དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཨ་རི་དང་ཝེ་ནེ་ཙུའེ་ལའི་ཛ་དྲག་གི་དུས་བབ་འཕྲལ་མར་ཞི་ལྷོད་དུ་གཏོང་བའི་རེ་འབོད་བྱས་པ།

2025-12-18 16:02:31   |   103

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིའི་མགྲིན་ཚབ་པ་གཞོན་པ་ཧ་ཁེ་ཡིས་ཨ་རི་དང་ཝེ་ནེ་ཙུའེ་ལའི་དབར་གྱི་ཛ་དྲག་དུས་བབ་ལ་དོ་ཁུར་བྱེད་པའི་གཙོ་གནད་ནི་གནས་ཚུལ་སྔར་བས་ཆེ་རུ་མི་འགྲོ་བ་བྱ་རྒྱུ་དེ་ཡིན་པ་དང་། ཁོང་གིས་ཕྱོགས་གཉིས་པོས་བཟོད་སྒོམ་བྱས་ཏེ་ཛ་དྲག་གི་དུས་བབ་འཕྲལ་མར་ཞི་ལྷོད་དུ་གཏོང་དགོས་པའི་རེ་འབོད་བྱས། 

དེ་ཉིན་གསར་འགོད་པའི་ཚོགས་འདུའི་ཐོག་སྨྱན་སྦྱོར་ཞིག་གིས་ཨ་རིའི་ཝེ་ནེ་ཙུའེ་ལར་འགྲོ་འོང་བྱེད་པའི་བཀག་སྡོམ་ཕོག་པའི་སྣུམ་གྲུ་ཚང་མར་བཀག་སྡོམ་བྱས་པའི་གནད་དོན་ཐད་དྲི་བ་བཏོན་པ་ན། ཧ་ཁེས་ཀུ་ཐེ་ལེ་སིས་མིག་སྔའི་དུས་བབ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་འབྲེལ་ཕྱོགས་གཉིས་པོར་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་ཁེ་ཕན་འབྲེལ་ཡོད་ཕྱོགས་ཡོངས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཚུད་པའི་བཅའ་ཁྲིམས་སྒྲོམ་གཞི་གཞན་དག་བཅས་ཀྱི་གཏན་འབེབས་འགན་འཁྲི་ལག་བསྟར་བྱེད་པའི་རེ་འབོད་བྱས།

ཝེ་ནེ་ཙུའེ་ལས་མཉམ་འབྲེལ་རྒྱལ་ཚོགས་ལ་འཕྲིན་ཡིག་འབུལ་སྐབས་ཨ་རིའི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ལས་འགལ་བའི་སྐྱོན་འདོན་ཞུ་གཏུག་བྱས་པའི་སྐོར་འདྲི་སྐབས། ཧ་ཁེས་གནད་དོན་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཞིབ་བྱེད་དགོས་ཞེས་བཤད་པ་རེད། 

ཧ་ཁེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབྲེལ་ཡོད་ཕྱོགས་ཁག་གིས་རིམ་སྤོར་བྱ་སྤྱོད་གང་རུང་མི་སྤེལ་བ་དང་། ད་ལྟའི་དུས་མཚམས་སུ་མུ་མཐུད་ཕྱི་འབྲེལ་འབྲེལ་གཏུག་བྱེད་པ་དང་འབྲེལ་གླེང་མོལ་བྱས་ནས་ཞི་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཡིན་ཚུལ་བཤད།


མཉམ་སྤྱོད།