དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅ་ཧྲའི་དམག་འཁྲུག་མཚམས་འཇོག་རྒྱུར་གྲོས་མཐུན་བྱུང་།

2025-01-16 09:05:47   |   2855

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

ཟླ1པའི་ཚེས15ཉིན། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མོ་ཧན་མོ་ཏེས་ཏོ་ཧའི་གསར་འགོད་པའི་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

ཚེས15ཉིན་གྱི་དགོང་མོར་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་མོ་ཧན་མོ་ཏེས་ཏོ་ཧ(多哈)རུ་དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དབར་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས།     

མོ་ཧན་མོ་ཏེས་དགོང་མོ་དེར་ཕྱི་སྣུར་ཐེངས་འགར་བྱས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་སྨྲས་པ། ཁ་ཐར་དང་། ཨེ་ཅིབ། ཨ་རི་བཅས་ཀྱིས་བར་འདུམ་བྱས་པར་གྲུབ་འབྲས་ཐོབ་པ་དང་། ཅ་ཧྲའི་གདོང་ཐུག་ཕྱོགས་ཁག་གིས་དམག་མཚམས་འཇོག་རྒྱུ་དང་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱ་རྒྱུའི་ཐད་གྲོས་མཐུན་བྱུང་། གྲོས་མཐུན་གྱི་དུས་མཚམས་དང་པོ་དེ་ཟླ1པའི་ཚེས19ཉིན་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱིས་བཀར་ཉར་བྱས་པའི་མི་སྣ་གློད་གྲོལ་བཏང་བའི་རིན་དོད་དུ་ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ33གློད་གྲོལ་གཏང་རྒྱུ་རེད། གྲོས་མཐུན་གྱི་དུས་རིམ་གཉིས་པ་དང་དུས་རིམ་གསུམ་པའི་ནང་དོན་ཞིབ་ཕྲ་དུས་རིམ་དང་པོ་ལེགས་གྲུབ་བྱས་རྗེས་ཁྱབ་བསྒྲགས་བྱ་རྒྱུ་རེད།

མོ་ཧན་མོ་ཏེས་སྨྲས་པ། བར་འདུམ་ཕྱོགས་ཀྱིས་ཧ་མ་སི་དང་དབྱི་སི་རལ་དང་མཉམ་ལས་ཀྱིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།  གྲོས་མཐུན་འདི་ནི“ས་ཁུལ་གྱི་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན” བར་འདུམ་ཕྱོགས་ཀྱི་ལྟ་སྐུལ་ཚོགས་པས་གྲོས་མཐུན་ལ་བརྩི་སྲུང་ཡོང་བའི་འགན་ལེན་བྱ་རྒྱུ་རེད།

ཉིན་དེར་ཨ་རིའི་ཙུང་ཐུང་པའེ་ཏེང་གིས་ཕོ་བྲང་དཀར་པོར་གཏམ་བཤད་སྤེལ་ནས་དབྱི་སི་རལ་དང་ཧ་མ་སིས་ཅ་ཧྲར་དམག་མཚམས་འཇོག་རྒྱུ་དང་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་རྒྱུའི་ཐད་གྲོས་མཐུན་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས། པའེ་ཏེང་གིས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་དེ་དུས་མཚམས་གསུམ་དུ་དབྱེ་ནས་ལག་བསྟར་བྱ་རྒྱུ་ཡིན། དུས་མཚམས་དང་པོའི་དུས་ཡུན་ཉིན42ལ། དེའི་ནང་དབྱི་སི་རལ་དང་ཧ་མ་སིས“དམག་མཚམས་རྦད་དེ་མཚམས་འཇོག་རྒྱུ”ལག་བསྟར་བྱ་རྒྱུ་རེད། དུས་མཚམས་གཉིས་པའི་ནང་དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་གྱི་མི་འབོར་འདུས་ཚད་ཆེ་བའི་ས་ཁུལ་ཚང་མ་ནས་ཕྱིར་འཐེན་བྱ་རྒྱུ་དང་། ཧ་མ་སིས་ཨ་རིའི་སྤྱི་དམངས་ཚུད་པའི་བཀག་ཉར་བྱས་པའི་མི་སྣ་ཁག་ཅིག་གློད་གྲོལ་གཏོང་རྒྱུ། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་བཙོན་མ་བརྒྱ་ཕྲག་ཁ་ཤས་གློད་གྲོལ་གཏོང་རྒྱུ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་འབོར་ཆེན་ཅ་ཧྲ་ས་ཁུལ་དུ་འཛུལ་ཆོག་པ་བཅས་བྱ་རྒྱུ་དང་། དམག་མཚམས་འཇོག་རིང་དབྱི་སི་རལ་གྱིས་དུས་བརྟན་དམག་མཚམས་འཇོག་རྒྱུའི་ཐད་ཧ་མ་སི་དང་གྲོས་མོལ་བྱ་རྒྱུ་རེད། དུས་མཚམས་གསུམ་པར་ཧ་མ་སིས་བཀག་ཉར་བྱས་ནས་ཤི་བའི་མི་སྣའི་བེམ་པོ་ཕྱིར་སྤྲོད་བྱ་རྒྱུ་དང་། ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་བསྐྱར་སྐྲུན་གྱི་ལས་མགོ་བརྩམ་རྒྱུ་རེད་ཅེས་བཤད།

ཚེས15ཉིན། དབྱི་སི་རལ་གྱི་ཕྱི་འབྲེལ་པུ་ཀྲང་ཟ་ཨར་གྱིས་གསལ་བསྒྲགས་ཤིག་གི་ནང་སྨྲས་པ། དབྱི་སི་རལ་གྱི་བདེ་འཇགས་ནང་བློན་ཁང་གིས་ཚེས16ཉིན་ཚོགས་འདུ་འཚོག་སྟེ། ཧ་མ་སིའི་དབར་བཞག་པའི་དམག་མཚམས་འཇོག་རྒྱུ་དང་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་རྒྱུའི་གྲོས་མཐུན་ལ་བརྡས་ཐག་གཅོད་རྩིས་ཡོད། དབྱི་སི་རལ་གྱི་ཙུང་ཐུང་ཧེར་ཙུའོ་ཀེས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ནས་དབྱི་སི་རལ་སྲིད་གཞུང་གིས་གྲོས་མཐུན་དེར་ཆོག་མཆན་སྤྲོད་རྒྱུའི་རེ་འབོད་བྱས། 

ཚེས15ཉིན་གྱི་དགོང་མོར་ཧ་མ་སིའི་མཐོ་རིམ་དཔོན་རིགས་ཧ་ལི་ལེ·ཧ་ཡ་ཡིས་བརྙན་འཕྲིན་གཏམ་བཤད་གནང་སྐབས། ཅ་ཧྲའི་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་འཐབ་རྩོད་ཁྲོད“ལོ་རྒྱུས་རང་བཞིན་གྱི་དུས་རིམ”ཞིག་རེད། ཅ་ཧྲ་ས་ཁུལ་བསྐྱར་སྐྲུན་དང་དམག་འཁྲུག་གི་ཤུགས་རྐྱེན་མེད་པར་བཟོ་བའི་དུས་མཚམས་གསར་པའི་ནང་སླེབས་པས་ཕ་ལེ་སི་ཐན་མི་དམངས་ལ་ཅ་ཧྲ་ས་ཁུལ་བསྐྱར་སྐྲུན་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཅེས་བཤད།

ཉིན་དེར་ཅ་ཧྲའི་ས་ཆ་མང་པོ་ཞིག་ཏུ་ཕ་ལེ་སི་ཐན་གྱི་དམངས་ཚོགས་འབོར་ཆེན་ཁྲོམ་གཞུང་དུ་བསྐྱོད་ནས་རྟེན་འབྲེལ་ཞུས་པ་དང་མི་མང་པོ་ཞིག་ཕན་ཚུན་འཐམ་ནས་ངུ་བཞིན་ཡོད། 

2023ལོའི་ཟླ10པའི་ཚེས7ཉིན། ཧ་མ་སིས་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་མངའ་ཁོངས་ཀྱི་དམག་དམངས་ལ་དམིགས་ནས་འཇབ་རྒོལ་བྱས་ཏེ་མི1200ཙམ་རྐྱེན་ལམ་དུ་ཤོར་ལ། ཧ་མ་སི་སོགས་ཕ་ཁི་སི་ཐན་ཕྱོགས་ཀྱི་དྲག་ཆས་མི་སྣས་མི250ཙམ་ཅ་ཧྲ་ས་ཁུལ་དུ་ཁྲིད་ནས་བཀག་ཉར་བྱས།  དེའི་རྗེས་སུ་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་ནས་ཕ་ལེ་སི་ཐན་གྱི་མི་ཁྲི4.6ལྷག་ཙམ་རྐྱེན་ལམ་དུ་ཤོར་དུ་བཅུག


མཉམ་སྤྱོད།