དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས།

2022-12-22 07:59:03   |   1457

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཐོང་རྒྱ་ཆེ་ཞིང་བསམ་བློ་གཏིང་ཟབ་པ་དང་། གོ་དོན་ཕུན་སུམ་ཚོགས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་ལྟ་སྟངས་ཅི་འདྲ་ཞིག་འཛིན་པ་དང་སང་ལོའི་དཔལ་འབྱོར་བྱ་བ་ཇི་ལྟར་བསྒྲུབ་པའི་རྩ་བའི་གནད་དོན་ལ་ལན་བཏབ་ནས། སང་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་དཔལ་འབྱོར་བྱ་བའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་འོད་སྟོང་འབར་བའི་ཚད་ལྡན་ཡིག་ཆ་ཡིན། བློ་མཐུན་ལིས་ཁི་ཆང་དང་བློ་མཐུན་ལིས་ཆང་གཉིས་ཀྱི་གསུང་བཤད་ཀྱིས་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། བྱ་བར་བཀོད་སྒྲིག་བྱས་ལ། ཚན་རིག་དངོས་གཉེར་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། རྒྱུས་ལོན་ཡང་དག་བྱེད་པ་དང་ལག་བསྟར་དམ་འཛིན་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཧ་ཅང་གལ་ཆེ་བའི་ལོ་གཅིག་ཡིན་པ་དང་། འདས་པའི་ལོ་ལྔ་ནི་ཆེས་དཀྱུས་བཏང་མིན་པ་དང་ཆེས་རྒྱུན་ལྡན་མིན་པའི་ལོ་ལྔ་ཡིན་ལ། དུས་རབས་གསར་བའི་ལོ་བཅུ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཁ་ཕྱོགས་བསྒྱུར་བའི་ལོ་བཅུ་ཡིན་པ་དང་། དེ་ནི་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་གནོད་པ་དང་འཛམ་གླིང་གི་འགྱུར་ལྡོག རྒྱལ་ནང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་ཁ་གཏད་འཇལ་བ་སོགས་ཀྱི་ཉམས་སད་མང་པོའི་འོག་བླངས་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་ལས་མཐོ་བའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ལ། གྲུབ་འབྲས་ལེན་རྒྱུ་ལས་སླ་མོ་ཞིག་མིན་པས། སྔར་ལས་གཅེས་སྤྲས་བྱེད་འོས་པ་དང་། ང་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་། རྒྱུན་འཁྱོངས་ལྔའི་རྣམ་བཤད་གལ་ཆེན་ནི་དུས་རབས་གསར་བའི་ལོ་བཅུའི་རླབས་ཆེན་ལག་ལེན་ལ་སྤྱི་སྡོམ་བྱས་ནས་ཐོབ་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དུས་རབས་ཀྱི་གོ་དོན་གསར་བ་བསྣན། སློབ་སྦྱོང་བྱས་པ་བརྒྱུད་དེ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། གྲུབ་འབྲས་དེ་དག་ལེན་ཐུབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་དང་གཏན་ཁེལ་བྱས་པའི་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ལ་ཐུག་པར་ངོས་འཛིན་གཏིང་ཟབ་བྱས། སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་ཆབ་སྲིད་དང་བྱ་སྤྱོད་སྟེང་གི་རང་རྟོགས་སུ་བསྒྱུར་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བརྟན་པོ་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ནས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་འཇོག་དགོས།

ཚོགས་ཐོག་ནས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བའི་སྤྱི་ཁོག་གི་རེ་བ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བརྟན་འཇགས་གཙོར་འཛིན་པ་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་ལྔ་འབྲེལ་འདྲིས་བྱས་ནས་རྒྱུས་ལོན་བྱེད་པ། གཅིག་འདོམས་དྲུག་གི་བྱེད་ཐབས་ལག་བསྟར་བྱེད་པ། མ་ལག་འདུ་ཤེས་དང་དྲང་འཛིན་གསར་གཏོད་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་འཕར་སྣོན་དང་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་དངོས་གོང་བརྟན་འཇགས་སུ་གཏོང་བའི་བྱ་བ་འབུར་དུ་ཐོན་པར་བྱེད་པ། ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་རྣམ་པ་དང་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། དཔལ་འབྱོར་སྤྱི་ཁོག་ནས་ཇེ་བཟང་དུ་གཏོང་བ་དང་ཉེན་ཁར་འགོག་སྡོམ་བྱེད་པ། སྤྱི་ཚོགས་སྤྱི་ཡོངས་ནས་བརྟན་འཇགས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྔར་ལས་བཟང་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཏང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་བྱ་བའི་ཐད་ཀྱི་གནད་དོན་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཚད་གཞིར་འཛིན་པ། རང་འགུལ་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་དམ་འཛིན་བྱས་ཏེ། ཕན་འབྲས་བརྩོན་ལེན་བྱེད་དགོས། ཏང་གི་དཔལ་འབྱོར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པའི་རེ་བ་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ཡིད་ལ་དམ་པོར་འཛིན་པ། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། འགན་འཁྲི་ཕྲག་ཏུ་ལེན་པ། འགན་སྒྲུབ་ནན་མོ་བྱེད་པ་དང་བདེན་འཛིན་དངོས་གཉེར་བྱས་ནས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ། སང་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་པ་དང་། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། འཆར་འགོད་དངོས་དང་ཞིང་ཆེན་ཡོངས་ཀྱི་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་ཟུང་འབྲེལ་བྱེད་པ། སྔོན་དཔག་ཇེ་བརྟན་དུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་དང་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ། ནང་མཁོ་རྒྱ་སྐྱེད་པ་དང་ཡོང་སྒོ་འཕར་སྣོན་བྱས་ནས། ཞན་ཆ་ཁ་གསབ་བྱེད་པ་དང་ཉེན་ཁ་བཀག་འགོག་བྱེད་དགོས། འོས་འཚམ་སྒོས་སྔོན་དཔག་གི་འཕེལ་རྒྱས་དམིགས་འབེན་གཏན་ཁེལ་བྱེད་པ་དང་། དམིགས་འབེན་གཏན་ཁེལ་བྱས་པ་དེས་འགོ་བཟང་བོ་རྩོམ་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་ཕན་པ་ཡོད་པ་དང་། ཉེན་ཁ་བཀག་འགོག་དང་ཐག་གཅོད་བྱ་ཐུབ་པ། ལས་ཞུགས་དང་ཡོང་སྒོ་འཕར་སྣོན་བྱེད་པར་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་བརྩོན་སེམས་དང་ངར་སེམས་ཆེར་སྐྱེད་ཐུབ། སྲིད་ཇུས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། གཙོ་གནད་ལས་འགན་ལ་འཆར་འགོད་ནན་མོ་བྱེད་པ། ལས་གཉེར་ལས་སྐྲུན་གྱི་ངར་སེམས་ཆེར་སྐྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་ངང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། སློབ་གསོ་དང་ཚན་རྩལ་འཇོན་མིའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། དམངས་ཚིས་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པ། དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་ཇེ་བཟང་དུ་འགྲོ་བར་ཁག་ཐེག་བྱེད་པ་དང་། དཔལ་འབྱོར་གྱི་སྤུས་ཀ་མཐོར་འདེགས་གཏོང་བ་དང་གྲངས་ཀ་འོས་འཚམ་སྒོས་འཕར་སྣོན་གཏོང་བར་ཁག་ཐེག་བྱེད་པ། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་གཉེར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་འགོ་བཟང་བོ་རྩོམ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོར། བྱ་བ་ཧ་ཅང་མང་པ་དང་ལས་འགན་ཧ་ཅང་ལྕི་བས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་དུས་རིམ་གསར་བ་དང་རེ་བ་གསར་བ་ལྟར། རིགས་སོ་སོའི་མང་ཚོགས་ལ་ཕན་ལྡན་གྱི་སྨན་བཅོས་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱེད་པ་དང་། ཚོང་ལས་སླར་གསོ་དང་ཐོན་ལས་སླར་གསོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། དམངས་ཚིས་འགན་སྲུང་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚོང་རའི་མཁོ་འདོན་དང་དངོས་གོང་བརྟན་འཇགས་སུ་གཏོང་བ་དང་། འགྲིམ་འགྲུལ་དངོས་སྐྱེལ་གེགས་མེད་ཡོང་བར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་སེམས་ཁུར་བྱེད་པ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པ། ནུས་པ་ཡོད་ཚད་ཀྱིས་མང་ཚོགས་ཀྱི་དཀའ་གནད་སྣ་ཚོགས་ཐག་གཅོད་བཟང་བོ་བྱས་ཏེ། དམངས་ཚིས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་བཟང་དུ་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།


མཉམ་སྤྱོད།