དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྥ་རན་སེས་ལུའུ་ཧྥུ་ཕོ་བྲང་གི་རིན་པོ་ཆེ་བརྒྱད་བརྐུས་པའི་ཉེས་གསོག་དོགས་ཅན4གྱོད་དུ་ཚུད་པ་གཏན་འཁེལ་བྱས་པ།

2025-10-20 10:20:29   |   62

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


0000.jpg

ཀྲུང་གོའི་གསར་འགྱུར་ཁང་ཕ་རི་སི་ནས་ཟླ10པའི་ཚེས19ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ་ལི་དབྱང)ཧྥ་རན་སེའི་གཞུང་ཕྱོགས་ཀྱིས་ས་གནས་དེ་གའི་ཚེས19ཉིན་གྱི་དགོང་མོར་ལུའུ་ཧྥུ་ཕོ་བྲང་ལ་རྐུ་འཕྲོག་གྱོད་གཞི་བྱུང་བ་དང་ནོར་བུ་བརྒྱད་རྐུ་ཁྱེར་བྱས་པ་གཏན་འཁེལ་བྱས། ཉེན་རྟོག་པས་ཉེས་ཅན་བཞི་འཚོལ་བཞིན་ཡོད།

ཧྥ་རན་སེའི་རིག་གནས་པུས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་བརྡ་ཁྱབ་ནང་བརྐུས་ཟིན་པའི་རིན་པོ་ཆེ་བརྒྱད་ཀྱི་ཞིབ་ཕྲའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་མ་ལི་ལུའུ་དབྱི་སི་བཙུན་མོ་དང་། མ་ལི་ཡ·ཨ་མ་ལི་ཡ་རྒྱལ་མོ། ཨོ་རེན་ཉི་རྒྱལ་མོ་སོགས་ཀྱི་རིན་པོ་ཆེའི་རྒྱན་ཆ་ཚུད་ཡོད་ཅིང་། སྐེ་རྒྱན་དང་། རྣ་ལོང་། བྲང་ཁབ་སོགས་ཡོད། ཉེས་གསོག་དོགས་ཅན་གྱིས་ད་དུང་ཨོའུ་རེན་ཉི་རྒྱལ་མོའི་ཅོད་པན་བརྐུ་རྩིས་བྱས་ཀྱང་བྲོས་བྱོལ་བྱེད་པའི་བརྒྱུད་རིམ་ནང་བསྐྱུར་འདུག ཅོད་པན་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་ལ་དཔྱད་དཔོག་བྱེད་བཞིན་ཡོད།

ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱིས་ཉིན་དེའི་དགོང་མོར་མིག་སྔར་ཉེས་གསོག་དོགས་ཅན4འཚོལ་བཞིན་ཡོད་ཅེས་བཤད། ཁོ་ཚོས་ཉེས་པ་བཟོ་སྐབས་ངོ་གདོང་བཀབ་ཡོད་ཅིང་། ལག་ཏུ་ཐོབ་རྗེས་མྱུར་དུ་སྦག་སྦག་འཁོར་ལོ་ཞོན་ནས་ཡུལ་དངོས་ནས་བྲོས། ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱིས་བཤད་དོན། བརྟག་དཔྱད་མི་སྣའི་ལག་ཏུ་མིག་སྔར་ལུའུ་ཧྥུ་ཕོ་བྲང་དང་ཕ་རི་སི་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་བརྙན་ཕབ་ཡོད་པ་དང་འབྲེལ་དངོས་དཔང་ཁག་གཅིག་ཁོང་དུ་ཆུད་ཡོད། དཔེར་ན། ཉེས་གསོག་དོགས་ཅན་གྱིས་ཉེས་པ་གསོག་སྐབས་གྱོན་པའི་འགག་ལོ་སེར་བོ་ལྟ་བུ།

ཧྥ་རན་སེའི་བརྙན་འཕྲིན་ལས་ཁུངས་མང་པོ་ཞིག་གིས་ད་དུང་ཉེས་གསོག་དོགས་ཅན་གྱིས་ལུའུ་ཧྥུ་ཕོ་བྲང་དུ་ཉེས་གསོག་བྱེད་བཞིན་པའི་བརྙན་རིས་ཞིག་བསྟན་པ་དང་སྐར་ཆ་ཁ་ཤས་རྒྱུན་མཐུད་བྱས་པ་ལས་འགག་ལོ་སེར་བོ་གྱོན་པའི་ཉེས་གསོག་དོགས་ཅན་གྱིས“ཨ་པོ་ལོའི་ཁྱམས་རིང་”ནང་ཁུལ་དུ་ཉེས་གསོག་བྱེད་བཞིན་ཡོད་པ་མངོན་པ་དང་བརྙན་ལམ་ནང་གྱོད་གཞི་བྱུང་སྐབས་ལྟད་མོ་བ་ཚོས་ལྟ་སྐོར་བྱེད་བཞིན་ཡོད་པ་མཐོང་ཐུབ།

ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཉིན་དེའི་དགོང་མོར་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་བརྒྱུད་དེ་ལུའུ་ཧྥུ་ཕོ་བྲང་གི་རྐུ་འཕྲོག་གྱོད་གཞི་ནི་ཧྥ་རན་སེའི་རིན་ཆེན་ནོར་བུའི་ཤུལ་བཞག་ལ་བཙན་གནོད་བྱས་པ་ཞིག་ཡིན་ཞེས་བཤད་པ་དང་། ཧྥ་རན་སེས་རྐུ་ཤོར་བྱུང་བའི་རིག་དངོས་དེ་དག་ཚུར་ལེན་བྱ་རྒྱུ་དང་འབྲེལ་ཉེས་གསོག་མཁན་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད། ཁོང་གིས་ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱི་སྐུལ་འདེད་འོག་འབྲེལ་ཡོད་ཕྱོགས་ཁག་གིས་དམིགས་ཚད་དེ་མངོན་འགྱུར་བྱེད་པར་འབད་པ་ཧུར་ཐག་བྱེད་བཞིན་ཡོད། ཁོང་གིས་ད་དུང་ལུའུ་ཧྥུ་ཕོ་བྲང་གི་བསྐྱར་དར་རྣམ་གྲངས་གསར་པའི་ནང་བདེ་སྲུང་བྱེད་ཐབས་ལ་ཤུགས་སྣོན་རྒྱག་རྩིས་ཡོད་ཅེས་བསྐྱར་བཤད་བྱས།

ཚེས19ཉིན་གྱི་སྔ་དྲོར། ཧྥ་རན་སེའི་ལུའུ་ཧྥུ་ཕོ་བྲང་ལ་རྐུ་འཕྲོག་གྱོད་གཞི་ཚབས་ཆེན་བྱུང་སྟེ། ཧྥ་རན་སེའི་རྒྱལ་པོ་ཚང་གི་ནོར་བུ་དང་ཕ་ལམ་ཉར་ཚགས་བྱས་པའི“ཨ་པོ་ལོའི་ཁྱམས་རིང”ནང་གི་ནོར་བུ་མང་པོ་རྐུ་ཁྱེར་བྱས། མིག་སྔར་ཉེས་གསོག་དོགས་ཅན་ད་དུང་འཛིན་བཟུང་བྱས་མེད།


མཉམ་སྤྱོད།