དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་འཐབ་མཚམས་འཇོག་པའི་ཆ་རྐྱེན་ལྔ་བཏོན་པ།

2026-03-26 10:28:34   |   46

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས25ཉིན་དབྱི་རན་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱིས་དབྱི་རན་གྱི་མཐོ་རིམ་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས། དབྱི་རན་གྱིས་ཨ་རིས་བཏོན་པའི་འཐབ་མཚམས་འཇོག་པའི་ཇུས་གཞི་དང་ལེན་མ་བྱས་པ་དང་འབྲེལ་འཐབ་མཚམས་འཇོག་རྒྱུའི་སྐོར་གྱི་དབྱི་རན་ཕྱོགས་ཀྱི་ཆ་རྐྱེན་ཁག5བཏོན་ཡོད་ཚུལ་བཤད། 

དཔོན་པོ་དེས་དབྱི་རན་གྱིས་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་གཏན་འབེབས་བྱས་པའི་དུས་ཚོད་རེའུ་མིག་ལ་མོས་མཐུན་བྱེད་མི་སྲིད། “དབྱི་རན་རང་ཉིད་ཀྱིས་དམག་འཁྲུག་མཇུག་བསྒྲིལ་རྒྱུ་གཏན་འབེབས་བྱ་རྒྱུ་མ་ཟད། རང་ངོས་ཀྱི་ཆ་རྐྱེན་ལ་ཡིད་ཚིམ་སྐབས་གཞི་ནས་དམག་འཁྲུག་མཇུག་བསྒྲིལ་རྒྱུ་ཡིན”ཞེས་བཤད་པ་རེད། 

དཔོན་པོ་དེས་དབྱི་རན་གྱིས་དམག་འཁྲུག་མཇུག་བསྒྲིལ་རྒྱུར་མོས་མཐུན་བྱེད་པའི་ཆ་རྐྱེན་ཁག5རྒྱས་བཤད་བྱས་པ་སྟེ། དགྲ་ཕྱོགས་ཀྱིས་ངེས་པར་དུ“བཙན་འཛུལ་དང་ལྐོག་གསོད་ཀྱི་བྱ་སྤྱོད”རྦད་དེ་མཚམས་འཇོག་བྱེད་དགོས་པ་དང་། རྐྱེན་སྲོལ་ཏན་ཏིག་བཙུགས་ནས་དམག་འཁྲུག་གིས་སླར་ཡང་དབྱི་རན་ལ་བཙན་འགེལ་མི་བྱེད་པའི་འགན་ལེན་བྱེད་དགོས། དམག་འཁྲུག་གི་སྐྱིན་ཚབ་དང་གྱོང་གུན་གྱི་སྐྱིན་ཚབ་འཇལ་བར་འགན་སྲུང་དང་ཁ་གསལ་བཟོ་དགོས། ས་ཁུལ་ཧྲིལ་པོའི་འཐབ་ཕྱོགས་ཡོད་ཚད་དང་འགོག་རྒོལ་རྩ་འཛུགས་ཡོད་ཚད་ཚང་མའི་དམག་འཁྲུག་མཇུག་བསྒྲིལ་དགོས། དབྱི་རན་གྱིས་ཧོར་མུའུ་ཙི་མཚོ་འགག་ལ་བདག་དབང་སྤྱོད་པ་ནི་དབྱི་རན་གྱི་མ་གཞི་ནས་ཡོད་པ་དང་ཁྲིམས་མཐུན་གྱི་དབང་ཆ་ཞིག་ཡིན་པས་ངེས་པར་དུ་ཁས་ལེན་བྱེད་དགོས་པ་བཅས་རེད། 

དཔོན་པོ་དེས་དབྱི་རན་གྱིས་ཟླུམ་པའི་ཕྱོགས་ཚང་མར་འཐབ་མཚམས་འཇོག་སྐབས་ངེས་པར་དུ་དབྱི་རན་གྱི་ཆ་རྐྱེན་ཚང་མ་དང་ལེན་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་དགོས། “དེའི་སྔོན་དུ་གྲོས་མོལ་གང་ཡང་བྱེད་མི་སྲིད། དམག་འཁྲུག་མཇུག་བསྒྲིལ་རྒྱུ་དེ་དབྱི་རན་གྱིས་གཏན་འཁེལ་བྱ་རྒྱུ་ཡིན་པ་ལས་ཁྲོམ་ཕུས་བསམ་ཚོད་བྱས་པའི་དུས་ཚོད་མིན”ཞེས་བཤད། 

ཚེས24ཉིན་ཁྲོམ་ཕུ་སྲིད་གཞུང་གིས་དབྱི་རན་ཕྱོགས་ལ་གདོང་ཐུག་མཇུག་བསྒྲིལ་རྒྱུ་དམིགས་ཡུལ་དུ་བྱེད་པའི“འཆར་གཞི15”བརྒྱུད་སྤྲོད་བྱས། དབྱི་རན་གྱི་ངོས་ནས་བལྟས་ན། “འཐབ་ཇུས་ཕམ་པའི”ཨ་རི་ཕྱོགས་ཀྱིས“རིན་གོང་མཐོན་པོ་ལེན་པ”དང“ཀུན་སློང་མི་གཙང་བ”མ་ཟད། སྔ་ས་ནས“ཡིད་རྟོན་གྱི་མ་རྩ་སྟོངས་པ”ཞིག་ཏུ་གྱུར་ཡོད་པ་རེད། 


མཉམ་སྤྱོད།