དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་དབར་མཐའ་མཚམས་སུ་གདོང་ཐུག་བྱུང་བ།

2025-10-13 16:17:00   |   57

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ10པའི་ཚེས13ཉིན་འབྱོར་བའི་གློག་འཕྲིན། ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པའི་ཚེས11ཉིན་གྱི་མཚན་གུང་ནས་ཚེས12ཉིན་གྱི་ཐོ་རེངས་བར། ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་དབར་མཐའ་མཚམས་སུ་གདོང་ཐུག་བྱུང་ནས་ཕྱོགས་གཉིས་པོའི་མི་སྣ་ཤི་རྨས་བྱུང་ཡོད། ཕྱོགས་ཁག་གིས་སྐད་ཆ་ཤོད་རེས་དང་ཕྱི་འབྲེལ་བརྒྱུད་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་བཏང་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

ཕ་ཁི་སི་ཐན་གྱི《སྐྱ་རེངས་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གདོང་ཐུག་དེ་ཟླ10པའི་ཚེས11ཉིན་གྱི་མཚན་གུང་ནས་ཚེས12ཉིན་གྱི་ཐོ་རེངས་བར་བྱུང་བ་དང་།  སྐབས་དེར་འཇིགས་སྐུལ་རྩ་འཛུགས“ཕ་ཁི་སི་ཐན་གྱི་ཐ་ལི་པན”དྲག་ཆས་པས་ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མཐའ་མཚམས་སུ་ཕ་ཁི་སི་ཐན་ལ་འཇབ་རྒོལ་བྱས་པ་རེད། ཕ་ཁི་སི་ཐན་དབང་འཛིན་ལས་ཁུངས་ཀྱིས་ཚེས12ཉིན་གསལ་བསྒྲགས་སྤེལ་ནས་མཚན་མོ་དེའི་གདོང་ཐུག་ལས་ཕ་ཁི་སི་ཐན་གྱི་བདེ་འཇགས་དཔུང་སྡེའི་མི23རྐྱེན་ལམ་དུ་ཤོར་བ་དང་མི29ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད། གཞན་ཡང་། བློས་འགོས་ཆོག་པའི་གསང་འཕྲིན་ཚོད་དཔག་དང་གྱོང་གུན་དཔྱད་དཔོག་ལ་གཞིགས་ན། “ཕ་ཁི་སི་ཐན་གྱི་ཐ་ལི་པན”གྱི་དྲག་ཆས་པ་མི200ལྷག་ཙམ་བསད་པ་རེད།   

གསལ་བསྒྲགས་ནང་ད་དུང་བྱ་སྤྱོད་ལྷོད་མེད་སྤེལ་བ་བརྒྱུད་ཕ་ཁི་སི་ཐན་དང་ཨ་ཧྥུ་ཀ་ནི་སི་ཐན་མཐའ་མཚམས་ཀྱི་དགྲར་འཛིན་གཡུལ་ས21དུས་ཐུང་ནང་བཙན་བཟུང་བྱས་པ་དང་། ཕ་ཁི་སི་ཐན་གྱི་འཇབ་རྒོལ་ལ་ཇུས་འགོད་དང་རྒྱབ་སྐྱོར་བྱེད་པའི་འཇིགས་སྐུལ་པའི་སྦྱོང་བརྡར་རྟེན་གཞི་མང་པོ་ཞིག་རྩ་གཏོར་བཏང་ཡོད་ཅེས་འཁོད་ཡོད་པ་རེད།

གསལ་བསྒྲགས་ནང་ཕ་ཁི་སི་ཐན་གྱིས་དགེ་མཚན་ལྡན་པའི་ཕྱི་འབྲེལ་དང་སྐད་ཆ་ཤོད་རེས་བྱས་ནས་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད་པ་ལས་གཏུམ་སྤྱོད་དང་ཁ་གཏད་དུ་ལངས་པ་ཞིག་མིན་མོད། འོན་ཀྱང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ལ་བརྟེན་ནས་ཕ་ཁི་སི་ཐན་ལ་ལག་བསྟར་བྱས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་གང་རུང་ལ་བཟོད་སྒོམ་བྱེད་མི་སྲིད་ཅེས་ནན་གྱིས་བསྟན་ཡོད།   

ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅ་ཤིས་ཏེས་གདོང་ཐུག་ཁྲོད་ཕ་ཁི་སི་ཐན་ཕྱོགས་ཀྱི་མི58རྐྱེན་ལམ་དུ་ཤོར་བ་དང་མི30ལ་རྨས་སྐྱོན་ཕོག་ཡོད། ཐ་ལི་པན་ཕྱོགས་ཀྱི་མི9རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

《ཉིའུ་གཡོད་སྐབས་དོན་ཚགས་པར》ཐོག་ཚེས12ཉིན་མུའུ་ཅ་ཤིས་ཏེས་བཅར་འདྲི་དང་ལེན་བྱས་ནས་ཁ་ཐར་དང་སོ་ཏི་ཨ་རབ་ཀྱི་སྐུལ་ལྕག་འོག་དམག་འཐབ་བྱེད་མཚམས་བཞག་ཡོད་ཅེས་བཤད་པ་རེད། ཁོང་གིས་ཕ་ཁི་སི་ཐན་ལ་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདག་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་གང་རུང་ལ་འཁོན་ལན་སློག་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད།

ཁ་ཐར་གྱི《མཚོ་ཁུག་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཐར་དང་སོ་ཏི་ཨ་རབ་ཀྱིས་གསལ་བསྒྲགས་ནང་གདོང་ཐུག་ཕྱོགས་གཉིས་པོས་སྔོན་ལ་སྐད་ཆ་ཤོད་རེས་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་མི་མཐུན་པའི་ཆ་ཐག་གཅོད་དང་། བཟོད་སྒོམ་རྒྱུན་འཁྱོངས། ཛ་དྲག་གི་དུས་བབ་ཞི་ལྷོད་བཅས་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས9ཉིན་ཕ་ཁི་སི་ཐན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དང་དེ་བཞིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་རྒྱུད་ལ་མཁའ་རྒོལ་བྱས་པས་ཨ་ཧྥུ་ཀ་ནི་སི་ཐན་གྱི་འཁོན་ལན་རང་བཞིན་གྱི་ཕར་རྒོལ་བྱས་ཡོད། འོན་ཀྱང་ཕ་ཁི་སི་ཐན་ཕྱོགས་ཀྱིས་ད་ཐེངས་ཀྱི་མཁའ་རྒོལ་བྱས་པ་ཁས་ལེན་བྱས་མེད།


མཉམ་སྤྱོད།