དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲེན་ཀང་གིས་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་རྟོག་ཞིབ་གནང་སྐབས། སྐྱེ་ཁམས་མཛེས་ཤིང་ཐོན་ལས་དར་བ། མང་ཚོགས་ཕྱུག་པོ་ཡིན་པའི་སྣ་མང་གི་པར་རིས་བྲི་དགོས་པ་ནན་གྱིས་བསྟན།

2023-09-28 11:11:49   |   1099

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས26ནས་ཚེས27ཉིན་བར། ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཀང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བཟོ་བ་དང་། ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། འཁོར་རྒྱུག་བཟང་པོ་ཆགས་པ་བཅས་བྱས་ཏེ་སྐྱེ་ཁམས་ཀྱི་མཛེས་པ་དང་། ཐོན་ལས་དར་བ། མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཀྱི་སྣ་མང་གི་པར་རིས་འབད་པས་བྲི་དགོས་པ་ནན་གྱིས་བསྟན།

1.jpg

ཟླ་དགུ་པའི་མདོ་ལ་རིང་མོའི་སྟོན་ལྗོངས་ནི་པིར་གྱིས་བྲིས་པའི་རི་མོ་ཞིག་དང་འདྲ། ཁྲེན་ཀང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བར་ཕེབས་པ་དང་། ར་གདོང་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ལས་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་དང་རྒྱུས་ལོན་གནང་པ་སྟེ། དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འཁོར་སྐྱོད་དང་དོ་དམ་སྲུང་སྐྱོང་དཔུང་ཁག་འཛུགས་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད། ཆེད་དུ་བར་དམ་གངས་དཀར་དུ་ཕེབས་ཏེ། ཡུལ་དངོས་ནས་གངས་རིའི་སྲུང་སྐྱོབ་གནས་ཚུལ་དང་། མགོ་ཁུངས་བཅོས་སྐྱོང་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁྲེན་ཀང་གིས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འབྲས་བུ་ལ་ཁས་ལེན་གང་ལེགས་གནང་ཞིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན”ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མདོ་ལ་རིང་མོའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས་པ་དང་། དོ་དམ་སྲུང་སྐྱོང་རུ་མིའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་སྐོར་སྲུང་བྱས་ཏེ། ཏང་གི་སྐད་སྒྲ་བརྒྱུད་སྤྲོད་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བཅས་བྱེད་པའི་ཁྲོད་ཀྱི་ཁོང་ཚོའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ། དོ་དམ་སྲུང་སྐྱོང་དཔུང་ཁག་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ལེགས་པའི་བར་འགྱུར་ལྡོག་ཡོང་བ་བྱ་དགོས་པ་ནན་གྱིས་བསྟན། བཙུན་མོ་སྒང་མཛེས་ལྗོངས་ཁུལ་དང་མཁར་དམར་གནའ་མཁར་གནའ་ཤུལ་རྟེན་ ་མཛོད་ཁང་དུ་ཁྲེན་ཀང་གིས་ས་གནས་དེ་གའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ། “སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་དངོས་སྲུང་སྐྱོང་། གནས་སྐོར་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱས་ཏེ་སྤུས་ཚད་མཐོ་བའི་འཆར་འགོད་ལ་བརྟེན་ནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་ནན་བཤད་གནང་།

2.jpg

ཁྲེན་ཀང་མཚོ་སྔོན་གྱི་གསེར་མདོག་འོ་མའི་ལས་རིགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་དུ་ཕེབས་ནས་ས་གནས་དེ་གའི་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་བའི་བྱེད་ཐབས་ལ་ནན་ཏན་ངང་གསན་པ་དང་།  ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་བཀའ་འདྲི་གནང་། སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རིན་ཐང་སྔོག་འདོན་བྱེད་པ། དངུལ་རྩ་དང་དངོས་རྒྱུག མཛོད་ཉར་བཅས་ཀྱི་ཞབས་ཞུ་བཅས་ལ་ཤུགས་བསྣན་ཏེ། ཐོན་ལས་ལ་འཕེལ་རྒྱས་ཡོད་པ་དང་། གྲོང་གསེབ་ལ་དར་རྒྱས་ཡོད་པ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཀྱི་མཉམ་འགུལ་ལམ་ལུགས་འབད་པས་ཆགས་པ་བྱས་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཐོན་ཡུལ་ཆགས་པར་སྟོབས་ཤུགས་འབུལ་དགོས།

ནུབ་ལམ་དམག་བཅིངས་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་ཁང་དུ་ཁྲེན་ཀང་གིས་ལོ་རྒྱུས་ཀྱི་ཡིག་ཆ་ནན་ཏན་ངང་བཀླག་པ་དང་ པར་རིས་ལ་ཞིབ་གཟིགས་གནང་སྟེ། ནུབ་ལམ་དམག་གིས་མདོ་ལ་རིང་མོའི་ཆེད་དམར་འཛིང་བྱས་པའི་ཡིད་སྐྱོ་བའི་ལོ་རྒྱུས་ལ་བརྩེ་སེམས་ཟབ་མོས་ཕྱིར་དྲན་བྱས་ཤིང་། བརྗོད་དོན་སློབ་གསོ་ཁག་གཉིས་པའི་ཁྲོད་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་པ་ལས་སྙིང་སྟོབས་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་ལེན་དགོས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་དགོས་པ་ནན་གྱིས་བསྟན།

ཕྱིར་ལོག་པའི་ལམ་བར་དུ། ཁྲེན་ཀང་འབྲོང་ལུང་ཞང་གི་ལྟེ་བའི་བུ་བཅོལ་ཁང་དུ་བསྐྱོད་དེ་ཕྲུ་གུ་ཚོ་དང་འབྲེལ་འདྲིས་བྱས་པ་དང་། ཟ་ཁང་དང་། ངལ་གསོ་ཁང་། འཕྲོད་སྦྱོར་ཁང་། བྱེད་སྒོ་ཁང་བཅས་སུ་སློབ་གཉེར་གནས་ཚུལ་དང་བཟའ་བཏུང་བདེ་འཇགས་སོགས་ལ་གཟིགས་ཞིབ་ཞིབ་ཕྲ་གནང་། དགེ་རྒན་ལ་ཕྲུ་གུ་ཚོའི་བདེ་འཇགས་བདེ་ཐང་ཨང་དང་པོར་བཞག་ནས་བདེ་འཇགས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། བྱིས་པའི་སྐད་ཡིག་སློབ་སྦྱོང་གི་འགག་རྩའི་དུས་སྐབས་དམ་འཛིན་བྱེད་པ། སློབ་ཞུགས་གོང་གི་བྱིས་པའི་སྤྱི་སྐད་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱི་གཅེས་སེམས་ལ་བརྟེན་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

ཞིང་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཀྲུའུ་ཞང་ཧྥེང་རྟོག་ཞིབ་ཏུ་ཞུགས་ཡོད།


མཉམ་སྤྱོད།