དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲེན་ཀང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

2023-08-28 16:07:38   |   2492

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


3.jpg

ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གྱི་གསར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཚད་གཞི་མཐོན་པོའི་འཆར་འགོད་ནི་ཆུ་ཚད་མཐོན་པོའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་བླ་སྲོག་ཡིན་པས། མིག་སྔར་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་གཏོད་པ། དམངས་ཀྱི་བློ་གྲོས་སྡུད་པ་དང་ཚན་རིག་དང་མཐུན་པར་འཆར་འགོད་འཐེན་པ། འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་བཏོན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆོག་པ་དང་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཐུབ་པ། མི་དམངས་མང་ཚོགས་ལ་དངོས་ཕན་འབྱུང་བའི་གཉིས་ཕན་བགྲོད་ལམ་འཚོལ་ཞིབ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཉིན་བསྟུད་མར་ཆར་བབས་པས་མཚོ་སྐོར་ས་ཁུལ་གྱི་དྲོད་གྲང་ཐད་ཀར་མར་བབས། ཁྲེན་ཀང་གླང་ཆེན་རྣ་དང151མཛེས་ལྗོངས་ཁུལ། བྱེ་གླིང་མཛེས་ལྗོངས་ཁུལ། མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་ཁུལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཅས་སུ་ཕེབས་ནས། ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཆར་འགོད་ཞིབ་འཇུག་སྒྲིག་བཟོ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། མཛེས་ལྗོངས་ཁུལ་གཉེར་སྐྱོང་དོ་དམ། བྱེ་འགོག་བྱེ་བཅོས། ཀྲུང་དབྱང་ཁོར་ཡུག་ལྟ་རྟོག་ཕྱིར་ལན་གནད་དོན་དག་ཐེར་ཡོ་བསྲང་སོགས་ལས་དོན་གྱི་འཕེལ་འགྲོས་ལ་གཟིགས་ཞིབ་དང་རྒྱུས་ལོན་གནང་བ་དང་། སྐབས་དང་སྐབས་སུ་མཚོ་སྔོན་པོའི་ཆུ་གནས་འགྱུར་ལྡོག་དང་གནས་སྐོར་པ་སྣེ་ལེན་ནུས་པ། གསེར་ཉ་འཛིན་པར་ཀླུང་རྒྱ་བསྡམས་པ། ཆུ་རྩྭ་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་འདྲི་རྟོགས་གནང་། ཕྱོགས་སོ་སོའི་བསམ་བློ་གཅིག་གྱུར་བྱས་ནས། འདུས་ཤུགས་ཆགས་པར་བྱས་ཤིང་ལས་དོན་ལ་སྐུལ་འདེད་བཏང་བའི་བྱེད་ཐབས་དང་། ལྷག་པར་དུ་གནས་སྐོར་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་དུ་བཏང་བ་དང་མཚོ་སྔོན་པོ་སྨན་བཅོས་ཞབས་ཞུ་ས་ཚིགས་བཙུགས་པ་སོགས་བྱེ་བྲག་གི་བྱེད་ཐབས་ལ་གདེང་འཇོག་གང་ལེགས་མཛད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་ནི‘རྒྱལ་དོན་ཆེ་ཤོས’ཡིན་པའི”བླང་བྱ་གལ་ཆེན་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོར་འཛིན་པ་དང་། རང་བྱུང་ལ་བརྩི་བཀུར་ཞུ་བ་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པ། གུས་སྐྲག་གི་སེམས་ལ་བརྟེན་ནས། “མཐོ་སྒང་གི་ཕ་ལམ་སྔོན་པོ”ལྟ་བུའི་རྩི་ཤིང་ཚེ་སྲོག་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། མཚོ་སྔོན་པོའི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོར་བདག་སྐྱོང་ལེགས་པོ་བྱེད་དགོས་ཞེས་བསྟན།

ཁྲེན་ཀང་གིས་རྟོག་ཞིབ་ཁྲོད། མཚོ་སྔོན་པོ་ནི“རབ་མཛེས་མཚོ་སྔོན”གྱི་ཉམས་འགྱུར་དང་ངོ་གདོང་མངོན་པའི་སྒེའུ་ཁུང་གལ་ཆེན་ཡིན་ལ། མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་ནི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ལས་གཉེར་ལས་གཏོད་ཀྱི་བསམ་པའི་ཀུན་སློང་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱེད་པ་དང་། ཤུགས་ཆེན་པོས་ཕྱོགས་སོ་སོའི་རྒྱབ་སྐྱོར་དང་ཕྱོགས་མང་པོའི་རིགས་སྒྲུབ་ཞིབ་འཇུག་བརྩོན་ལེན་བྱེད་པ། རང་བྱུང་ཁོར་ཡུག་དང་བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་སྒོས། དངོས་ཐོག་བདེན་འཚོལ་གྱིས་ལོ་རྒྱུས་དང་དུས་ཚོད་ཀྱིས་ཉམས་ཚོད་ཐེག་པའི་སྤུས་ཚད་མཐོ་བའི་འཆར་འགོད་གཏན་འབེབས་བཟོ་དགོས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྩིས་ཆེན་པོ་རྒྱག་པ་དང་ཡུན་རིང་གི་རྩིས། ཕྱོགས་བསྡུས་ཀྱི་རྩིས་བཅས་རྒྱུན་འཁྱུངས་བྱེད་པ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་དམིགས་དགོས། དངོས་ཡོད་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་བརྩི་བ། མཐོ་འཛེགས་རྒྱང་ལྟ་དང་འཕེལ་རྒྱས་རིགས་ལམ་གསལ་པོར་ཡོད་དགོས་ལ། མཐོ་འཛེགས་རྒྱང་ལྟ་མ་ཡིན་པར་འཐབ་ཇུས་ངེས་ཤུགས་སྲུང་འཛིན་ཡང་བྱེད་དགོས། སྔོན་ལ་ཚོད་ལྟ་དང་རྗེས་ནས་སྐུལ་སྤེལ་གཏོང་བ་དང་། ལེགས་རྐོ་ཞིབ་བརྡར་དང་བརྟན་ཅིང་བརླིང་བར་བྱས་ནས། མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལོ་རེ་རེར་མདུན་སྐྱོད་ཡོད་པ་མངོན་འགྱུར་བྱེད་དགོས། མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་དོ་དམ་མུ་མཐུད་དུ་ལེགས་སྒྱུར་བྱེད་པ་དང་། ད་ཡོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་སྤྱི་སྡོམ་བྱེད་པ། མཛེས་ལྗོངས་ཁུལ་གཞན་པའི་དོ་དམ་ཉམས་མྱོང་དཔྱད་གཞིར་འཛིན་པ། བློ་བསྡུས་དགེ་འཚོལ་དང་ཇུས་ཤུགས་མཉམ་འདོན་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲོམ་རའི་སྟོབས་ཤུགས་བེད་སྤྱོད་པ། ཁེ་ཕན་བགོ་བཤའ་དང་མཐུན་སྡེབ་ལམ་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། གནས་སྐོར་པའི་ལྟ་སྐོར་མྱོང་རོལ་གྱི་ཡིད་ཚིམས་ཚད་མུ་མཐུད་དུ་མཐོར་འདེགས་པ། མིས་བཟོས་འཛུགས་སྐྲུན་དང་ཉེ་འཁོར་གྱི་ཁོར་ཡུག་འཆམ་མཐུན་མཉམ་འདྲེས་ཡོང་བར་བྱས་ཏེ། གནས་སྐོར་སྔོག་འདོན་དང་སྐྱེ་ཁམས་སྲུང་སྐྱོང། བདེ་འཇགས་ཐོན་སྐྱེད་བཅས་སྔར་ལས་གཅིག་གྲོགས་གཅིག་ཏུ་འགྲོ་བ་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞིང་ཆེན་གྱི་མགོ་ཁྲིད་ཀྲུའུ་ཞང་ཧྥེང་དང་ལུའེ་ཀང་། ཧུའུ་ལུའུ་ཁྲུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། 


མཉམ་སྤྱོད།