དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རིགས་ཕྲུ་གུ་ཞིག་དང་འབྲེལ་བའི་མི་སེམས་འགུལ་བའི་གསར་འགྱུར་ཞིག

2024-01-28 11:31:48   |   373

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་པས་བོད་ལྗོངས་ནས་ཧང་ཀྲོའུ་རུ་སླེབས་པའི་ཕྲུ་གུ་ནད་པ་ཞིག་ལ་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱེད་རྩིས་བྱས་ཡོད། ཡིན་ནའང་སྨན་པ་དང་ནད་པའི་ཁྱིམ་བདག་བར་སྐད་བརྡ་མ་འཕྲོད་པར་དཀའ་ངལ་ལ་འཕྲད་པས། སྨན་ཁང་དེས་ཧང་ཀྲོའུ་རུ་སྐད་སྒྱུར་དང་བླངས་པ་བསྡུ་བའི་བརྡ་ཡིག་ཅིག་བཏང་བ་དེ་མི་མང་པོས་བརྒྱུད་སྐུར་བྱས་ཡོད།

ཕྲུ་གུ་དེ་སྐྱེས་ནས་ཟླ10ལས་ཕྱིན་མེད་པ་དང་། ལྷན་སྐྱེས་རང་བཞིན་གྱི་མཁྲིས་ལམ་འགག་པའི་ནད་ཡོད་པའི་ཁར། མཆིན་པའི་བྱེད་ནུས་ཀྱང་ཉམས་ཡོད་པས་འཕྲལ་དུ་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱེད་དགོས་ཀྱི་ཡོད།

微信图片_20240128114701.jpg

  གཤགས་བཅོས་མ་བྱས་གོང་སྨན་ཁང་དེའི་སྨན་པ་ཁྲེན་ཞའོ་ཆོན་ནས་ཕྲུ་གུ་དེའི་ཁྱིམ་བདག་གིས་རྒྱ་སྐད་ཡག་པོ་མི་ཤེས་པས་ཕན་ཚུན་འབྲེལ་གཏུག་བྱེད་དཀའ་བར་གཞིགས་ནས་སྐད་སྒྱུར་དང་བླངས་པ་བསྡུ་བའི་བརྡ་ཡིག་ཅིག་སྤེལ་ཡོད། བསམ་ཡུལ་ལས་འདས་པར་བརྡ་ཡིག་དེ་སྤེལ་ནས་དུས་ཚོད་སྐར་མ་གཅིག་སོང་མ་ཐག་སྨན་པ་ཁྲེན་ཞའོ་ཆོན་ལ་ཧང་ཀྲོའུ་རུ་ཡོད་པའི་བོད་རིགས་དགེ་རྒན་དང་། སློབ་གྲྭ་ཆེན་མོ་བ། ཐ་ན་ལུང་པ་གཞན་དུ་ཡོད་པའི་ཡུལ་སྐོར་སྣེ་ཤན་པ་དང་མགྲོན་ཁང་གི་སྦྱིན་བདག་སོགས་ཀྱི་ཁ་པར་ཡང་འབྱོར་ནས་རོགས་རམ་བྱ་རྒྱུའི་སྐོར་བཤད་ཡོད། ཉིན་དེའི་དགོང་མོ་སྨན་པ་ཁྲེན་ཞའོ་ཆོན་ལ་ཁྱོན་ཁ་པར་ཐེངས500ལྷག་ཙམ་འབྱོར་ཡོད།

2.gif

མཐར་ཧང་ཀྲོའུ་རུ་སློབ་སྦྱོང་བྱེད་མཁན་བོད་རིགས་སློབ་གྲྭ་ཆེན་མོ་བས་ཚོ་ཆུང་ཞིག་སྒྲིག་འཛུགས་བྱས་ནས་སྐད་སྒྱུར་བྱས་པ་དང་། སྨན་ཁང་གིས་ད་དུང་བོད་སྐད་ཤེས་མཁན་སྨན་པ་ཞིག་བཙལ་བ་དང་། གཤགས་བཅོས་བྱེད་སྐབས་སོགས་སུ་རོགས་རམ་གནང་བར་བོས་ཡོད། 

ཕྲུ་གུ་དེའི་ཨ་མ་སྒྲོལ་མ(མིང་ཚབ)ཡིས།  ཕྲུ་གུ་བདེ་ལེགས(མིང་ཚབ)སྐྱེ་སྐབས་གདོང་པ་ཕྲུ་གུ་གཞན་དག་ལས་སེར་བ་འདུག སྨན་པར་རྒྱུ་མཚན་དྲིས་པར་སྨན་པས་དེ་ཕལ་ཆེར་མཁྲིས་ཁུ་རྒྱས་པའི་རྐྱེན་གྱིས་རེད། ཉི་མར་མང་ཙམ་བསྲོས་ན་དྲག་སྲིད་ཅེས་བཤད་ཡོད། དེ་ནས་ཨ་མ་སྒྲོལ་མས་རྟག་པར་བདེ་ལེགས་ཉི་མར་བསྲོས་པ་རེད། ཡིན་ནའང་ཟླ་བ་ཁ་ཤས་འདས་ཀྱང་བདེ་ལེགས་ཀྱི་གདོང་པ་སྔར་བཞིན་སེར་པོ་ཡིན་པ་དང་། གཟུགས་པོའི་སྐྱེ་འཚར་ཡང་ཕྲུ་གུ་གཞན་ལས་འགོར་བ་ཡོད་པས། མཐར་ཨ་མ་སྒྲོལ་མས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཁྲིད་པ་རེད། བསམ་ཡུལ་འདས་པར་བདེ་ལེགས་ལ་མཁྲིས་ལམ་འགག་པའི་ནད་ཡོད་པ་ཤེས་པ་དང་། སྨན་པས་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱེད་དགོས་ཞེས་བཤད་པ་རེད།

3.png

དེ་ལྟར་བདེ་ལེགས་ཀྱི་ཁྱིམ་མི་རྣམས་སེམས་སྡུག་གིས་རབ་ཏུ་མནར་ཞིང་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། དེ་ནས་ཨ་མ་སྒྲོལ་མས་དྲ་ཐོག་ནས་རང་ཉིད་ཀྱི་ཕྲུ་གུར་མཁལ་མ་སྤོ་འཛུགས་ཀྱི་གཤགས་བཅོས་བྱེད་མྱོང་ཡོད་པའི་ཨ་མ་ཞིག་ངོ་ཤེས་པ་མ་ཟད། ཨ་མ་དེའི་ཕྲུ་གུ་དྲག་སྐྱེད་ཡག་པོ་བྱུང་ཡོད་པ་ཤེས་པ་རེད། སེམས་རྩ་འཁོལ་བའི་ཨ་མ་དེས་སྒྲོལ་མ་ནད་གྲོགས་ཀྱི་སྐད་འཕྲིན་ཚོགས་པའི་ནང་བཅུག་པ་དང་། ཚོགས་པ་དེའི་ནང་མཆིན་པ་སྤོ་འཛུགས་བྱས་པའི་ཕྲུ་གུའི་ཁྱིམ་བདག་མང་པོ་ཡོད་པར་མ་ཟད། ད་དུང་ཚོགས་པ་དེའི་ནང་ཀྲེ་ཅང་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་པ་ཡང་ཡོད་པས། སྒྲོལ་མས་སྨན་ཁང་དེར་འབྲེལ་བ་བྱས་ཤིང་། བདེ་ལེགས་ཧང་ཀྲོའུ་རུ་སྨན་བཅོས་བྱེད་པར་ཁྲིད་རྒྱུའི་སེམས་ཐག་བཅད་པ་རེད།

བདེ་ལེགས་ཀྱི་པ་ལགས་ནས་རྒྱ་སྐད་མི་ཤེས་པས། སྤྱི་ཟླ1པོའིཚེས18ཉིན་བདེ་ལེགས་ཀྱི་ཨ་ཁུ་རྒྱ་སྐད་ཤེས་མཁན་ཞིག་དང་སྒྲོལ་མས་བདེ་ལེགས་ཁྲིད་ནས་གནམ་གྲུར་བསྡད་དེ་ཧང་ཀྲོའུ་ལ་ཕྱིན་པ་རེད། སྨན་ཁང་དེས་ཀྱང་མྱུར་སྐྱོབ་རླངས་འཁོར་བཏང་ནས་གནམ་གྲུ་ཐང་དུ་ཁོ་ཚོ་བསུ་བར་སླེབས་ཡོད། སྒྲོལ་མས་དེའི་ཐད། དེ་སྔ་ཐག་རིང་པོ་འདི་འདྲར་འགྲོ་མྱོང་མེད་པས་སེམས་ཁྲལ་ཆེན་པོ་བྱུང་། ཡིན་ནའང་སྨན་པ་གནམ་གྲུ་ཐང་དུ་ང་ཚོ་བསུ་བར་ཕེབས་འདུག་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བརྗོད།

4.png

སྨན་པས་བརྟག་དཔྱད་རབ་དང་རིམ་པ་བྱས་རྗེས། བདེ་ལེགས་ལ་ལྷན་སྐྱེས་རང་བཞིན་གྱི་མཁྲིས་ལམ་འགག་པའི་ནད་ཡོད་པ་མ་ཟད། མཆིན་པའི་བྱེད་ནུས་ཉམས་ཡོད་པས། ལམ་སེང་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་མ་བྱས་ན་གསོན་རེ་མེད་པའི་ཐག་བཅད།

སྤྱི་ཟླ1པོའི་ཚེས22ཉིན་གྱི་སྔ་དྲོར། བདེ་ལེགས་གཤགས་བཅོས་ཁང་དུ་བསྐྱལ་ནས་མཆིན་པ་སྤོ་འཛུགས་ཀྱི་གཤགས་བཅོས་བྱས་པ་རེད། གཤགས་བཅོས་བྱེད་སར་སྐྱེལ་བའི་ལམ་དུ་སྒྲོལ་མས་བདེ་ལེགས་དང་མཉམ་དུ་བསྡད་པའི་བརྙན་ཞིག་བླངས་ནས་བདེ་ལེགས་ཀྱི་ཨ་ཕར་སྐུར་བ་རེད། སྒྲོལ་མས། བདེ་ལེགས་ཀྱི་ཕ་མདང་ནུབ་མ་ཉལ་བར་སྨོན་ལམ་བཏབ་ནས་བསྡད་འདུག་ཅེས་བཤད།

5.png

བདེ་ལེགས་ལ་གཤགས་བཅོས་གནང་མཁན་གཙོ་བོ་ནི་ཀྲེ་ཅང་སློབ་ཆེན་སྨན་ཁང་གཉིས་པའི་ཡོན་ཀྲང་། མཆིན་མཁྲིས་མཆེར་པའི་ཕྱི་བཅོས་ཚན་ཁག་གི་རིག་ཚན་སྣེ་ཁྲིད་པ་དགེ་རྒན་ཆེན་མོ་ཝང་ཝི་ལིན་དང་། མཆིན་མཁྲིས་མཚེར་པའི་ཕྱི་བཅོས་ཚན་ཁག་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། དགེ་རྒན་ཆེན་མོ་ཡན་ཧྲེང་ཡིན་པ་རེད། དགེ་རྒན་ཆེན་མོ་ཝང་ཝི་ལིན་གྱིས། བདེ་ལེགས་ཀྱི་མཆིན་ནུས་ཉམས་པའི་ནད་གཞི་ཅུང་ཚབས་ཆེན་པོ་ཡིན་པར་མ་ཟད་ལོ་ན་ཆུང་བ་དང་དབང་པོ་སྐྱེ་འཚར་འགོར་བ། རྩ་ཕྲ་བ་སོགས་ཀྱི་རྐྱེན་པས་གཤགས་བཅོས་ཀྱི་དཀའ་ཚེགས་གཞན་ལས་ཆེ་བ་ཡོད་ཅེས་གསུངས།

6.png

   དུས་ཡུན་ཆུ་ཚོད6ལ་གཤགས་བཅོས་བྱས་རྗེས་གཤགས་བཅོས་ལེགས་གྲུབ་བྱུང་། དེ་ལྟར་མཆིན་པ་གསར་པ་སྤོ་འཛུགས་བྱས་པའི་བདེ་ལེགས་ལ་ཚེ་སྲོག་གཉིས་པ་ཐོབ་ཡོད་པ་རེད། མིག་སྔར་བདེ་ལེགས་ཀྱི་མཆིན་པའི་ནུས་པར་སྐྱོན་མེད་པས། བྱིས་པའི་ནད་ཁང་ཕལ་པར་སྤོས་ཡོད་པ་རེད།  

7.png

ང་ཚོས་སྨན་པ་ལྷན་རྒྱས་དང་། ལྷག་བསམ་ཅན་གྱི་དང་བླངས་པ་རྣམས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། བདེ་ལེགས་ཀྱང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ།


མཉམ་སྤྱོད།