སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ8པའི་ཚེས9ཉིན། ཁུལ་ཡོངས་ཀྱི་རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་དུས་བབ་དབྱེ་ཞིབ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག 2023ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་དང་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གནས་པའི་ནད་དོན་དང་ཧེ་བག་ལ་དབྱེ་ཞིབ་བྱས་ཏེ། ཁུལ་ཡོངས་ཀྱི་འབབ་འཕར་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ནི“ཞིང་གསུམ”ལས་དོན་གྱི་གཙོ་གནད་དང་དཀའ་གནད་ཅིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་བཅོས་སྒྲིག་གི་རྒྱབ་ལྗོངས་ཆེན་པོའི་འོག ལས་དོན་དེའི་གལ་ཆེའི་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་པོའི་ཐོག་ནས་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་ཞིང་ལས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་ཀའི་ཕན་འབྲས་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་། རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་ཐད་མུ་མཐུད་དུ་འབད་བརྩོན་དང་ལས་དོན་བསྒྲུབས་ནས་འབབ་འཕར་ལས་དོན་དེ་ཆ་ཚང་བའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
ཤ་བོ་སྐྱབས་ཀྱིས་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་བཏང་ནས་རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་། འགག་སྒྲོལ་གྱི་མཉམ་ཤུགས་གཅིག་སྒྲིལ་དང་། བསྡུར་གཤིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི30སྒྲིག་འཛུགས་ཀྱིས་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གྲངས་འཛིན་ཅན་གྱི་འགྲེམ་སྟོན་ཁང་དུ་ཡུལ་དངོས་ནས་བརྙན་ལམ་སྙན་སྒྲོན་དང་ཉམས་མྱོང་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་སྒྲུབ་གནས་ཚུལ་སྙན་ཞུ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཉམས་མྱོང་བརྗེ་རེས་ཁྲོད་གྲུབ་འབྲས་མངོན་པ་དང་ཧེ་བག་འཚོལ་བ། མནོ་བསམ་གཏོང་བ། སྐུལ་ལྕག་གཏོང་དགོས། ལས་ཀའི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། ཁུལ་ཨུའི“1+10”ཡིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གནད་དོན་དག་ཐེར་བྱེད་པའི“4+1+N”ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ། གྲོང་ཚོ་རེར་དང་ཤང་གྲོང་རེའི་དུས་བབ་ལ་དབྱེ་ཞིབ་བྱེད་པ། འབབ་འཕར་གྱི་ཞིབ་ཕྲའི་བྱ་ཐབས་གཏན་འཁེལ་བྱེད་པ། ཁྱོན་ཡོངས་ནས་སྦྲེལ་མཐུད་ནུས་ལྡན་གྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་ཅན་གྱི་གཉེར་སྐྱོང་དེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་འཐབ་ས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་དང་། ལམ་ལུགས། མ་དངུལ་སོགས་ཀྱི་ཐད་ནས་གནད་སྨིན་ཤུགས་འདོན་དང་། མཚོ་བྱང་ཁུལ་གྱིས་ནོར་ལུག་བཤས་གཏོང་གི་འབྲེལ་ཡོད་བྱ་དགའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རོང་འབྲོག་པ་དང་དབུལ་སྒྲོལ་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།
ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སི་ཅི་ཧྲེང་། བན་བཀྲ་ཤིས་དོན་འགྲུབ། ཚའོ་ཅི་ཆང་། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁུལ་ཨུའི་སྡེ་ཚན་ཁག་དང་ཁུལ་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།