དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ལུས་ལ་གྱོན་པའི་ཤུལ་བཞག་རིག་གནས། མངའ་རིས་ཀྱི་རྨ་བྱའི་རྒྱན་གོས།

2023-04-06 16:24:35   |   3593

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་ཉི་གཞོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.jpg

མངའ་རིས་ནི་བོད་ཀྱི་སྟོད་ཕྱོགས་སུ་ཡོད་ཅིང་། སྔོན་ཞང་ཞུང་གི་ཡུལ་དབུས་ཡིན་པར་བཤད་ལ། བཙན་པོ་ཁྲི་སྲོང་གིས་མངའ་རིས་བོད་ཀྱི་དབང་འོག་ཏུ་བསྡུས། དེ་ཡང་དུས་རབས་བཅུ་པའི་བོད་བཙན་པོ་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་སྟོད་ཕྱོགས་སུ་བྱོན་ཏེ་ཆབ་སྲིད་བཟུང་ཞིང་། སྲས་རྣམས་ཀྱིས་མང་ཡུལ་དང་སྤུ་ཧྲེང་། གུ་གེ་སོགས་བཟུང་བས་མངའ་རིས་སྐོར་གསུམ་ཞེས་པའི་མིང་བྱུང་བ་ཡིན། མངའ་རིས་ནི་བསྟན་པ་ཕྱི་དར་གྱི་འགོ་ཁུངས་གཙོ་བོ་ཞིག་ཡིན་ལ། ད་ལྟའི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན། མངའ་རིས་ས་ཁུལ་དུ་སྒར་རྫོང་དང་རུ་ཐོག་རྫོང་། རྩ་མདའ་རྫོང་དང་སྤུ་ཧྲེང་རྫོང་། དགེ་རྒྱས་རྫོང་དང་སྒེར་རྩེ་རྫོང་། ཆུ་ཆེན་རྫོང་དང་ལུང་དཀར་རྫོང་སོགས་རྫོང་བདུན་ཡོད། རྒྱ་གར་དང་བལ་པོ། ཁ་ཆེ་སོགས་ས་ཁུལ་དང་འབྲེལ་ཡོད། མངའ་རིས་སུ་ཧི་མ་ལ་ཡ་དང་གངས་ཏེ་སེ། ཁ་ལ་ཁུ་ནའི་རི་རྒྱུད་སོགས་གནས་པ་དང་མཚོ་འཕགས་སྨི་4500ཡས་མས་ཡོད་པས་འཛམ་གླིང་ཡང་རྩེ་ཡི་ཡང་རྩེ་ཡིན།

2.jpg

བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ། ད་བར་ཉར་ཚགས་བྱས་པའི་ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ཀྱི་རྒྱན་གོས་ཏེ། སྤུ་ཧྲེང་གི་རྒྱན་གོས་ལ་ལོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེའི་ཁྲོད་ཀྱི་ཆེས་མཛེས་སྡུག་ལྡན་ཞིང་། ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ནི་བུད་མེད་ཀྱི“རྨ་བྱའི་རྒྱན་གོས”དེ་རེད། སྤུ་ཧྲེང་རྫོང་འཁོར་སྐྱ་གྲོང་ཚོའི་དུད་ཁྱིམ་7གྱིས་མེས་པོའི་ལག་ནས་རྒྱུན་འཛིན་བྱས་པའི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱན་གོས་ཆ་ཚང་7ཉར་ཚགས་བྱས་ཡོད་ཅིང་། རྒྱན་གོས་ཆ་ཚང་གཅིག་གི་ལྗིད་ཚད་ལ་སྤྱི་རྒྱ་25ཡོད་ཅིང་། དེའི་ཐོག་གསེར་དང་། དངུལ། གཡུ། མ་ན་ཧོ་། བྱུ་རུ། མུ་ཏིག་སོགས་རིན་ཆེན་གྱི་ནོར་བུ་ཡོད་ཅིང་། དེ་ནས་ལོ་ངོ་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་མངོན་གྱི་ཡོད་པ་དང་། དུས་རབས་མང་པོ་བརྒྱུད་པའི་སྒྱུ་རྩལ་གྱི་གཅེས་ནོར་ཞིག་སྟེ། “ལུས་ལ་གྱོན་པའི་ལོ་ངོ་སྟོང་གི་ལོ་རྒྱུས”ཞེས་སྙན་གྲགས་ཤིན་ཏུ་ཆེ།

3.jpg

རྒྱན་གོས་འདིར་རྨ་བྱའི་རྒྱན་གོས་ཞེས་བཏགས་པའི་རྒྱུ་མཚན་ནི། དེ་ནི་མཚན་སྙན་ལྡན་པའི་རྨ་བྱའི་མཛེས་སྡུག་དང་འབྲེལ་བ་དམ་པོ་ཡོད་ཅིང་། རྨ་བྱ་ཁ་འབབ་ནི་རྨ་བྱའི་རྣམ་པ་དང་མཚུངས་ཤིང་། མཛེས་སྡུག་དང་ཕུན་ཚོགས། བཀྲ་ཤིས་པའི་མཚོན་རྟགས་སུ་གྲགས། རྨ་བྱ་ལྟ་བུའི་མཛེས་སྡུག་སྲུང་འཛིན་བྱ་བ་དང་བཀྲ་ཤིས་རྟེན་འབྲེལ་ཇི་སྲིད་བར་གནས་པའི་ཕྱིར་དུ། སྤུ་ཧྲེང་གི་འཁོར་ཆགས་གྲོང་ཚོའི་བུ་མོ་རྣམས་ཀྱི་རྒྱན་གོས་འདི་རྨ་བྱས་སྒྲོ་གུར་ཕུབ་པར་དཔེ་བྱས་ཏེ་དར་བར་བཤད་ལ། སྔོན་ཆད་དུས་སྟོན་སྤྲོ་འཛོམས་དང་རྟེན་འབྲེལ་མཛད་སྒོ་སོགས་སུ་ཤོམ་ཞེས་པའི་བྲོ་གར་འཁྲབ་སྐབས་གྱོན་པ་ཡིན། མིག་སྔར་སྤུ་ཧྲེང་གི་འཁོར་ཆགས་གྲོང་ཚོར་གནའ་བོའི་རྨ་བྱའི་རྒྱན་གོས་ཆ་ཚང་8ཉར་ཚགས་བྱས་ཡོད།

4.jpg

རྒྱན་གོས་ཧྲིལ་པོ་རྒྱན་ཆ་དང་གྱོན་གོས་ཕྱོགས་གཉིས་ཀྱིས་གྲུབ་པ་སྟེ། གྱོན་གོས་གཙོ་བོ་ལྭ་དང་སྐ་རགས། རྒྱབ་ཏུ་བཀབ་པའི་རྭ་དཀར་པོའི་ལྤགས་པས་བཟོས་པའི་རྒྱི་པ། འོག་འཇུག །བལ་ལྷམ་སོགས་ཀྱིས་གྲུབ་ཅིང་། རྒྱན་ཆ་ལ་ཚེས་རུའི་དབྱིབས་དང་འདྲ་ཞིང་སྟེང་ངོས་ཡོངས་ལ་གཡུ་ཕྲ་བཀོད་པའི་མགོ་རྒྱན་རྒན་ཆུང་དང་། རྣ་རྒྱན། ཚེས་རུའི་དབྱིབས་ཅན་གྱི་ཕྲག་རྒྱན། ཞེང་ལ་སོར་བཞི་ཅན་གྱི་བྱུ་རུའི་མགུལ་རྒྱན། མདུན་དུ་གའུ་གྲུ་བཞི་གཙོ་བྱས་པའི་ནོར་བུའི་ཕྲེང་བ་མང་པོས་བརྒྱན་ཡོད།

5.jpg

རྨ་བྱའི་རྒྱན་གོས་ནི་རྒྱན་ཆ་འབོར་ཆེན་གྱིས་བརྒྱན་ལ་ཁ་དོག་རྣམ་པར་བཀྲ་བས་གོས་དང་རྒྱན་ཆའི་སྡེབ་སྦྱོར་ཤིན་ཏུ་ཕུན་སུམ་ཚོགས་ཤིང་ཡིད་དབང་འགུག་པ་ཞིག་ཡིན། བརྗིད་ཉམས་དང་རྒྱས་སྤྲོས་ལྡན་པའི་རྨ་བྱའི་རྒྱན་གོས་ལུས་ལ་གྱོན་པ་ཡིས། གནའ་བོའི་སྤྱི་ཚོགས་ཀྱི་ངོ་མཚར་བའི་ཉམས་དང་སྣང་བ་དམིགས་བསལ་བ་ཞིག་སྟོན་ཡོང་།

6.jpg

རྨ་བྱའི་རྒྱན་གོས་ནི་སྤུས་གཙང་གི་ལག་བཟོའི་སྒྱུ་རྩལ་ཁོ་ན་ལ་བརྟེན་ནས་གྲུབ་པ་ཡིན་པས། རྒྱན་གོས་འདིས་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་དང་དབང་དྲག །མཚན་སྙན་དང་གོ་ཐོབ་སོགས་མཚོན་པར་མ་ཟད། བོད་ཀྱི་གནའ་བོའི་རྒྱན་གོས་འདིའི་མདོག་དང་རྒྱུ་སྤུས། གྱོན་སྟངས་སོགས་གང་ཐད་ནས་ཀྱང་ངོ་མཚར་ལྐོག་གྱུར་གྱི་ཚོར་སྣང་རང་བཞིན་ཤུགས་ཀྱིས་སྟེར་བར་བྱེད།

7.jpg

སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་སྤུ་ཧྲེང་རྫོང་གི་བུད་མེད་ཀྱི་རྨ་བྱའི་རྒྱན་གོས་ལས། མི་རིགས་ཀྱི་དམིགས་བསལ་ངང་རྒྱུད་དང་མཛེས་རྟོག་རིན་ཐང་། རིག་གནས་ཀྱི་ཁྱད་རྟགས་སོགས་མཚོན་ཡོད་པ་ཡིན་ནོ། །


སྐབས་སྔོན་མ། མེད།
སྐབས་རྗེས་མ། མེད།
མཉམ་སྤྱོད།