དེ་རིང་ནི2026ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱི་གྲོང་ཁྱེར་མང་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ46ཏུ་སླེབས་ཡོད།

2026-04-29 16:13:26   |   123

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས29ཉིན་གྱི་གློག་འཕྲིན། རྒྱ་གར་དུ་ཉིན་ཤས་བསྟུད་མར་ཚ་རླབས་འཕྱུར་ནས་གྲོང་ཁྱེར་མང་པོའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ46ཏུ་སླེབས་པ་དང་། ལོ་གོང་མའི་དུས་མཚུངས་ལས་མངོན་གསལ་དོད་པོས་མཐོ་བ་ཡོད། རྒྱ་གར་གནམ་གཤིས་ཅུས་སྔོན་དཔག་བྱས་པར་གཞིགས་ན། འབྱུང་འགྱུར་གཟའ་འཁོར་གཅིག་རིང་རྒྱལ་ཁབ་དེའི་ས་ཁུལ་མང་ཆེ་བར་ཚ་རླབས་སྔར་བཞིན་རྒྱུན་མཐུད་བྱ་རྒྱུ་རེད།

རྒྱ་གར་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་དེ་དྲོད་ཚད་མཐོ་བའི་དུས་སྐབས་ཤིག་ཏུ་བརྒྱུད་བཞིན་ཡོད་པ་དང་བྱང་ཕྱོགས་མངའ་སྡེའི་པན་ཏ་དང་ཧྥ་ཐ་ཧོ་པུར་སོགས་གྲོང་ཁྱེར་མང་པོར་ཚེས28ཉིན་དྲོད་ཚད་ཧྲེ་ཧྲི་ཏུའུ46སླེབས་ནས་ཚ་བ་བཟོད་དཀའ་བ་དེ་མིག་སྔའི་གོ་ལ་ཧྲིལ་པོའི་ཚ་ཤོས་ཀྱི་གྲོང་ཁྱེར་གྱུར་ཡོད། རྒྱ་གར་གནམ་གཤིས་ཅུས་སྤྱི་དམངས་ལ་ཚ་འགོག་དྲོད་ཚད་གཅོག་པའི་བྱ་ཐབས་སྤྱད་དེ་དྲོད་ཚད་མཐོ་བའི་འབྲེལ་ཡོད་ནད་རིགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

དྲོད་ཚད་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག་རྒྱ་གར་གྱི་དྲོད་སྙོམས་འཕྲུལ་ཆས་དང་རླུང་གཡབ་སོགས་གྲང་བཟོའི་སྒྲིག་ཆས་སྤྱོད་ཚད་ཆེས་ཆེར་འཕར་ནས་གློག་ཤུགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། རྒྱ་གར་གྱི་གློག་སྤྱོད་ཚད་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། རྒྱ་གར་གློག་ཤུགས་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཚེས25ཉིན་གློག་སྤྱོད་ཚད་མཐོ་ཤོས་ཅི་ཝ256ཡིན་པ་དང་ཉིན་གོང་མའི་ཅི་ཝ252ལས་བརྒལ་ཡོད་པ་རེད།

རྒྱ་གར་གྱི་ལོ་རེའི་ཟླ4པ་ནས6པའི་བར་རྟག་ཏུ་ཚ་བ་ཆེན་པོ་ཡོད་པ་དང་། ཟླ7པའི་དུས་རླུང་ཆར་ཆུས་དྲོ་ཚད་དམའ་རུ་འགྲོ་བའི་ནུས་པ་ཐོན་གྱི་ཡོད། རྒྱ་གར་སྲིད་གཞུང་གིས་སྡོམ་རྩིས་བྱས་པར་གཞིགས་ན། 2012ལོ་ནས2021ལོ་བར་རྒྱ་གར་གྱི་མི་ཁྲི1.1ཙམ་དྲོད་ཚད་མཐོ་བའི་རྐྱེན་གྱིས་ཤི་བ་རེད། 2022ལོའི་ཟླ5པ་དང2024ལོའི་ཟླ5པར་ལྡི་ལི་གྲོང་ཁྱེར་དུ་ཧྲེ་ཧྲི་ཏུའུ49.2ཀྱི་ཟིན་ཐོ་བཏོད་ཡོད།


མཉམ་སྤྱོད།