕྱོགས་སུ་བཞུར་གྱིན་ཡོད། མཁར་དམར་གྲོང་རྡལ་དང་ཨ་རིག་ཡུལ་ཚོ། བཙུན་མོ་གཞོང་གྲོང་རྡལ་བཅས་ཡུལ་ཚོ་གསུམ་བརྒྱུད་ནས་རྡོ་རྗེ་དཔལ་གྱི་འདབས་སུ་ཆུ་ནག་དང་འདྲེས་ཡོད། རིང་ཚད་སྤྱི་ལེ108.5ཡོད་པ་དང་། ཆུའི་འདུས་ཚད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2508ཡོད། 

4.བུ་ཧ་ཆུ། བུ་ཧ་ཆུ་ནི་ཐེམ་ཆེན་རྫོང་ཁོངས་སུ་ཡོད་པའི་གངས་དཀར་ཕྱོགས་རྣམ་རྒྱལ་གྱི་ཤར་ལྷོའི་འདབས་ནས་བཞུར་བ་དང་། རིང་ཚད་སྤྱི་ལེ300ཡོད། དེ་ནི་ཐེམ་ཆེན་དང་གསེར་ཆེན། རྐང་ཚ་བཅས་རྫོང་གསུམ་གྱི་ས་མཚམས་ཆུ་བོ་ཡིན། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ14442(རྐང་ཚ་ས་ཁོངས་སུ་སྤྱི་ལེ་གྲུ་བཞི་མ70.5)ཡོད།  ལོ་རེར་ཆ་སྙོམ་གྱི་ཆུའི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ25.26དང་། ལོ་རེའི་ཆུའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར7.966ཡོད། ཆུ་བོ་འདི་ནི་ལོ་ཧྲིལ་བོར་མཚོ་སྔོན་པོར་བཞུར་བའི་ཆུ་ཁུངས་ཆེ་ཤོས་ཡིན་ལ། མཚོ་ནང་དུ་བཞུར་བའི་ཆུའི་སྡོམ་འབོར་གྱི60%བཟུང་ཡོད།

5.སྐྱིད་སྨོན་ཆུ། ཆུ་བོ་འདི་བུ་ཧ་ཆུ་བོའི་བྱང་ངོས་ཀྱི་ཆུ་ལག་ཡིན་པ་དང་། མགོ་ཁུངས་ནི་ཤར་རྫོང་ཞེས་པའི་ཐང་ཆེན་ལ་འབྲེལ་ཞིང་། རིང་ཚད་སྤྱི་ལེ94ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ930(མངའ་ཁོངས་ནང་གི་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ797ཡོད)ཡིན། ཆ་སྙོམ་གྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ1.653དང་། ལོ་རེའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར0.5123ཡོད། 

6. བུ་ཧ་ཨུ་ལེན་ཆུ་བོ། ཆུ་བོ་འདི་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཤར་ཕྱོགས་ཀྱི་སྤྱི་ལེ0.7ཙམ་གྱི་མཚམས་སུ་ཡོད། མགོ་ཁུངས་རྟ་བརྒྱད་དང་ཁྲ་ཝོར་སོགས་ཡིན་ལ། མཚོ་སྔོན་པོའི་ནང་བཞུར་བའི་ཆུ་བོ་ཞིག་ཡིན་པ་དང་། རིང་ཚད་སྤྱི་ལེ52ཡོད། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ592ཡོད། ལོ་རེར་ཆ་སྙོམ་གྱི་ཆུའི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་0.7487ཡིན་པ་དང་། ལོ་རེའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར0.2361ཡིན།

7.འོམ་ཆུ། མིང་གཞན་ལ་གཡུ་དཀར་འོམ་ལུང་ཆུ་ཡང་ཟེར། རྐང་ཚ་རྫོང་མཁར་བྱང་ཕྱོགས་ཀྱི་སྤྱི་ལེ0.2ཀྱི་མཚམས་སུ་ཡོད། རྟ་ཐང་རི་བོའི་ནུབ་རྒྱུད་ཀྱི་སྤང་རྫ་རི་བོའི་ལྷོ་ངོས་ནས་ཐོན་པ་དང་། ཆུ་མགོ་ནི་དར་ཆགས་པའི་ན་འདམ་ཡིན། བ་ཡན་ཆུ་བོ་དང་ཨེར་ཨའེ་ཆུ་བོ་གཉིས་མཉམ་དུ་འདྲེས་ནས་གྲུབ་ཞིང་། མཚོ་སྔོན་པོའི་ནང་བཞུར་གྱིན་ཡོད། སྤྱིའི་རིང་ཚད་སྤྱི་ལེ95དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1366ཡོད། ཆ་སྙོམ་གྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ7.53དང་། ལོ་རེའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.374ཡིན། 

8.དཔལ་དགེ་ཆུ། ཆུ་བོ་འདི་ནི་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཤར་ཕྱོགས་ཀྱི་སྤྱི་ལེ5ཡི་མཚམས་སུ་ཡོད། ཐེ་ཕྱིའི་གོང་ཁའི་ཤར་འདབས་ནས་ཐོན་ཏེ་མདའ་བཞི་རྫོང་ཁོངས་ཀྱི་ཚ་སྣ་ཆུར་འདྲེས་ནས་མཚོ་སྔོན་པོའི་ནང་བཞུར་གྱིན་ཡོད།  ཆུ་བོའི་ལྷོ་སྣེ་ནི་རྐང་ཚ་དང་མདའ་བཞི་རྫོང་གཉིས་ཀྱི་ས་མཚམས་ཆུ་བོ་ཡིན་པ་དང་། རིང་ཚད་སྤྱི་ལེ129ཡོད། ལོ་རེར་ཆ་སྙོམ་གྱི་བཞུར་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ398དང་། ལོའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.2551ཡིན།

【མཚེའུ་གཙོ་བོ།】མཚོ་སྔོན་པོ་ནི་མཚོ་བྱང་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རང་རྒྱལ་གྱི་སྐམ་སའི་ཚྭ་མཚོ་ཆེས་ཆེ་ཤོས་ཡིན། 2008ལོ་ནས་བཟུང་། མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ལག་ཏུ་བསྟར་མགོ་བརྩམས་ནས་རྩྭ་ས་བཅོས་སྐྱོང་དང་ནགས་འཛུགས་རྩྭ་འདེབས། རླུང་འགོག་བྱེ་འཇགས་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2013ལོར་ཆར་ཆུ་དཀོན་པའི་དུས་སུ་མཚོ་ངོས་ཀྱི་མཚོ་འཕགས་སྨི3196དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ104དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ62ཡོད། ཆེས་གཏིང་བའི་ཚད་ལ་སྨི31.4ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4337.48ཡོད་ཅིང་། ཆ་སྙོམ་གྱི་གཏིང་ཚད་སྨི21ཡོད། དེ་ལོ་གོང་མ་ལས་སྤྱི་ལེ་གྲུ་བཞི་མ46.69འཕར་ཡོད་པ་རེད། ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར739ཡོད།  མཚོ་ཆུ་ཆ་སྙོམ་གྱི་གཏེར་འགྱུར་བྱེད་ཚད་ཧྲེང་རེར་ཁེ12.32ཡིན། ཚྭ་འདུས་ཚད1.25%ཡིན། བུ་ཧ་ཆུ་བོ་དང་། འོམ་ཆུ། བུ་ཧ་ཨ་ལེན་ཆུ་བོ། དཔལ་དགེ་ཆུ་བོ་བཅས་ཆུ་བོ་ཆེན་པོ་བཞི་ནི་མཚོ་སྔོན་པོའི་མཚོ་ཆུའི་ཡོང་ཁུངས་གཙོ་བོ་ཡིན་པ་དང་། དེ་རྗེས་ནས་མཚེའུ་ཞབས་ཀྱི་ཆུ་མིག་དག་ཡིན། 

【འཁྱགས་རོམ】 མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་འཁྱགས་རོམ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ371.71ཡོད་ཅིང་། འཁྱགས་རོམ་གྱི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར130.44ཡོད། འཁྱགས་རོམ་ནི་ཆུ་བོ་དང་ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་སྤྱོད་ཆུའི་ཡོང་ཁུངས་གཙོ་བོ་ཡིན། མདོ་ལ་རིང་མོའི་འཁྱགས་རོམ་ནི་མཚོ་སྔོན་ཞིང་ཆེན་གྱི་འཁྱགས་རོམ་གཙོ་བོ་ཡིན་སྟེ། ཐོ་ལེ་རི་བོ་དང་། བྱང་རྒྱབ་ལྷོ་རི། ཐོ་ལེ་རི་བོ། ཀླུ་ལུང་རི་བོ་སོགས་རི་བོའི་སྟེང་ཁྱབ་ཡོད། ལན་ཀྲོའུ་འཁྱགས་རོམ་འཁྱགས་ས་ཞིབ་འཇུག་ཁང་གི་དཔྱད་གཞིར་གཞིགས་ན། མདོ་ལ་རིང་མོའི་རྒྱུད་དུ་ཁྱོན་སྡོམ་འཁྱགས་རོམ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1334.7ཡོད་པ་དང་། འཁྱགས་རོམ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར615.49ཡོད། རང་སྐྱོང་ཁུལ་མངའ་ཁོངས་ནང་གི་འཁྱགས་རོམ་རྒྱ་ཁྱོན་གྱིས་མདོ་ལ་རིང་མོ་རི་རྒྱུད་ཀྱི་འཁྱགས་རོམ་རྒྱ་ཁྱོན་གྱི27%ཟིན་པ་དང་། འཁྱགས་རོམ་གསོག་ཚད་ཀྱིས21.20%བཟུང་ཡོད། འཁྱགས་རོམ་གྱི་ཤུགས་རྐྱེན་གྱིས་རི་མཐོའི་ས་ཆའི་བརླན་གཤེར་སྙོམ་སྒྲིག་དང་ཆུ་རྒྱུན་གྱི་མཁོ་སྤྲོད། གནམ་གཤིས། དྲོད་ཚད། ས་དྲོད། འཁྱགས་ས་བཅས་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

【གནམ་གཤིས】མཚོ་བྱང་ཁུལ་གྱི་གནམ་གཤིས་ནི་ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དེའི་ཁྱད་ཆོས་ནི། གྲང་ངར་ཆེ་བའི་དུས་ཡུན་རིང་བ་དང་། དྲོད་བསིལ་གྱི་དུས་ཐུང་བ། ཉི་འོད་འདང་ངེས་ཡོད་པ། ཉི་མའི་ཁྱབ་འགྱེད་ཆེ་བ། སྐམ་རློན་དུས་ཚིགས་གསལ་བ། ཆར་ཆུ་དང་ཚ་བ་དུས་ཚིགས་གཅིག་པ། མཚན་མོར་ཆར་ཆུ་མང་བ་དང་དང་རླུང་ཆེ་བ་བཅས་ཡིན། ལོ་རེའི་ཆ་སྙོམ་གྱི་དྲོད་ཚད་ནི-2.4~1.4℃ཡིན་པ་དང་། ཆེས་མཐོ་བའི་དྲོད་ཚད་ནི33.3℃ཡིན་ལ། ཆེས་དམའ་བའི་དྲོད་ཚད་ནི-36.3℃ཡིན། ལོ་རེའི་ཆ་སྙོམ་གྱི་ཆར་ཆུ་འབབ་ཚད་ཧོ་སྨི426.8ཡིན་པ་དང་། ཆེས་མཐོ་བའི་ཆར་ཆུ་འབབ་ཚད་ཧོ་སྨི479.4ཡིན། ཆེས་དམའ་བའི་ཆར་ཆུ་འབབ་ཚད་ཧོ་སྨི341.1ཡིན། ལོ་རེའི་ཉི་འོད་འཕྲོ་ཚད་ནི་ཆུ་ཚོད2517.6~2995.3བར་ཡིན། ལོ་རེར་ཆ་སྙོམ་གྱི་འགྱེད་འཕྲོའི་ཚད་སྨི་གྲུ་བཞི་མ་རེར5210.2MJ~6568.3MJཡིན། བལྟོས་མེད་ཀྱི་བ་མོ་མེད་པའི་དུས་སྐབས་གཏན་ནས་མེད།







སྐབས་སྔོན་མ། མེད།

སྐབས་རྗེས་མ། མདོ་ལ།

མཉམ་སྤྱོད།