དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུག་རེན་ལ་མཚོན་ཆའི་ཚོད་འཛིན་མེད་པ་བཟོས་པ།

2025-05-27 14:53:09   |   222

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་སྤྱི་ཟླ5པའི་ཚེས26ཉིན། འཇར་མན་གྱི་ཙུང་ལི་མོ་ཚིས་འཇར་མན་དང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཡུག་རེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། འཇར་མན་དང་དེའི་མནའ་གྲོགས་ཀྱིས་ཡུག་རེན་ལ་རོགས་སྐྱོར་བྱེད་པའི་མཚོན་ཆའི་འཕེན་ཐག་ལ་ཚོད་འཛིན་མེད་པ་བཟོས་ཡོད་ཅེས་བཤད་པ་རེད།

11.jpg

མོ་ཚིས་དབྱིན་ཇི་དང་ཧྥ་རན་སི། ཨ་རི་བཅས་ཚང་མས་ཡུག་རེན་ལ་སྐོར་སྐྱོད་འཕུར་མདེལ་རོགས་སྐྱོར་བྱེད་ཀྱིན་ཡོད་པ་དང་འཇར་མན་ཡང་དེའི་ནང་ཞུགས་རྒྱུ་ཡིན་ཞེས་བཤད་ཡོད། འོན་ཀྱང་། མོ་ཚིས་འཇར་མན་གྱིས་ཡུག་རེན་ལ“གསེར་གླང་སྐར་ཁྱིམ”གྱི་སྐོར་སྐྱོད་འཕུར་མདེལ་མཁོ་འདོན་བྱེད་མིན་དེའི་ཐོག་ནས་མཚོན་གྱི་ཡོད་མེད་ཁ་གསལ་བཤད་མེད་པ་རེད།

འཇར་མན་གྱི“གསེར་གླང་སྐར་ཁྱིམ”རྟགས་ཅན་གྱི་སྐོར་སྐྱོད་འཕུར་མདེལ་གྱི་འཕེན་ཐག་སྤྱི་ལེ500ཟིན་གྱི་ཡོད་པ་དང་། དེའི་འཕེན་ཐག་དང་ཞིབ་ཚད་དབྱིན་ཇི་དང་ཧྥ་རན་སིས་ཡུག་རེན་ལ་སྤྲད་པའི“འཚུབ་མའི་གྲིབ་གཟུགས”རྟགས་ཅན་སོགས་འཕུར་མདེལ་ལས་ལྡབ་ཀྱི་མཐོ་བ་ཡོད། ཡུག་རེན་ལ“གསེར་གླང་སྐར་ཁྱིམ”གྱི་སྐོར་སྐྱོད་འཕུར་མདེལ་མཁོ་འདོན་བྱེད་མིན་ཐད་འཇར་མན་རྒྱལ་ནང་དུ་རྩོད་གཞི་ཧ་ཅང་ཆེན་པོ་ཡོད་པ་དང་། མོ་ཚིས་ཙུང་ལིའི་འགན་མ་ཁུར་གོང་ཡུག་རེན་ཕྱོགས་ལ་འཕུར་མདེལ་དེ་མཁོ་འདོན་བྱ་རྒྱུ་ཡོངས་བསྒྲགས་ཐོག་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་མྱོང་།

ཨུ་རུ་སུ་ཕྱོགས་ཀྱིས་བྱ་སྤྱོད་དེ“ཉེན་ཁ་ཧ་ཅང་ཆེན་པོ་ཡོད”ཅེས་བཤད་པ།

ཚེས26ཉིན་ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཕུའུ་ཡིས་མོ་ཚིའི་གཏམ་བརྗོད་ལ་ལན་བཏབ་ནས། གལ་སྲིད་ཡོ་རོབ་རྒྱལ་ཁབ་ཀྱིས་ཡུག་རེན་ལ་རྒྱང་ཐག་རིང་པོའི་རྡུང་རྡེག་མཚོན་ཆ་མཁོ་འདོན་བྱས་ཚེ། དེ་ནི་ཉེན་ཁ་ཧ་ཅང་ཆེན་བའི་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ཨུ་རུ་སུས་ཡུག་རེན་དང་གནད་དོན་འདུམ་འགྲིག་བྱེད་པའི་འདོད་བློ་དང་རྒྱབ་འགལ་དུ་འགྲོ་རྒྱུ་རེད་ཅེས་བརྗོད་ཡོད། 

ཙེ་ལན་སི་ཅིས་འཇར་མན་དུ་འཚམས་འདྲི་བྱ་རྒྱུ་ཡིན་པ།

གཞན་ཡང་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས28ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅིས་འཇར་མན་དུ་འཚམས་འདྲི་བྱ་རྒྱུ་ཡིན་པ་དང་། མོ་ཚིས་ཙེ་ལན་སི་ཅི་དང་ཨུ་ཡུག་དབར་གྱི་ཞི་བདེའི་གྲོས་མོལ་བྱེད་སྲིད་པའི་ཐད་གྲོས་བསྡུར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

མོ་ཚིས་དབྱི་སི་རལ་གྱིས་ཅ་ཧྲར་དམག་དོན་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་བྱས་པ།

མོ་ཚིས་ཉིན་དེར་ད་དུང་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་དྲག་པོ་བྱས་ཡོད། དབྱི་སི་རལ་དམག་གིས་ཅ་ཧྲ་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་པ་ཐད་ལ་མོ་ཚིས་དེ་ནི་མིས་བཟོས་པའི་སྐྱོ་གར་དང་ཆབ་སྲིད་ཀྱི་གནོད་འཚེ་ཞིག་རེད་ཅེས་བརྗོད་ཡོད།


མཉམ་སྤྱོད།