དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོའི་ཐོག་མའི་སྐར་གྲངས་ཁྱབ་བསྒྲགས་བྱས།

2025-11-13 15:56:17   |   31

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་ཁང་པེ་ཅིང་ནས་ཟླ11ཚེས13ཉིན་གློག་འཕྲིན་འབྱོར་གསལ། པ་ཀ་ཏ་ནས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རག་རང་བཙན་མཐོ་རིམ་འདེམས་བསྐོ་ཨུ་ལྷན་གྱིས་ས་གནས་དེ་གའི་ཚེས12ཉིན་སྐབས་གསར་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོའི་ཐོག་མའི་སྐར་གྲངས་ཡོངས་བསྒྲགས་བྱས། ད་ལྟའི་ཙུང་ལི་སུའུ་ཏ་ཉིས་མགོ་ཁྲིད་གནང་བའི“བསྐྱར་སྐྲུན་དང་འཕེལ་རྒྱས་མནའ་འབྲེལ”གྱི་འདེམས་ཤོག་མང་ཤོས་རེད།

ཐོག་མའི་སྐར་གྲངས་ལྟར་ན།“བསྐྱར་སྐྲུན་དང་འཕེལ་རྒྱས་མནའ་འབྲེལ”དེ་པ་ཀ་ཏ་དང་། ན་ཅེ་ཕུའུ། པ་པི་ལུན་སོགས་ཞིང་ཆེན་བརྒྱད་དུ་སྤ་སེ་ཐོབ་གྲངས་ཨང་དང་པོར་སླེབས། དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཟུར་པ་ཧ་པུའུ་ཞིས་མགོ་ཁྲིད་གནང་བའི་ཞུན་ཉི་ཕྱོགས་ཁག་སྲིད་ཏང་གི“ཡར་ཐོན་ཏང”ལ་ཨན་པར་དང་ས་ལ་ཧོ་ཏིང་ཞིང་ཆེན་གཉིས་སུ་འདེམས་ཤོག་མང་ཤོས་ཐོབ་ཡོད། ཁུའར་ཏེ་སྲིད་ཏང་ཕྱོགས་ནས་ཁུའར་ཏེ་སི་ཐན་དམངས་གཙོ་ཏང་ལ་ཉི་ཝེ་དང་། ཨེར་པི་ལེ། ཏུའུ་ཧུ་ཁ་བཅས་ཞིང་ཆེན་གསུམ་དུ་འདེམས་ཤོག་མང་ཤོས་ཐོབ་པ་དང་། ཁུའར་ཏེ་སི་ཐན་རྒྱལ་གཅེས་མནའ་འབྲེལ་ལ་སུའུ་ལའེ་མན་ཉི་ཡ་དང་ཅིར་ཁུའུ་ཁེ་ཞིང་ཆེན་གཉིས་སུ་འདེམས་ཤོག་མང་ཤོས་ཐོབ་ཡོད།

ཧྥ་རན་སེ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རག་རྒྱལ་དམངས་གྲོས་ཚོགས་ཀྱི་གདན་ཐོབ་བགོ་བཤའ་བྱས་འབྲས་སྔོན་དཔག་བྱས་ན་དགོང་མོའི་དུས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད། དབྱི་རག་གི་རྩ་ཁྲིམས་ལྟར་ན། གྲོས་ཚོགས་ཁྲོད་གདན་ཐོབ་མང་ཆེ་བ་ཐོབ་པའི་ཏང་ཚོགས་ལ་ཙུང་ལིའི་མིང་འདོན་དང་་སྲིད་གཞུང་འཛུགས་པའི་དབང་ཆ་ཡོད། སྲིད་ཏང་རྐྱང་པ་གང་རུང་ཞིག་ལ་གྲོས་ཚོགས་ནང་གོ་གནས་མང་ཆེ་བ་ཐོབ་ཐུབ་པའི་སྲིད་ཕྱོད་ཧ་ལམ་མེད་པས། ཙུང་ལིའི་འོས་མི་དང་སྐབས་རྗེས་མའི་སྲིད་གཞུང་འཛུགས་རྒྱུ་དེ་སྲིད་ཏང་གང་དག་མནའ་འབྲེལ་འཛུགས་ཐུབ་པ་དང་གྲོས་ཚོགས་ནང་གོ་གནས་མང་ཤོས་ཡོད་པར་རག་ལས་ཡོད།

དབྱི་རག་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སུའུ་ཏ་ཉིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ནས་དུས་རིམ་རྗེས་མའི་དམིགས་ཡུལ་ནི་འཆར་གཞི་ཁག་ལག་བསྟར་ནུས་ལྡན་བྱེད་ཐུབ་པའི་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུ་དེ་ཡིན་པ་བསྐྱར་བསྒྲགས་བྱས། ཁོང་གིས་ཕྱོགས་ཁག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་འདེམས་དམངས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་གནང་།

དབྱི་རག་གིས་ཟླ་འདིར་རྒྱལ་དམངས་གྲོས་ཚོགས་སྐབས་གསར་པའི་འདེམས་བསྐོ་བྱས་པ་དང་། ཚེས11ཉིན་དམངས་ཡོངས་ཀྱི་འདེམས་བསྐོ་བྱས། ཚེས9ཉིན་དམིགས་བསལ་ཚོགས་སྤྱིར་ཕྱོགས་པའི་འདེམས་དམངས་ཀྱིས་སྔ་སྣུར་དུ་འདེམས་ཤོག་འཕངས། ཧྥ་རན་སེ་གསར་འགྱུར་ཁང་དང་ལུའུ་ཐུའུ་གསར་འགྱུར་ཁང་སོགས་ཀྱིས་དབྱི་རག་གི་རང་བཙན་མཐོ་རིམ་འདེམས་བསྐོ་ཨུ་ལྷན་གྱི་གྲངས་གཞི་དྲངས་པ་ལྟར་ན། ད་ཐེངས་ཀྱི་འདེམས་ཤོག་འཕེན་པའི་ནང་ཞུགས་མཁན་གྱི་འདེམས་དམངས་མི་གྲངས་ཁྲི1200ལས་བརྒལ་བ་དང་འདེམས་ཤོག་སྡོམ་འབོར56.11%ཟིན་ཡོད། ད་ལོ་ནི2003ལོར་དབྱི་རག་དམག་འཁྲུག་ལངས་རྗེས་དབྱི་རག་གིས་སྤེལ་བའི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོ་ཐེངས་དྲུག་པ་ཡིན།(ཚར།)


མཉམ་སྤྱོད།