དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧི་མ་ལ་ཡའི་རིག་གནས་ཁྲོད་ཀྱི་ཤིང་ཏོག་རྒུན་འབྲུམ།

2024-01-09 10:25:55   |   2102

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཆ་རུ་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


2.jpg 

《བཻཌཱུརྱ་སྔོན་པོའི་སྨན་ཐང་ལས། སྨན་གྱི་སྡེ་ཚན་སྐོར》དུས་རབས་ཉི་ཤུ་པའི་སྟོད་ཆའི་བརྩམས་ཆོས། ལྷ་ལྡན་སྨན་རྩིས་ཁང་དུ་བཞུགས།
གཡོན་ནས་རིམ་བཞིན། ཤིང་མངར། རྒུན་འབྲུམ། སྟར་བུ།“རྒུན་འབྲུམ་རོ་མངར་བས། གློ་ཚད་དང་བྱིས་པའི་གློ་ནད་ལ་ཕན”

33.jpg

《ས་སྐྱ་ལེགས་བཤད》ལས་བཏུས།(ས་པཎ། 1182-1251)

རྒུན་འབྲུམ་དང་ཁྭ་ཏའི་གཏམ་རྒྱུད་ནི་སྔར་ནས་ཡོད་པ་ཞིག་ཡིན་ཏེ། དེ་དག་ལྷོ་ཨེ་ཤི་ཡའི་ཆོས་ལུགས་སྡེ་ཁུལ་ཁག་ཏུ་རྒྱ་ཆེར་དར་ཡོད། སངས་རྒྱས་ཆོས་ལུགས་དང་ཆི་ན་ཆོས་ལུགས་པ་ཚོས། གཏམ་རྒྱུད་དེ་ལ་བརྟེན་ནས་གང་ཟག་རྣམས་རྒྱུ་འབྲས་ལ་བརྩི་སྲུང་དང་། རྣམ་དཀར་དགེ་བའི་ལས་ལ་འཇུག་ཅིང་ངན་པའི་ཕྱོགས་ལས་ལྡོག་པར་སྐུལ་འདེད་བྱེད་བཞིན་ཡོད།

3.jpg

《བཻཌཱུརྱ་སྔོན་པོའི་སྨན་ཐང་ལས། ས་སྨན་དང་ཤིང་རྩི། ཐང་སྨན་གྱི་ནུས་པ་བསྟན་པའི་སྐོར》དུས་རབས་ཉི་ཤུ་པའི་སྟོད་ཆའི་བརྩམས་ཆོས། རུ་པིན་བཤམས་སྟོན་ཁང་དུ་བཞུགས། གཡོན་ནས་རིམ་བཞིན། ཁ་ཆེའི(ཀསྨིར)མགོ་དཀར་རྒུན་འབྲུམ། ཁ་ཆེའི་འབྲས་ཤོ་རྒུན་འབྲུམ། ཁམས་རྒུན་རིགས་གཉིས། དྭགས་པོའི་རྒུན་འབྲུམ་བཅས་སོ། །

ཁ་ཆེའི(ཀསྨིར)མགོ་དཀར་རྒུན་འབྲུམ་གྱི་འབྲས་བུ་ནི། ཚོན་མདོག་དམར་སེར་ཡིན་ཞིང་བོངས་ཆེ། ཁ་ཆེའི་འབྲས་ཤོ་རྒུན་འབྲུམ་གྱི་འབྲས་བུ་ནི། ཚོན་མདོག་སེར་ཞིང་སྲན་མའི་ཚད་ཙམ་ལས་མེད་ལ་ཐེའུའང་མེད། བོད་ཀྱི་ཁམས་རྒུན་རིགས་གཉིས་ཀྱི་འབྲས་བུ་ནི། ལྗང་མདོག་དང་སྨུག་མདོག་གཉིས་ཡོད་པ་མ་ཟད། བོངས་ཚད་ཀྱང་ཆེ་ཙམ་ཡོད། དྭགས་པོའི་རྒུན་འབྲུམ་གྱི་འབྲས་བུའི་མདོག་སྔོ་ཞིང་བོངས་ཆེ། (འདིར་བཤད་པའི་དྭགས་པོ་ཞེས་པ་དེང་ཉིང་ཁྲི་ས་ཁུལ་གྱི་སྣང་རྫོང་དང་ལྷོ་ཁ་ས་ཁུལ་གྱི་རྒྱ་ཚ་རྫོང་། དེ་བཞིན་ཟངས་རི་རྫོང་གི་ས་ཆ་ཁག་ཅིག་ཚུད་པའི་ཡུལ་དག་ལ་གོ)

སྔར་འབྲོག་པ་སེམས་བཟང་ཅན་ཞིག་འབྱུང་པོའི་འཚེ་བས་གཙེས་ནས་ཕ་ཡུལ་ལས་ཁ་བྲལ་ཏེ་གནས་གཞན་འགྲིམས་པ་ན། ལམ་བར་དུ་ལུས་སྟོབས་ཟད་ནས་དབང་མེད་ས་ལ་འགྱེལ་ཞིང་། དྲན་པ་རབ་རིབ་ཀྱི་བར་ནས་སྔར་རང་གིས་གསོས་པའི་བ་ཞིག་ཡོད་པ་མདུན་དུ་འོངས་ཏེ། བའི་ནུ་མ་འབྲོག་པའི་ཁ་ལ་རེག་པས། ཞིམ་མངར་རོ་བཅུད་ཆེ་བའི་འོ་མས་འབྲོག་པའི་འཚོ་ཟུངས་ཅུང་ཟད་གསོས་པ་ན། ཁོས་ཞིབ་པར་བལྟས་པས། མདུན་དུ་ཡོད་པ་ནི་བ་ཡི་ནུ་མ་མིན་པར་རྒུན་འབྲུམ་ཡིན་པར་མཐོང་།

ཀསྨིར་དང་རྒྱ་གར་བྱང་མའི་གཏམ་རྒྱུད་དག་ཏུ་རྒུན་འབྲུམ་གྱི་དཔེ་རུ་བ་ཡི་ནུ་མ་འགོད་སྲོལ་ཡོད་པ་མ་ཟད། བོད་དུའང་དེ་ལྟར་བྱེད་སྲོལ་མཆིས། དེ་ཡང1961ལོ་ནས1974ལོའི་བར་ལ་དྭགས་ནང་བསྟན་ཚོགས་པའི་ཚོགས་གཙོ་གནང་མྱོང་བའི་འབྲི་གུང་བཀའ་བརྒྱུད་ཀྱི་བཙུན་པ་ལོ་རྒྱུས་སྨྲ་བ་དཀོན་མཆོག་བསོད་ནམས(1910-1987)ཀྱིས་ཀྱང་། གཏམ་རྒྱུད་དེ་ལ་བརྟེན་ནས་བོད་ཀྱི་གདོད་མའི་རྒུན་འབྲུམ་རིག་གནས་ནི་ཨེ་ཤེ་ཡ་དབུས་མའི་ཁུལ་དང་འབྲེལ་བ་ཡོད་པར་གསུངས་ཤིང་། གཏམ་རྒྱུད་ཁྲོད་ཀྱི་རྒུན་འབྲུམ་དེ་ཡང་ལྷ་མོ་འབྲས་བུ་འཛིན་མའི་བྱིན་བརླབ་ཏུ་ངོས་བཟུང་།(བོད་དུ་བུད་མེད་ཀྱི་མཚོན་བྱེད་དུ་རྒུན་འབྲུམ་བཀོད་སྲོལ་ཡོད)

4.jpg

ཆང་བུམ་དང་། ཆང་ཕོར། ལའེ་ཐུང་ཕོར་པ།(ལེའ་ཐུང་ནི། ཡོ་རོབ་དང་ཨེ་ཤི་ཡར་དར་བའི་ཕོར་པ་ཞིག་ཡིན།)སྤུར་རྒྱལ་བཙན་པོའི་སྐབས་ཀྱི་བརྩམས་ཆོས། ཁེ་ལན་ཏོ་ཧྥུ་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། དེའི་ནང་གི་ཅ་དངོས་འགའ་ཤས་ཤིག་ད་ཆ་མི་སྒེར་གྱིས་ཉར་ཚགས་བྱས་ཟིན། གོང་གི་དངོས་རྫས་ཀྱི་ངོས་སུ་ཐག་འཁྱུད་དང་གཅན་གཟན་གྱི་རི་མོ་མཆིས།

སྤྱིར་བོད་ཡིག་ཁྲོད་རྒུན་འབྲུམ་ལ་རྒུན་འབྲུམ་དང་རྒུན་འབྲུ་ཞེས་འབྲི་སྲོལ་ཡོད་ལ། གནའ་བོའི་ཡིག་ཚང་དང་དམངས་ཁྲོད་རྩོམ་རིག་འགའ་ཤས་སུ་དགུན་འབྲུམ་དང་རྒུ་འབྲུམ་ཞེས་བྲིས་པའང་མཇལ་རྒྱུ་འདུག ཚིག་དེའི་འབྱུང་ཁུངས་ལ་ཞིབ་འཇུག་པའི་སྡེས་སྔར་ནས་གཅིག་འགྱུར་གྱི་བཞེད་པ་ཞིག་མེད་ཅིང་། དེ་དག་ཀྱང་གཙོ་བོ་ཁག་གསུམ་དུ་བསྡུས་ན་དེ་ལྟར་ཏེ། ༡ བོད་སྐད་རྒུན་འབྲུམ་ཞེས་པའི་ཚིག་དེ་ཨི་ཤི་ཡ་དབུས་མའམ་བྱང་མ་ནས་དར་ཡོང་བ་ཡིན། ༢ བོད་སྐད་ཁྲོད་ཀྱི་རྒུན་དང་འབྲུམ/འབྲུ་གཉིས་ཀས་འབྲུའི་དོན་བསྟན་ཐུབ་པ། ༣ བོད་སྐད་རྒུན་འབྲུམ་ཞེས་པའི་རྒུན་གྱིས(རྗེས་འཇུག་གི་འཇུག་པའི་དབང་གིས)ལོ་ཏོག་རྒྱས་པའི་དོན་བསྟན་ཞིང་། འབྲུམ་མམ་འབྲུ་དང་ལྷན་དུ་སྦྱར་ཚེ་ལོ་ཏོག་སྨིན་པའི་འབྲུ་ཞེས་པའི་དོན་ལ་གོ་ནུས། དེ་མིན་ད་དུང་སྣང་འཇོག་བྱེད་དགོས་པའི་ཚིག་གཞན་ཞིག་ཡོད་པ་ནི་འབའ་ཤ་ཞེས་པ་དེའོ། ། ཚིག་དེ་ནི་མངའ་རིས་དང་བོད་ཀྱི་ནུབ་ཁུལ་ས་ཆ་ཁག་ནས་ཐོན་པའི་རྒུན་འབྲུམ་ནག་པོ་ལ་གོ

5.jpg

མངའ་བདག་ཁྲི་རལ་པ་ཅན། དུས་རབས་ཉི་ཤུའི་སྨད་ཀྱི་བརྩམས་ཆོས། སྒེར་གྱི་ཉར་ཚགས་ལས་ཁུངས་ཤིག་ལ་བཞུགས།

རྒུན་འབྲུམ་འདེབས་སྟངས་དང་། རྒུན་འབྲུམ་གྱི་བཏུང་བྱ(རྒུན་འབྲུམ་ཆུ་དང་རྒུན་ཆང)བཟོ་སྟངས། རྒུན་ཆང་སྙལ་སྟངས་བཅས་ནི་རྒུན་འབྲུམ་རིག་གནས་ཀྱི་ནང་དོན་གཙོ་བོ་རྣམས་ཡིན། ད་ཡོད་ཀྱི་ཡིག་ཚང་དང་གནའ་དཔྱད་ཞིབ་འཇུག་འབྲས་བུར་གཞིགས་ན། བོད་དུ་བཙན་པོའི་རྒྱལ་རབས་སྐབས་ནས་རྒུན་འབྲུམ་བཏབ་པའི་ལོ་རྒྱུས་ཡོད་པར་གསལ་ཞིང་།(གཙོ་བོ་ནུབ་ཕྱོགས་ནས་ཚུར་དར་བར་གསུངས) དེ་སྐབས་རྒུན་འབྲུམ་གྱི་བཏུང་བྱ་སྣ་ཚོགས་བཟོས་པའང་སྣང་། དཔེར་ན་སྤྱི་ལོ་836ལོར། མངའ་བདག་ཁྲི་རལ་པ་ཅན་བདུད་བློན་གྱིས་ལྐོག་གསོད་བྱེད་སྐབས། ཁོང་གིས་རྒུན་ཆང་ངམ་རྒུན་སྐྱེམས་མཆོད་བཞིན་པར་གསུངས་ལ། དེ་ནི་སྐབས་དེའི་རྒུན་འབྲུམ་རིག་གནས་གླེང་བའི་ལོ་རྒྱུས་ཀྱི་དན་རྟགས་གལ་ཆེན་ཞིག་ཡིན།

ཕྱིས་འབྱུང་བཙན་པོའི་རྒྱལ་རབས་སྐོར་གྱི་ལོ་རྒྱུས(ད་དུང་ཉེ་རབས་སུ་གསར་རྙེད་བྱུང་བའི་ཏུན་ཧོང་གི་གནའ་བོའི་བོད་ཀྱི་དཔེ་རྙིང་ཁག)དང་གནའ་བོའི་བཀའ་བརྒྱུད་པའི་རྣམ་ཐར་སོགས་ལས་གསལ་དོན། སྐབས་དེར་ཆོས་ལུགས་དང་དུས་ཆེན་སོགས་ཀྱི་བྱེད་སྒོའི་སྐབས་སུ་རྒུན་ཆང་འཐུང་སྲོལ་ཡོད་པས། དེ་ནི་བཙན་པོའི་སྐབས་ཀྱི་རིག་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེ་མིན་སྔར་གྱི་མཁས་པ་ཚོས་རྒུན་འབྲུམ་སྐམ་པོ་དང་རྒུན་འབྲུའི་ཆུའམ་(དེ་ནི་ནང་བསྟན་གྱི་གཞུང་དུ་གཙང་པོ་ཞིག་གི་མིང་ལའང་འཇུག)རྒུན་ཆུ་འཐུང་བར་མཉེས་པོ་ཡོད་ཚུལ་མཆིས། བཙན་པོའི་རྒྱལ་ཁབ་སིལ་བུར་འཐོར་རྗེས། སྐུ་དྲག་ཚོས་རྒུན་ཆང་འཐུང་བའི་སྐོར་ནི་ཡིག་ཚང་ཁོ་ནའི་ཐོག་ནས་གསལ་བ(དཔེར་ན་བློན་ཆེན་ཚོས་རིན་སྤུངས་ཁྱིམ་རྒྱུད་ལ་རྒུན་ཆང་ཕུལ་བའི་ལོ་རྒྱུས)ཙམ་མ་ཟད། ཉེ་རབས་མི་རིགས་ཕན་ཚུན་དབར་གྱི་རིག་གནས་འབྲེལ་འདྲིས་དང་ཡང་འབྲེལ་བ་དམ་ཟབ་ཡོད་ཚུལ་ནི། ཚྭ་ཁ་ལྷོ་པའི་ཧྥན་རན་སིའི་ཡེ་ཤུའི་ཆོས་ལུགས་པ་ཚོས(1865ལོར)བོད་ལ་རྒུན་ཆང་སྙལ་བའི་སྐོར་ལ་ནུས་པ་ཐོན་པ་ལྟ་བུའོ།

6.jpg

<<ལམ་རིམ་བླ་མ་བརྒྱུད་པ་ལས། ལྷོ་བྲག་ནམ་མཁའ་རྒྱལ་པོ>>དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ལམ་དུས་སྨད་ཀྱི་བརྩམས་ཆོས།ཊེ་ཝེ·ནཱ་ལིན་གྱིས་ཉར་ཚགས་བྱས་ཡོད།

སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོའི་ངོས་ནས་བྱས་ནའང་། རྒུན་འབྲུམ་གྱི་ཆུ(རྒུན་ཆང་མ་ཡིན)ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་དངོས་སུ་བསྔགས་བརྗོད་མཛད་མྱོང་བའི་བཏུང་བྱ་ཞིག་ཡིན་ཞིང་། དེ་ནི་བྱང་ཕྱོགས(སྤྱིར་ཀསྨིར་ལ་གོ)ཀྱི་འབྱུང་པོ་ཚོས་སངས་རྒྱས་ལ་ཕུལ་བའི་མཆོད་རྫས་ཤིག་ཀྱང་རེད། བོད་ཀྱི་འདུལ་བ་འཛིན་པ་མཚོ་སྣ་བ་ཤེས་རབ་བཟང་པོའི(དུས་རབས་བཅུ་གསུམ་པ)གསུང་ཆོས་སུའང་། སྟོན་པ་བཅོམ་ལྡན་འདས་ཀྱིས་སློབ་མ་ཚོར་རྒུན་འབྲུམ་ཟ་སྟངས་དང་རྒུན་ཆུ་བཟོ་སྟངས་ཀྱི་བརྒྱུད་རིམ་སློབ་སྟོན་མཛད་མྱོང་བའི་སྐོར་གསུངས་ཡོད།

དེ་མིན་མཚོ་སྣ་བའི་སློབ་མ་ལྷོ་བྲག་ནམ་མཁའ་རྒྱལ་པོས(དུས་རབས་བཅུ་གསུམ་ནས་བཅུ་བཞིའི་བར་གྱི་མི)རྒུན་འབྲུམ་གྱི་ཁུ་བ་བླངས་ཚུལ་དེ་གྲུབ་པ་ཉམས་ལེན་གྱི་དཔེ་མཚོན་དུའང་བཀོད་མྱོང་། ཡང་སྐབས་འགར་རྒུན་ཆུ་བླངས་པའི་བརྒྱུད་རིམ་དེ་སངས་རྒྱས་ཆོས་ལུགས་ཀྱི་སྦྱིན་པའི་ལྟ་བ་དང་ཡང་འབྲེལ་བ་ཡོད་དེ། ཁུ་བ་མ་བླངས་ཀྱང་དེ་མེད་པ་མ་ཡིན་མོད། རྒུན་འབྲུམ་མེད་ན་ཁུ་བ་མེད་པ་གཏན་ཁེལ་ཡིན་པ་ལྟར། སྦྱིན་པ་བྱས་ན་ནུས་པ་མེད་མ་ཡིན་མོད། སྦྱིན་པ་གཏོང་མཁན་མེད་ན་སྦྱིན་པའི་ནུས་པ་ཐོན་མི་ཐུབ་པ་གསལ་པོ་ཡིན་པས་སོ། །

7.jpg

རྣམ་ཐོས་སྲས་གཙོ་འཁོར་རྣམས། དུས་རབས་བཅུ་བཞི་པའི་བརྩམས་ཆོས། ཅི་མའེ་རྒྱལ་ཁབ་ཀྱི་ཨེ་ཤི་ཡའི་སྒྱུ་རྩལ་བཤམས་སྟོན་ཁང་དུ་བཞུགས། གཡོན་ཕྱོགས་སུ། ཤིང་ཏོག་དང་རིན་པོ་ཆེའི་རིགས་ཕུལ་བཞིན་པའི་འབྱུང་པོ། གཡས་ཕྱོགས་སུ། བྱང་ཕྱོགས་ཀྱི་ནགས་ཚལ་དང་གཙང་པོ།

རྩོམ་པ་པོ། བསོད་ནམས་དབང་ཆེན།


མཉམ་སྤྱོད།