མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དཔེ་ལེགས་འོས་སྦྱོར། ཁྱེད་ཀྱིས་དཔེ་ཆ་འདི་དག་བཀླགས་མྱོང་ངམ།

2024-04-24 15:36:46   |   60

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

2.jpg

3.jpg

འོས་སྦྱོར་པ། ལྡོང་བུ།
པེ་ཅིན།
《སྤྲེལ་རིའི་སྟེང་གི་རྨི་ལམ》

《སྤྲེལ་རིའི་སྟེང་གི་རྨི་ལམ》ཞེས་པ་ནི་ཌེ་རེག·ཝོལ་ཁོད་ཀྱིས1970ལོར་པར་དུ་བཏབ་པའི་ཟློས་གར་འཁྲབ་གཞུང་ཞིག་ཡིན་ཞིང་།  ཁ་བྱང་ལ《སྤྲེལ་རིའི་སྟེང་གི་རྨི་ལམ་དང་ཟློས་གར་གཞན་དག》ཅེས་པའི་ཟློས་གར་ཐུང་ངུ་ཕྱོགས་བསྒྲིགས་ཀྱི་དེབ་ནང་དུ་བཏུས་ཡོད།  1971ལོར་ནེའུ་ཡོག་མི་ནག་རོལ་ཆ་མཉམ་གཏོང་ཚོགས་པ(Negro Ensemble Company)ཡིས་ཟློས་གར་དེ་འཁྲབ་སྟོན་མཛད་པར་ལོ་དེའི་ཨོ་བྷི་གཟེངས་རྟགས(Obie Award)ཀྱི“ཕྱི་རྒྱལ་ཟློས་གར་རྩེ་གྲ”(Best Foreign Play)ཡི་བྱ་དགའ་ཐོབ།  དུས་དེབ《ནེའུ་ཡོག་པ》རུ་སྤེལ་བའི་དཔྱད་བརྗོད་དུ་འདི་ནི་རྨད་དུ་བྱུང་བའི་བརྩམས་ཆོས་ཤིག་དང་།  ཟློས་གར་གྱི་ལུགས་སུ་སྤེལ་བའི་སྙན་ངག་ཅིག་གམ་སྙན་ངག་གི་རང་བཞིན་ཅན་གྱི་ཟློས་གར་ཞིག་རེད་ཅེས་སོགས་གདེང་འཇོག་བྱས་ཡོད། ཟློས་གར་གྱི་མི་སྣ་གཙོ་བོ་མི་ནག་མ་ཁ་ཁེ(Makak)ནི་རང་ཉིད་ཀྱི་ཤ་མདོག་ནག་པོ་ཡི་རྐྱེན་གྱིས་རང་ཉིད་ཀྱིས་རང་ཉིད་ལ་དམའ་འབེབས་དང་མཐོང་ཆུང་བྱེད་མཁན་ཞིག་ཡིན།  ས་གནས་ཀྱི་ཚོང་རའི་ནང་གི་རྒྱུ་རྫས་ལ་གཏོར་བརླག་བཏང་བའི་རྒྱུ་མཚན་གྱིས་མ་ཁ་ཁེ་བཙོན་དུ་ཚུད་ཅིང་བཙོན་ཁང་ནང་དུ་མི་དཀར་གྱི་ལྷ་མོ་ཞིག་ཁོའི་མཐོང་ལམ་དུ་མངོན།  ལྷ་མོ་དེས་ཁོ་རང་མྱུར་བ་མྱུར་དུ་ཨ་ཧྥེ་རི་ཁ་རུ་ལོག་དགོས་པའི་ལམ་སྟོན་དང་སྐུལ་མ་བྱས།  རྨི་ལམ་གྱི་ནང་དུ་མ་ཁ་ཁེ་ཡིས་རང་ཉིད་ཨ་ཧྥེ་རི་ཁ་རུ་འགྲན་ཟླ་བྲལ་བ་རྟུལ་ཕོད་ཆེ་བའི་དཔའ་རྒོད་ཅིག་ཏུ་གྱུར་ཏེ་མི་གཞན་དག་ཁོའི་རུ་དཔུང་གི་ནང་དུ་ཞུགས་པར་གོ་བསྐོན་བློ་འགུག་བྱེད་བཞིན་པ་མ་ཟད། ད་དུངKགསུམ(Ku Klux Klan)ཚོགས་པ་ཡི་རོགས་སྐྱོར་ཐོབ་པའང་རྨིས་སོང་།  མཇུག་མཐར་ཁོས་རྨི་ལམ་ནང་གི་མི་དཀར་ལྷ་མོ་དེའི་མགོ་བོ་བྲེགས་ནས་བསད་ཅིང་མི་དཀར་པོ་ལ་བཅངས་པའི་འཁྲུལ་སེམས་དང་ཞེན་འཛིན་གྱི་ཀློང་ནས་སད་པར་གྱུར།  རྒྱུན་ལྡན་གྱི་འཚོ་བ་ལ་བསྐྱར་དུ་ལོག་པའི་མ་ཁ་ཁེ་ཡིས་རང་ཉིད་ཀྱི་དངོས་མིང་སྤྱོད་མགོ་བརྩམས་ཤིང་སྤྲེལ་རིའི་སྟེང་གི་གནས་ཡོད་པའི་ཕ་ཡུལ་ལ་ལོག་རྒྱུའི་སེམས་ཐག་བཅད།  གཏམ་རྒྱུད་ཀྱི་མགོ་རྔ་ཕལ་ཆེར་འདི་འདྲ་ཞིག་ཡིན་མོད་ཟློས་གར་འཁྲབ་མགོ་བརྩམས་མ་ཐག་རོལ་ཆ་མཉམ་དཀྲོལ་རུ་ཁག་གི་རོལ་དབྱངས་དང་ལྷན་དུ་གར་ཡོལ་ཕྱེ་ཞིང་གར་སྟེགས་སྟེང་དུ་བཙོན་ཁང་གི་ཁང་མིག་གཉིས་མངོན་ཡོང་། གཅིག་གི་ནང་དུ་རྐུ་བྱས་ནས་འཛིན་བཟང་ཐེབས་པའི་མི་ནགTigreདངSourisགཉིས་བཅུག་ཡོད་ལ།  ཅིག་ཤོས་དེ་ནི་བཙོན་ཤག་སྟོང་པ་ཞིག་ཡིན།  དམག་མི་ཞིག་གིས་ལོ་ན་ཆེ་བའི་མ་ཁ་ཁེ་དྲུད་ནས་སླེབས་ཤིང་བཙོན་ཤག་སྟོང་པ་དེའི་ནང་དུ་གཡུག་བྱུང་།  དམག་མི་དེ་དང་ཁོས་གཅན་གཟན་དུ་མཐོང་གིན་པའི་བཙོན་པ་གཞན་དག་གི་བར་དུ་རྩོད་པ་ཤོར་ཞིང་།  ཁོས་དེ་དག་གི་ཉེས་པ་ལ་དཔྱད་ཁྲ་ཐེངས་ཤིག་བཅད།  ཡིན་ནའང་ཨ་ཐང་ཆད་ཅིང་སོམ་ཉིར་ལུས་པའི་མ་ཁ་ཁེ་ཡིས་མི་དཀར་བུད་མེད་ཅིག་གི་གཟུགས་བརྙན་གྱིས་ཁོ་ཡི་བློ་སྒོ་ཕྱེ་སོང་ཟེར་བཞིན་སྤྲེལ་རིའི་སྟེང་གི་ཁྱིམ་དུ་ལོག་རྒྱུ་ཁོ་ན་སེམས་ལ་བཅངས། དེ་ནས་ཁོས་འཛིན་བཟུང་མ་ཐེབས་སྔོན་གྱི་བྱུང་བ་དག་རྨི་ལམ་དུ་རྨིས…… བར་བཅུག་གི་གསལ་བཤད་ཅུང་ཟད་ཀྱི་རྗེས་སུ་མ་ཁ་ཁེ་སླར་ཡང་བཙོན་ཁང་ནས་སད་པར་གྱུར།   ལྐོག་ཇུས་ལ་བརྟེན་ནས་གསང་བར་གབ་པའི་གྲི་ཆུང་གིས་དམག་མི་དེ་ལ་བསྣུན་ཞིང་བཙོན་པ་གསུམ་ནགས་ཚལ་གྱི་ནང་དུ་བྲོས།  རྨས་ཕོག་ཅིང་ཁོ་ཚོའི་རྗེས་དེད་ཡོང་བའི་དམག་མི་དེའང་མཐར་རུ་དཔུང་དེའི་ནང་དུ་ཞུགས་ཏེ་ཨ་ཧྥེ་རི་ཁར་བསྐྱོད།  མི་ཚོགས་ཤིག་གིས་མ་ཁ་ཁེ་རྒྱལ་པོ་རུ་བཀུར་ཏེ་ཨ་ཧྥེ་རི་ཁའི་ཕོ་བྲང་དུ་གདན་དྲངས་ཤིང་མི་དཀར་པོ་ཁག་ཅིག་ལ་ཁྲིམས་ཐག་གཅོད་པའི་ཁྲིམས་ར་ཞིག་ཀྱང་བཙུགས་ནའང་མ་ཁ་ཁེ་ཡིས་སྔར་བཞིན་རང་ཉིད་ནི་ནང་སྟོང་ཕྱི་རྫིག་གི་འབྱུང་པོ་ཞིག་ལས་ཅི་ཡང་མིན་པར་སྙམ།   ཁོ་ལ་བསླུ་བྲིད་བྱེད་པའི་མི་དཀར་བུད་མེད་དེ་མཇུག་མཐར་མངོན་ཞིང་ཁོས་རལ་གྲི་གཡུག་ཐེངས་གཅིག་གིས་གཟུགས་བརྙན་དེ་སིལ་བུར་གཤགས་ཤིང་གཏོར་བར་བྱས།    ཟློས་གར་གྱི་མཇུག་ཏུ་རྨི་ལམ་མཇུག་རྫོགས་ཤིང་མ་ཁ་ཁེ་སླར་ཡང་བཙོན་ཁང་གི་ནང་དུ་གཉིད་ལས་སད།  བཙོན་སྲུང་དམག་མི་དེས་ཁོའི་རུས་མིང་འདྲི་སྐབས་ཁོས་རང་ཉིད་ཀྱི་དངོས་མིང་བཤད་ཅིང་དགའ་བ་དང་བཅས་སྤྲེལ་རིའི་སྟེང་དུ་ལོག  །ཝོལ་ཁོད་ཀྱིས་ནུབ་ཕྱོགས་ཤིག་སེ་པེར་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་ཟློས་གར་གཉིས་ཀྱི་སྒྱུ་རྩལ་ཁྱད་ཆོས་གཅིག་ཏུ་བསྡུས་ཤིང་།   མི་སེར་སྤེལ་ཡུལ་དུ་གྱུར་པའི་མི་ནག་སྤྱི་ཚོགས་དང་རིག་གནས་བརྗོད་གཞིར་བཟུང་སྟེ།   ཡུན་རིང་གཉའ་གནོན་དབང་ཤུགས་ཀྱི་ཤུགས་རྐྱེན་འོག་འཚོ་བ་རོལ་བའི་མི་ནག་དག་གི་སེམས་ཁམས་དང་སེམས་ནད་ཐད་ལ་ཞིབ་རྟོག་མཛད་ཡོད།《སྤྲེལ་རིའི་སྟེང་གི་རྨི་ལམ་དང་ཟློས་གར་གཞན་དག》ནི་བརྗོད་གཞི་དེ་གནད་དུ་ཐིངས་པར་བསྟན་པའི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་ཞིང་། དེབ་དེའི་ནང་དུ་ཟློས་གར་གཞན་ཁ་ཤས་ཀྱང་བཏུས་ཡོད་པ་རེད།

4.jpg

འོས་སྦྱོར་པ། འོད་དཀར།
མཚོ་ལྷོ།
《ཇག་ཚང་ཆང་ཁང》

《ཇག་ཚང་ཆང་ཁང》ཞེས་པ་འདི་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུས་གསར་རྩོམ་མཛད་པའི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེབ་ཅིག་ཡིན་པ་དང་། དེབ་འདི་ནི2020ལོའི་ཟླ5པར་པར་སྐྲུན་བྱས་པ་རེད། དེབ་འདིའི་ནང་རྩོམ་པ་པོས2009ལོ་ནས2018ལོའི་བར་སྤེལ་བའི་བརྩམས་སྒྲུང་བརྒྱད་བསྡུས་ཡོད། རྩོམ་པ་པོས་བརྩམས་སྒྲུང་འདི་དག་གི་ནང་དུ་དཀའ་སྡུག་དང་འཆི་བ། སྙིང་རྗེ་སོགས་བརྗོད་གཞི་ཆེན་པོ་དག་གཏམ་རྒྱུད་ཀྱི་སྲད་བུར་བརྒྱུས་ནས་མངོན་པར་བསྟན་ཡོད་པ་དང་། བོད་རང་གི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ཡང་གསེད་འགྲོལ་ཡང་དག་བྱས་ཡོད་པས། བརྩམས་སྒྲུང་འདི་དག་བཀླགས་པས་ཚེ་ན།  རྩོམ་པ་པོ་ཚེ་རིང་ནོར་བུ་ཁོང་གིས་བླ་སྲོག་གི་འཇིག་རྟེན་ལ་འཚོལ་ཞིབ་གཏིང་ཟབ་བྱས་པའི་བསམ་བློ་རྟོགས་ཐུབ་ལ། ཀློག་པ་པོར་ཡང་དེ་བཞིན་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྦྱིན་སྲིད་དོ། །

5.jpg

འོས་སྦྱོར་པ། པད་མ་རྣམ་རྒྱལ།
ཟི་ལིང་།
《འཁྲུ་སྐྱུག་དུས་ཀྱི་བརྩེ་དུང》

ལོ་རིམ་དང་པོའི་སྐབས་སུ།  སློབ་ཆེན་དུ་ཡོང་མ་ཐག་ཡིན་པས།    སློབ་གྲོགས་ཁ་ཤས་ཉི་ཁྱམས་ལ་སོང་ནས་ཁ་པར་གཏོང་། ཁ་ཤས་མལ་སར་གན་རྐྱལ་དུ་ལོག་ནས་ཁ་པར་གཏོང་། ཡུལ་གྱི་བར་ཐག་གིས་བཅད་པས།  ཁ་པར་ལ་བརྟེན་ནས།  བར་ཐག་རིང་བོ་དེ་ཇེ་ཐུང་དུ་བཏང་སྟེ། བརྩེ་དུང་གི་རྒྱུན་བསྲིངས་ན་བསམས་ཀྱང་། རིམ་གྱིས་བར་ཐག་ནི་མཛེས་སྡུག་མིན་པར། སྡུག་བསྔལ་གྱི་འབྱུང་ཁུངས་སུ་གྱུར། ཏག་ཏག་སྐབས་དེ་ལ། འཛིན་གྲྭའི་ནང་དུ《འཁྲུ་སྐྱུག་དུས་ཀྱི་བརྩེ་དུང》ཀློག་པའི་རླབས་་རྒྱུན་ཞིག་འཕྱུར། དེའི་རྗེས་སུ། ང་ཚོའི་འཛིན་གྲྭར“དགའ་འཐོར”གྱི་ལས་འགུལ་ཞིག་བྱུང་། ཕལ་ཆེར་སྒྲུང་གཏམ་དེའི“དྲིན”ཡིན་ཀྱང་སྲིད།  དགའ་འཐོར་བྱས་ནས་ཉིན་འགའ་མ་འགོར་བའི་ངའི་གྲོགས་པོ་ཞིག་གིས།   《འཁྲུ་སྐྱུག་དུས་ཀྱི་བརྩེ་དུང》གིས་ཁོའི་བརྩེ་དུང་གི་ལྟ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་ཟེར། ང་རང་ཡང་ཁོའི་སྐད་ཆ་ལ་ཧ་ཅང་འཐད་པར་གྱུར།  དེ་ནས་ང་ཚོ་མཉམ་དུ་སློབ་གྲྭའི་ནུབ་སྒོ་རུ“ལིས་ཧྲི་ཧྥུའུ”ཞེས་ཟ་ཁང་དང་ཆང་ཁང་འདྲེས་མ་ཞིག་ཡོད་པ་དེའི་ཕྱོགས་སུ་སོང་།

6.jpg

འོས་སྦྱོར་པ། སྒོམ་པ་ཚེ་རིང་།
མགོ་ལོག
《ཁཱ་ཨར་ཝེ་ཐི་ཡི་སློབ་གསོ》

《ཁཱ་ཨར་ཝེ་ཐི་ཡི་སློབ་གསོ》ཞེས་པའི་དེབ་འདིས་ང་ཚོ་ལ་སྤྱིར་བཏང་གི་བྱིས་པ་ཕལ་བ་ཞིག(འདིའི་ནང་དུ་གླེན་གོག་ཅན་གྱི་བྱིས་པའང་འདུ)སྐྱེས་ཐོབ་ཀྱི་དཔལ་འབར་བའི་བྱིས་པ་རླབས་ཆེན་ཞིག་ཏུ་ཇི་ལྟར་སློབ་གསོ་བཏང་ནས་སྐྱོང་ཚུལ་གྱི་སྐོར་བརྗོད་ཡོད། དེབ་འདི་འཛམ་གླིང་གི་ཡིག་རིགས་བཞི་བཅུ་ཙམ་ལ་འགྱུར་ཡོད་པར་བཤད། དཔར་གྲངས་དུང་ཕྱུར་གཉིས་ལས་བརྒལ་འདུག འཛམ་གླིང་སྟེང་གི་ཆེས་བྲིས་པའི་དེབ་ཀྱི་གྲས་སུ་ཚུད་ནས་ཤེས་ལྡན་མི་སྣ་ཀུན་གྱི་གཞུང་ཚད་ཐུབ་ལ་འཛིན། དེབ་འདི་ནི་ཧ་ཝུར་སློབ་ཆེན་དང་། ཁམ་ཟམ་སློབ་ཆེན། ཉིའུ་ཅིན་སློབ་ཆེན་སོགས་འཛམ་གླིང་གི་སྐད་གྲགས་ཅན་གྱི་སློབ་ཆེན་དག་གིས་མ་གྲོས་རང་མཐུན་གྱིས་ཀུན་ལ་འོས་སྦྱོར་བྱས་པའི་དཔེ་དེབ་ཡ་མེད་ཅིག་གོ །

དེབ་འདིའི་ནང་དུ་ཕ་ཁཱ་ཨར་གྱིས་རང་གི་བུ་ཆུང་ཁཱ་ཨར་ལ་སློབ་གསོ་བཏང་བའི་གོ་རིམ་དང་། བུ་ཆུང་ཁཱ་ཨར་གྱི་འཚར་ལོངས་ཀྱི་བརྒྱུད་རིམ། བུ་ཆུང་ཁཱ་ཨར་ལ་སློབ་གསོ་བཏང་བའི་མྱོང་བ་དང་སློབ་གསོའི་ཐབས་ལམ་ཕྱོགས་བསྡུས་ཀྱིས་བརྗོད་ཡོད། ཕ་ཁཱ་ཨར་ཝེ་ཐི་ཡི་སློབ་གསོའི་ལྟ་གྲུབ་ཀྱི་བསམ་བློ་ནི། བྱིས་པ་ལ་མཚོན་ནས་བཤད་ན། ཆེས་གཙོ་བོ་ནི་སློབ་གསོ་ཡིན་པ་ལས་ལྷན་སྐྱེས་མིན་པར་འདོད། བྱིས་པ་དེ་སྐྱེས་ཐོབ་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དང་ཡང་ན་ཤེས་དམན་ཞིག་ཏུ་འགྱུར་རྒྱུ་དེ་ལྷན་སྐྱེས་ཀྱི་ཤེས་རབ་དང་རྒྱུད་འདེད་པ(遗传)ཞིག་ཀྱང་མ་རེད། དེ་ནི་བྱིས་པ་དེ་སྐྱེས་རྗེས་ཀྱི་སྔ་དུས་ཀྱི་སློབ་གསོས་ཐག་གིས་བཅད་པ་ཞིག་ཡིན། བྱིས་པའི་སློབ་གསོ་དེ་ནི་ངེས་པར་དུ་བྱིས་པའི་རྣམ་དཔྱོད་ཀྱི་སྐྱ་རེངས་ཤར་བ་དང་མཉམ་དུ་མགོ་བརྩམས་ནས་གང་ཐུབ་ཅི་ཐུབ་ཀྱིས་སྔ་དགོས།(འདིའང་སློབ་གྲྭར་འགྲོ་རྒྱུར་སྔ་དགོས་ཞེས་པའི་དོན་མིན་པར་རིགས་ལམ་དང་རིག་སྟོབས་སྐྱེད་བསྲིང་བྱེད་དགོས་པར་བསྟན་པ་རེད།)གང་ཐུབ་ཅི་ཐུབ་ཀྱིས་མང་དགོས། གང་ཐུབ་ཅི་ཐུབ་ཀྱིས་ཡང་དག་པའི་སྒོ་ནས་བྱིས་པའི་རྣམ་དཔྱོད་ཀྱི་སྟོབས་འཕེལ་བར་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་བྱིས་པ་དེ་སྐྱེས་ཐོབ་ཀྱི་དཔལ་འབར་བའི་བྱིས་པ་ཤེས་ཡོན་ཏན་ཞིག་ཏུ་འགྱུར་རོ། །

7.jpg

འོས་སྦྱོར་པ། ཀུན་བཟང་དོན་གྲུབ།
རྔ་བ།
《ཟླ་བརྒྱད་པའི་ཐུག་འཕྲད》

“དྲན་པ་ནི་ངའི་གསར་རྩོམ་གྱི་རྒྱུ་ཆ་དངོས་དང་། ལག་ཆ་ཡང་ཡིན། དྲན་པ་ཉམས་སོང་ན། ངས་ཅི་ཡང་འཇོན་གྱི་མ་རེད།”

ཉམས་དམས་སུ་འགྱུར་གྱིན་པའི་དྲན་པ་དང་རྟག་བརྟན་གྱི་རྩོམ་པའི་འདུན་པ་གཉིས་དབར་གྱི་འཐབ་མོའི་ཁྲོད། ཚེ་མཇུག་ལ་སླེབས་པའི་མར་ཁེ་ཟི་ཡིས《ཟླ་བརྒྱད་པའི་ཐུག་འཕྲད》ཅེས་པ་བརྩམས་གྲུབ་ཅིང་། ཁོང་ཉིད་སྐུ་གཤེགས་ནས་ལོ་བཅུ་འགོར་རྗེས་ཀྱི་ད་ལོའི་ཟླ་གསུམ་པར། དེབ་འདི་གཞི་ནས་འཛམ་གླིང་གི་ས་ཆ་སོ་སོར་དུས་གཅིག་ཏུ་བཀྲམ། ཡིན་ན་ཡང་། དེ་ནི་ཁོང་གི་དགོངས་པ་དང་རྒྱབ་འགལ་བྱས་པ་ཞིག་ཀྱང་སྟེ། ཁོང་གིས“དེབ་འདི་ཡག་པོ་མ་འཁྱོངས་བས། སུབས་ཤིག”ཅེས་བསྐུལ་མྱོང་། དེ་བས། ཀློག་མཁན་ཁྲོད་འགའ་ཞིག་གིས་དེབ་འདིའི་པར་སྐྲུན་ལ་དགག་གཞག་ཚ་ནན་དང་། ཡང་འགའ་ཞིག་གིས་དགའ་བསུ་ཚད་མེད་ཀྱང་བྱེད་ཀྱི་ཡོད་དེ། “མར་ཞེན་པ”ཞིག་གི་ངོས་ནས། དེབ་འདི་ནི་རྩོམ་པའི་ཁྱུ་མཆོག་ཁོང་དང་སླར་ཡང“ཟླ་བརྒྱད་པའི་ཐུག་འཕྲད”ཐེངས་ཤིག་རྒྱག་པའི་སྐལ་བཟང་ལ་བསམ་ཆོག་ཆོག

《ཟླ་བརྒྱད་པའི་ཐུག་འཕྲད》འདི་ལ་རྒྱ་ཡིག་ཁ་བྱང་དུ《我们八月见》དང་། དབྱིན་ཡིག་ནང《Until August》ཞེས་བཀོད་པ་གཉིས་ཀྱང་མི་འདྲ་བས། བོད་ཡིག་ནང་ལ་ཟླ་བརྒྱད་པའི་ཐུག་འཕྲད་ཅེས་བསྒྱུར་ཡོད།《ཟླ་བརྒྱད་པའི་ཐུག་འཕྲད》ཞེས་པ་འདིའི་ནང་དུ། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཅིག་གི་ལོ་རེ་རེའི་ཟླ་བརྒྱད་པའི་ཐུག་འཕྲད་རྣམས་བྲིས་ཡོད། ཐུག་འཕྲད་དེ་ནི་འགྲུལ་བཞུད་ཅིག་དང་། རེ་སྒུག་ཅིག འཚོལ་སྙེག་ཅིག རྒྱབ་འགལ་ཞིག ཐོད་བརྒལ་ཞིག ཡང་ན་བརྩེ་དུང་ཞིག་ཏུ་བལྟས་ཆོག་ལ། གཏམ་རྒྱུད་ཆིག་རྐྱང་ཞིག་གི་ཕྲེང་ཐག་ལ་བརྒྱུས་འདྲའི་ཕྲེང་རྡོག་དེ་ཚོ་ལན་གཅིག་མཛུབ་རྩེ་ནས་བགྲངས་བས་ཀྱང་། འཚོ་ཚིས་ཀྱི་འདམ་ལ་བྱིང་བའི་རང་ཅག་གི་ནང་སེམས་ལ་རྩོམ་རིག་གི་བྱབས་ཁྲུས་ལན་གཅིག་ཡོང་དང་མི་ཡོང་ཐེ་མི་ཚོམ།

8.jpg

འོས་སྦྱོར་པ། དཀོན་མཆོག་རྒྱལ་པོ།
རྨ་ལྷོ།
《རང་གྲོལ་མི་ཚེ་བསྐྱར་བརྟགས》

ཉིན་འགའི་སྔོན་ལ་དྲ་སྒང་དུ་གྲལ་ཟུར་དགུ་རོང་སྤུན་གྲོལ་ལགས་ཀྱིས་བརྩམས་པའི《རང་གྲོལ་མི་ཚེ་བསྐྱར་བརྟགས》མི་རིང་བར་ཐོན་ལ་ཉེ་བའི་གསར་འགྱུར་མཐོང་། དེ་ནས་རེ་སྒུག་ཡང་བྱས། ཉིན་འགའི་རྗེས་ཏེ་ཟླ4པའི་ཚེས16ཉིན་གྱི་ཉིན་གུང་ཆེད་དུ་རེབ་གོང་མེ་ལོང་དཔེ་ཁང་ལ་སོང་སྟེ་ཉོས་པ་ཡིན། ཕྱི་དྲོ་ནས་བཟུང་ཀློག་མགོ་བརྩམས། སྔོན་འགྲོར་ཕུལ་བའི་ཞུ་མཆིད་དང་མཇུག་གི་བཀའ་དྲིན་ཞུ་ཡིག་བཅས་བསྡོམས་ན་ཤོག་གྲངས641འདུག ཉིན་རེར་ལེའུ་རེ་ཀློག་པའི་འཆར་གཞི་འདྲ་བཟོས་ཀྱང་སྔོན་འགྲོ་དང་ཐོག་མའི་མཚམས་སྦྱོར་བཀླགས་རྗེས་སུ་གཏན་ནས་ཀློག་མཚམས་འཇོག་འདོད་མ་བྱུང་། དེ་བས་ཉིན་གསུམ་རིང་གི་ཁོམ་སྐབས་ཕལ་མོ་ཆེ་ཡི་དུས་ཚོད་བཀོལ་ཏེ་རང་གི་ཚོད་ཀྱིས་ཞིབ་ཀློག་ཐེངས་ཤིག་བྱས། འདིར་བཀླགས་ཚོར་འབྲི་བ་བསྐྱུར་ཞོག ཕྱོགས་སོ་སོ་ནས་ཚོར་བ་སྣ་མང་ཆུ་མིག་ཇི་བཞིན་བརྡོལ་འོང་པས་ཚོར་བ་དེ་དག་ཡིག་ལམ་ནས་མཚོན་པ་ཡང་ཧ་ཅང་དཀའ་མོ་རེད། དེས་ན་ད་ལོའི་དཔེ་ཀློག་ཉིན་མོ་སླེབས་སྒང་ལ་དཔེ་ཆ་ངོ་སྤྲོད་ཞུ་བའི་དགོས་མཁོ་ཡིས་སྐབས་ཐོག་ཏུ་ཡིད་ལ་འཁོར་བ་འགའ་སྟབས་བདེ་ཞིག་ཞུས་ན།

  1. མིའི་ལོ་རྒྱུས་འབྲི་ཐབས་ཀྱི་ཆ་ནས་རང་རེའི་དེབ་སྔོན་མ་རྣམས་དང་བསྡུར་ན་གསར་གཏོད་ཀྱི་ཁྱད་ཆོས་ཡོད་ལ། ཞིབ་ཆ་ལས་བདེན་པ་སྟོན་པའི་བརྩོན་འགྲུས་དང་ཉེ་རིང་ཕྱོགས་ཞེན་གྱི་ཁྱད་པར་མ་ཤོར་བའི་རྣམ་དཔྱོད་ལ་དགེ་མཚན་མི་དམན་པ་མཆིས།

  2. དཔལ་དོན་འགྲུབ་རྒྱལ་གྱི་ཆུང་བྱིས་པའི་དུས་ནས་བར་དར་མའི་དུས་ཀྱི་འཚོ་བའི་དཀྱོགས་མཚམས་རེ་རེའི་གཏམ་རྒྱུད་ཀྱིས་ང་ཚོ་ལ་སྙིང་སྟོབས་འཕར་མ་ཞིག་དང་ཡིད་ཆེས་གསར་བ་ཞིག་སྦྱིན་པར་བྱེད།

  3. ཁོང་གི་སློབ་གཉེར་གྱི་དུས་རིམ་སོ་སོར་བརྩམས་གནང་མཛད་པའི་བརྩམས་ཆོས་ལ་རྩོམ་པ་པོས་དབྱེ་ཞིབ་མཛད་དེ། སྐབས་དེ་དག་ལ་དཔེ་ཆ་གང་དག་ལ་བལྟས་ཡོད་པ་དང་། དཔེ་དེབ་ཀྱི་གྲངས་ཀ་ཅི་ཙམ་ལོངས་ཡོད་པ་སོགས་ལ་སྡོམ་བརྒྱབ་ནས་གསལ་བར་བཀོད་ཡོད་པ་ནི། ང་ཚོ་དཔེ་ཀློག་བྱེད་མཁན་ཞིག་ལ་མཚོན་ན་མིག་མདུན་ལ་ལམ་བུ་བསྐྲུན་པ་དང་། ལྟོགས་སྐོམ་ལ་བཟའ་བཏུང་བཤམས་པ་དང་ཀུན་ནས་མཚུངས།

  4. རྩོམ་པ་པོས་དཔལ་དོན་འགྲུབ་རྒྱལ་གྱི་ཁྱིམ་མི་དང་སློབ་གྲོགས། དགེ་གྲོགས། ལས་གྲོགས། དགེ་རྒན། སློབ་མ། མཛའ་གྲོགས་བཅས་ལ་བཅར་འདྲི་བྱས་ནས། དེའི་ཁྲོད་མི་གསུམ་གྱི་ཚིག་རིས་མཐུན་ན་ད་གཟོད་བླང་བར་བྱ་བའི་སྦྱོར་བ་ནི། ང་ཚོར་ནན་ཏན་དང་འགན་འཁྲི་ཞེས་པའི་དོན་སྙིང་དེ་དངོས་སུ་བསྟན་ཡོད།

  5. ཁོང་གི་སྙིང་ལ་རུམ་པའི་རླབས་ཆེན་གྱི་ཕུགས་བསམ་དེ་ཡིས། ང་ཚོ་ལ་མི་ཞིག་ཡིན་ན། ནང་སྒོས་སུ་སློབ་གཉེར་བ་ཞིག་ཡིན་ན། འཆར་གཞི་དང་ཕུགས་བསམ་ཞིག་ངེས་པར་དུ་དགོས་པ་མ་ཟད། དེའི་ཆེད་དུ་བརྒྱ་འབད་སྟོང་འབད་བྱེད་དགོས་པ་བསྟན་ཡོད། འདི་ནི་དེང་གི་སློབ་གསོའི་ཁྲོད་མི་ཚེའི་འཆར་འགོད(生涯规划)ཅེས་པ་གཙོ་བོར་འཛིན་དགོས་པའི་བསླབ་བྱ་གསོན་པོ་ཞིག་ཀྱང་ཡིན།

  6. བརྩམས་ཆོས་འདི་བཀླགས་པ་བརྒྱུད། ད་དུང་ཟ་དང་ཟུར་ནས་རིམ་བཞིན་རྙེད་འོང་པ་ནི། ང་ཚོས་དུས་རྒྱུན་ལབ་པའི་དབང་རྣོན་རིགས་པའི་རྗེས་འབྲངས་དང་། དབང་རྟུལ་ལུང་གི་རྗེས་འབྲངས་ཞེས་པའི་གོ་བ་ཡང་དཔེ་མཚོན་རང་བཞིན་གྱིས་བསྐྱེད་པར་བྱེད་དོ། །

    མདོར་ན། དཔེ་དེབ་འདིས་ང་རང་སྒེར་ལ་མཚོན་ན་བག་ཆགས་ཟབ་མོ་ཞིག་བཞག་པའི་ཁར། དེང་ཕྱིན་མཐོ་འབྲིང་སློབ་མ་རྣམས་ལ་སློབ་ཁྲིད་ཀྱི་རྒྱུ་ཆ་རིན་ཐང་ཅན་ཞིག་རེག་བྱུང་བའི་དགའ་སྤྲོ་དང་བཅས་འོས་སྦྱོར་བྱས་པ་ལགས། གཞན་ཤེས་ནས་སྨྲ་བ་རྣམས་ཀྱི་དགག་སྒྲུབ་དང་བསམ་འཆར་སོགས་ནི་དཔེ་དེབ་འོས་སྦྱོར་དང་འབྲེལ་བ་མེད་དོ། །

    9.jpg

    འོས་སྦྱོར་པ། གཅན་ཆེད་འབར།
    ལྷ་ས།
    《སྐད་ཆའི་འབྱུང་ཁུངས་གླེང་བ》

    ཇི་སྐད་དུ། “ཞིབ་ཏུ་བྲིས་ན་ཚིག་ཚོགས་ཧ་ཅང་མང་བས་གླེགས་བམ་ཆེན་པོར་འགྱུར། །གླེགས་བམ་ཆེ་ན་མཐོང་བ་ཙམ་གྱིས་ལྟ་འདོད་སྐྱེ་བོ་སྒྱིད་ལུག་འགྱུར། །”ཞེས་པ་ལྟར་བམ་གྲངས་མཐུག་པ་དེས་དཔེ་ཀློག་ལ་ཤིན་སྦྱངས་ཐོབ་པའམ་ལས་རུང་དུ་གྱུར་པ་མིན་ན་དེའི་འདུན་པའི་བར་དུ་གཅོད་པ་སྤྱིར་མྱོང་བས་གྲུབ་པས། ཕྲན་གྱིས་བམ་སྲབ་ཅིང་ཤོག་ངོས80ཙམ་ལས་མེད་པའི་དེབ་ཅིག་ངོ་སྤྲོད་པར་བྱ་སྟེ། དེབ་དེའི་མཚན་ལ《སྐད་ཆའི་འབྱུང་ཁུངས་གླེང་བ》ཞེས་ཟེར་ཞིང་ཧྥ་རན་སིའི་བློ་འབྱེད་བསམ་བློ་བར་གྲགས་པའི་རོ་སོ་ལགས་ཀྱིས་ཧ་ལམ(1756—1761)ལོར་བརྩམས་པ་ཞིག་ལགས། དེ་ནི《མི་དང་མིའི་དབར་འདྲ་མཉམ་མིན་པའི་འབྱུང་རྐྱེན་དང་རྨང་གཞི》ཞེས་པའི་དེབ་ཀྱི་འགྲེལ་བཤད་རིང་མོ་ཞིག་ལས་གྲུབ་པ་ཞིག་རེད། དེའི་གཞུང་དངོས་ལ་དོན་ཚན་ཉི་ཤུ་ཡོད་ཅིང་། གཙོ་བོ་ནི་སྐད་ཆའི་འབྱུང་ཁུངས་དང་གྲུབ་ཚུལ། དེ་ཉིད་ཡི་གེའི་གཟུགས་སུ་གྲུབ་པའི་རྒྱུ། ས་ཁམས་ཀྱིས་སྐད་ཆ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ། རོལ་དབྱངས་དང་རི་མོའམ་ཚོན་གྱིས་མི་སེམས་སྐྱོམ་པར་བྱེད་པའི་རྐྱེན། ཡིག་གཟུགས་དང་སྐད་ཆ་ལས་འཕྲོས་ཏེ་གྱེར་འདོན་བྱེད་པའི་དགོས་པ་གང་ཡིན་པ་སོགས་མངོན་ལྐོག་གཉིས་ཆ་ནས་བསྟན་པ་དེ་རྒྱུན་བཤད་ཀྱི་སྐད་ཆའི་འབྱུང་ཁུངས་བཤད་ཚུལ་སོགས་དང་མི་འདྲ་བར་འདུག་པ་བུ་རམ་གྱི་རོ་ལྟར་རང་ཉིད་ཀྱིས་མྱོང་གནང་རོགས། དེར་བལྟས་པས་རྩོམ་རིག་གི་སྐད་ཆ་ཟེར་བར་ངེས་ཤེས་གསར་པ་ཞིག་འདྲོངས་ཐུབ་པར་མ་ཟད། སྒྱུ་རྩལ་མཚན་ཉིད་རིག་པའམ་དེང་རབས་མཛེས་རིག་གིས་འཆད་ཀྱིན་པའི་མཛེས་པའི་ཡིད་འགུགས་ཀྱི་ནུས་པ་ཅི་ཡིན་པ་དང་། བརྩམས་ཆོས་སོ་སོའི་རྣམ་པ་མི་འདྲ་བ་རྣམས་ཇི་ལྟར་བྱུང་བ་དང་དེ་ཉིད་གང་དང་འབྲེལ་ཚུལ་སོགས་ལ་རང་སྟོབས་ཀྱིས་གོ་བ་གསར་བ་ཞིག་རྙེད་ཐུབ་བོ་སྙམ།

10.jpg

འོས་སྦྱོར་པ། བཀྲ་ཤིས་རྣམ་རྒྱལ།
ཞི་ཨན།
《ཏཱའི་ཆིང་རྒྱལ་རབས་དུས་ཀྱི་སོག་པོའི་ཆབ་སྲིད་དང་སྤྱི་ཚོགས》

ཆི་ཀོང་ལགས་ཀྱིས་རྩོམ་འབྲི་གནང་བའི《ཏཱའི་ཆིང་རྒྱལ་རབས་དུས་ཀྱི་སོག་པོའི་ཆབ་སྲིད་དང་སྤྱི་ཚོགས། — ཨ་ལག་ཤའི་ཧོ་ཤོད་ཚོ་ཁག་ཞིབ་འཇུག་ལྟེ་བར་བཟུང་བ》ཞེས་པའི་རིག་གཞུང་ཆེད་དེབ་འདི་ནི2013ལོར་ཧྥུའུ་ཏན་སློབ་ཆེན་དཔེ་སྐྲུན་ཁང་ནས་དཔར་ཏུ་བཏབ། དེབ་འདིར་རྩོམ་པ་པོས་སོག་པོའི་ཨ་ལག་ཤའི་ཧོ་ཤོད་ཚོ་ཁག་དེ་ཞིབ་འཇུག་བྱ་ཡུལ་གྱི་ལྟེ་བར་བཟུང་ནས། ཏཱའི་ཆིང་རྒྱལ་རབས་དུས་ཀྱི་སོག་པོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་བྱེ་བྲག་གི་རྣམ་པ་དང་འཕྲེད་གཞུང་གི་འཕེལ་འགྱུར། དེ་དང་ཏཱའི་ཆིང་བཙན་རྒྱལ་བར་གྱི་འབྲེལ་བའི་ངོ་བོ་གསལ་བར་བྱས་ཡོད། གཞུང་དངོས་ཀྱི་ཐོག་མའི་དོན་དུ1640ལོར་ཁལ་ཁ་དང་ཨོ་རོད་བར་གྱི་མནའ་འབྲེལ་ཚུགས་པའི་དུས་ཀྱི་སོག་པོའི་ཕྱི་ནང་གི་གནས་ཚུལ་དང་རྒྱལ་དབང༧ལྔ་བ་ཆེན་མོའི་བར་འབྲེལ་ལམ་བྱུང་བར་དཔྱད་ཞིབ་གནང་ཡོད། དེར་མཐུད་ནས་ཨ་ལག་ཤའི་ཧོ་ཤོད་ཚོ་ཁག་གི་གནས་སྟངས་དང་མཚོ་སྔོན་གྱི་ཧོ་ཤོད་པའི་ཚོ་ུཁག ཨོ་རོད་ཇུན་སྒར། དགའ་ལྡན་ཕོ་བྲང་ས་གནས་སྲིད་དབང་བར་གྱི་འབྲེལ་བ་དངོས་དོན་ཅི་འདྲ་ཡིན་པ་དང་། འབྲེལ་བ་འདིའི་རིགས་གྲུབ་པའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་ཆིང་གོང་མ་བདེ་སྐྱིད་དང་ཡུང་ཊིང་དུས་སུ་ནུབ་བྱང་མཐའ་མཚམས་སུ་བསྟར་བའི་སྲིད་ཇུས་སྐོར་ལ་ཞིབ་འཇུག་གཏིང་ཟིབ་གནང་འདུག དེབ་འདི་ནི་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་དང་དགའ་ལྡན་ཕོ་བྲང་དུས་ཀྱི་བོད་སོག་ལོ་རྒྱུས་ཞིབ་འཇུག་གནང་བར་ཅིས་ཀྱང་བཀླག་རི་བའི་དེབ་ཞིག་རེད་འདོད་དོ། །

11.jpg

འོས་སྦྱོར་པ། དགྲ་ཟོར།
དཀར་མཛེས།
《སྲོག་ཆགས་རོལ་མོ་མཁན》

ངས《སྲོག་ཆགས་རོལ་མོ་མཁན》ཞེས་པའི་དཔེ་ཆ་འདི་ངོ་སྤྲོད་བྱེད་འདོད་བྱུང་། འདི་ནི་ང་རང་གིས་ཉེ་ཆར་ཐེངས་གཉིས་ལ་བཀླགས་པ་དང་། ད་ལྟ་ཡང་ཁོ་ཚོའི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་རང་ཉིད་འབྲོག་ཕྲུག་ཅིག་ཡིན་པའི་ཆ་ནས་འབྲོག་པའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་མངོན་ཡོང་བའི་འདབས་ཆགས་དག་ལས་ཚད་འདིར་ལོངས་བ་དག་ཐོ་འགོད་བྱེད་བཞིན་ཡོད། དེབ་འདིའི་ནང་འཛམ་གླིང་ས་གནས་ཁག་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས14ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་དང་སྲོག་ཆགས་དེ་དག་གིས་ཇི་ལྟར་བྱས་ཏེ་སྐད་སྒྲའི་ཐོག་ནས་འབྲེལ་བ་བྱེད་ཚུལ་དང་སྲོག་ཆགས་དེ་དག་གི་རོལ་དབྱངས་ཀྱི་ལྷན་སྐྱེས་ནུས་པ་ཇི་ལྟར་མི་རྣམས་ཀྱི་བསམ་ཚོད་ལས་བརྒལ་ཡོད་ཚུལ་བྲིས་ཡོད། དཔེར་ན་འོ་འཐུང་སྲོག་ཆགས་རིགས་གང་ཞིག་གིས་རྔོན་པའི་སྔོན་ལ་མཉམ་གཞས་ཆེན་མོ་དཀྲོལ་ངེས་ཡིན་པ་དང་། འབུ་སྲིན་རིགས་གང་ཞིག་གིས་མཚན་མོར་སྐད་ཅོར་རྒྱག་པ་སོགས་ཀྱི་གནད་དོན་ལ་དཔྱད་བསྡུར་བྱས་ཡོད། དེ་དང་མཉམ་དུ། དཔེ་ཆ་འདིས་སྤྲོ་སྣང་ལྡན་པའི་གླེང་གཞི་ཞིག་བསླངས་ཡོད་པ་ནི། དཔེར་ན། སྲོག་ཆགས་ཀྱིས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་གླུ་དབྱངས་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་ཐུབ་མིན་ལྟ་བུའོ། །དཔེ་ཆ་འདི་ལ་བལྟས་རྗེས་ཡང་བསྐྱར་རང་གི་ཁོར་ཡུག་ལ་ཞིབ་ལྟ་དང་ཞིབ་ཉན་བྱེད་འདོད་ཀྱི་འདུན་པ་ཞིག་འཁྲུངས་སྲིད་སྙམ། མ་མཐའ་ཡང་ང་ལ་ནི་དེ་འདྲ་ཞིག་བྱུང་སོང་། །

12.jpg

འོས་སྦྱོར་པ། བོན་རྒྱ་ལྷ་དཀར་རྒྱལ།
མཚོ་ལྷོ།
《སྐྱ་མིའི་རུ་དཔོན་ལྐོག་གསོད་བྱས་པ》

རྩོམ་པའི་ཁྱུ་མཆོག་མུ་རཱ་ཁཱ་མི་ར་ལ་མཚོན་ན། ཁོང་གིས་མཛད་པའི་བརྩམས་ཆོས་དག་གི་གྲགས་པ་ནི་གོ་ལའི་ཁྱོན་དུ་དབྱར་སྐྱེས་རྔ་ལྟར་ལྡིར་བཞིན་ཡོད་པ་དང་། ནོ་བྷེར་རྩོམ་རིག་གཟེངས་རྟགས་དང་ཡང་དང་བསྐྱར་མར་དཔུང་བ་མཉམ་བཤིབ་ཀྱིས་ལོ་རེའི་འཛམ་གླིང་རྩོམ་རིག་གི་གསར་འགྱུར་ཚ་ཤོས་སུ་གྱུར་དང་འགྱུར་བཞིན་པ་ལགས་ཤིང་། འཛམ་གླིང་གི་ཀློག་པ་པོ་ཆེས་མང་ཤོས་ཤིག་གི་རྩོམ་པའི་དང་རྟེན་དང་། རྩོམ་གཤིས་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་པའི་རླབས་རྒྱུན་འཇགས་མེད་དུ་འཕྱོ་ཞིང་འཕྱུར་གྱིན་ཡོད། ཁོང་ལ་ནོ་བྷེར་རྩོམ་རིག་གཟེངས་རྟགས་མ་བྱིན་པ་ནི་ཁོང་གི་གྱོང་གུད་ཅིག་མ་ཡིན་པར་དེ་ནི་ནོ་བྷེར་རྩོམ་རིག་གཟེངས་རྟགས་ཀྱི་རྒུད་པ་ཉིད་དུ་ངེས་སོ་ཞེས་པའི་གཏམ་ཡན་ཡང་རྒྱལ་ཁམས་ཀྱི་ཁ་ན་རླུང་ལྟར་གྲགས་སོ་ཞེས་ན་ཐལ་མི་ཆེ། དེ་ལྟ་བུའི་ཤུགས་རྐྱེན་ཆེན་པོ་དང་ལྡན་ཞིང་སྒེར་གཤིས་ཁྱད་པར་ཅན་མངའ་བའི་ད་ལྟའི་དུས་སུ་སྐུ་འཚོ་ཞིང་བཞུགས་པའི་རྩོམ་མཁན་ཞིག་ཡིན་པས། རྩོམ་པའི་ལས་ལ་འཇུག་པའི་སྐྱེ་བོ་ཞིག་དང་སྒོས་སུ་རྩོམ་རིག་དང་། ཡང་སྒོས་བརྩམས་སྒྲུང་འབྲི་མཁན། དེ་ལ་དཔྱད་གཏམ་སྤེལ་མཁན། དེ་འབྲེལ་གྱི་རྩོམ་སྒྲིག་མཁན་སོགས་གང་ཡིན་ཡང་། ངེས་པར་ཁོང་གི་བརྩམས་ཆོས་དག་ལ་དོ་སྣང་དང་ལྟ་ཀློག སློབ་སྦྱོང་བཅས་བྱེད་འོས་ཤིང་བྱེད་དགོས་པའི་ཚད་ཅིག་ཏུ་འཁུམས་ཡོད།

ཁོང་གི་བརྩམས་ཆོས《བདག་གི་ལས་རིགས་ནི་སྒྲུང་གཏམ་པ་ཞིག་ཡིན》ཞེས་པ་ལས་མི་ལོ་སོ་ལྔའི་རིང་ལ་བརྩམས་སྒྲུང་བྲིས་པའི་མྱོང་རྟོགས་དང་བློ་བསྐྱེད། འཚོ་བའི་ཁུར་ཙ་དང་ལམ་གྱི་དཀའ་ངལ་བྲིས་ཡོད་ལ། ཇི་ལྟར་ཕུགས་འདུན་འཚོལ་སྙེག་བགྱིས་པའི་སྐོར་གྱི་རང་རྣམ་བརྩམས་ཆོས་གལ་ཆེན་ཞིག་རེད། ཡང《ནོར་ཝེའི་ནགས་ཚལ》ལས། གཞོན་ནུའི་ནང་སེམས་ཁོང་དུ་ཆུད་པའི་སྡུག་བསྔལ་དང་སེམས་བྱུང་ཡ་མ་བརླ། ཀུན་སྤྱོད་ཀྱི་ཚད་ཐིག་ལས་འདའ་འགོངས་ཀྱི་སོམ་ཉི། མིའི་གཉུག་མའི་གཤིས་ཀྱི་དགེ་སྡིག་གི་ངོ་བོ་མག་མོག་གིས་བསྟན་པ་ཞིག་རེད་ལ། 2017ལོར་གསར་དུ་པར་སྐྲུན་བྱས་པའི《སྐྱ་མིའི་རུ་དཔོན་ལྐོག་གསོད་བྱས་པ》ལ་མཚོན་ན། སྦས་སྐུང་གི་གནས་སུ་ལུས་པའི་རི་མོའི་བརྩམས་ཆོས་གྲགས་ཅན་ཞིག་ལ་ཁུངས་སྣེ་དང་གཞི་བྱས་ཏེ། “སྐྱ་མིའི་རུ་དཔོན་ལྐོག་གསོད་བྱས་པ”ཡི་རི་མོ་དེ་ལ་རྟེན་ཅིང་འབྲེལ་འབྱུང་གི་སྒོ་ནས་མི་སྣ་གཙོ་བོའི་ཉེ་འཁོར་དུ་བྱུང་བའི་གནས་ཚུལ་ཁྱད་མཚར་པོ་དང་། བློ་ཡུལ་འགོངས་པའི་དོན་རྐྱེན་དག་ཟིན་ཐོར་བཀོད་འདུག དེ་ལས་མི་སྣ་གཙོ་བོ“ང”དང་བུད་མེད་གཞན་གྱི་ལྐོག་འབྲེལ་སྣ་ཚོགས། མཚན་ཕྱེད་ཀྱི་དྲིལ་བུའི་སྒྲ། གནའ་བོའི་ལྷ་ཁང་གི་བྲག་ཁུང་། ལྐོག་གྱུར་གྱི་ཁྱིམ་མཚེས། རི་མོའི་འཛིན་གྲྭའི་བུད་མེད་སློབ་མ། སྐྱ་མིའི་རུ་ཁག  “ངོ་གདོང་རིང་པོ་ཅན”བཅས་མི་སྣ་གཙོ་བོ“ང”དངོས་ཡོད་འཇིག་རྟེན་དང་ལྐོག་གྱུར་གསང་བའི་འཇིག་རྟེན་གྱི་བར་དུ་འཕོ་ཉུལ་བྱས་ཏེ། དམག་འཁྲུག་ལ་ཕྱིར་རྟོག་དང་འཆི་བྲལ་གྱི་མྱ་ངན། ཁེར་རྐྱང་གི་སྡུག་ཡུས། ཕ་རོལ་པོའི་རྒྱབ་འགལ་དང་སྙིང་ནད། མདོར་དྲིིལ་ན་མིའི་འདོད་པ་དང་བདག་འཛིན་གྱི་ངོ་བོ་སྒྱུ་མའི་རོལ་རྩེད་ལ་དྲངས་པའི་རྩོམ་གྱི་བསྟན་བཅོས་ལྗིད་ཏིག་གེ་བ་ཞིག་གོ །

13.jpg

འོས་སྦྱོར་པ། པ་སངས་སྒྲོལ་དཀར།
ལྷ་ས།
《རིག་རྩལ་ཀུན་བཏུས》

རིག་རྩལ་ནི་སྤྱི་ཚོགས་ཀུན་ལ་ཁྱབ་ཅིང་། མིའི་རིགས་ཀྱི་ནང་བསམ་པའི་འཇིག་རྟེན་ལ་མྱུལ་བའི་གལ་ཆེའི་སྐར་ཁུང་ཞིག་ཡིན་ན། རྩོམ་རིག་གི་སྣང་བརྙན་དང་། རོལ་མོའི་འགྱུར་ཁུག གར་གྱི་སྟངས་སྟབས། རི་མོའི་ཐིག་རིས། འཁྲབ་གཞུང་གི་འགལ་འདུ་སོགས་ཀྱང་དུས་སྐབས་སོ་སོའི་བསམ་བློའི་འདུ་ཤེས་མཚོན་པའི་གལ་ཆེའི་དཔང་པོ་ཞིག་ཅི་ལ་མ་ཡིན།《རིག་རྩལ་ཀུན་བཏུས》ཞེས་པའི་དེབ་ཆུང་འདིར། སྤྱིར་འཛམ་གླིང་ཤར་ནུབ་རིག་རྩལ་འཕེལ་འགྱུར་གྱི་རྨང་གཞིའི་ཆ་འཕྲིན་དང་། སྒོས་སུ་རང་རྒྱལ་གྱི་རིག་རྩལ་འཕེལ་རྒྱས་ཁྲོད་ཀྱི་དཔེ་མཚོན་བརྩམས་ཆོས་སོགས་ལ་ཚིག་ཉུང་དོན་བསྡུས་གྱི་མཚམས་སྦྱོར་མཆིས་ཤིང་། རིག་རྩལ་འཕེལ་རྒྱས་ཀྱི་དོན་ཆེན་གནད་བསྡུས་སོགས་ནང་དོན་ཡང་ཅུང་ཕུན་སུམ་ཚོགས་པས། བདག་དང་བདག་འདྲ་བའི་ལས་དང་པོ་བ་རྣམས་ཀྱིས་འཛམ་གླིང་ཤར་ནུབ་རིག་རྩལ་བྱུང་འཕེལ་གྱི་དུས་མཚམས་དང་དཔེ་མཚོན་བརྩམས་ཆོས་སོགས་ལ་སྤྱི་ཁོག་ཙམ་གྱི་བག་ཆགས་འཇོག་པར་ཅུང་ཟད་ཕན་པར་སྙམ་ནས་སྐབས་ཉེར་དགུ་པའི་འཛམ་གླིང་དཔེ་ཀློག་ཉིན་མོའི་དུས་སྐབས་དང་བསྟུན། འདི་ག་འཕྲིན་སྟེགས་ཀྱི་མཐུན་རྐྱེན་བཟང་པོའི་འོག་ཆེད་དུ་འོས་སྦྱོར་ཞུས་པ་ལགས།

14.jpg

འོས་སྦྱོར་པ། འབྲོག་ཀློའུ་སྒྲོལ་རྡོ།
ཀན་ལྷོ།
《ཨ་བྲ་བཟང་པོ》

སྔོན་དུ་གླེང་པ་ལ། རྙིང་པ་ལ་རྙིང་པའི་རིན་ཐང་ཡོད་ཀྱི། དེ་ལ་དཔྱད་རྒྱུ་གལ། ང་ཚོས་ནམ་ཞར་རྙིང་པ་མང་པོ་ལས་གནད་དོན་རྙིང་པ་དེ་གཏོང་བར་མི་བྱེད་པ་དང་། དེ་ཤ་སྟག་ཏུ་གླེང་ན་ཡེ་མི་འགྲིག ལྷག་དོན་སྤྱི་བྱེ་བྲག་གི་དམིགས་དོན་ཆེན་པོ་མེད་པའི་ཁར། གནད་དོན་རྙིང་པ་དག་ལ་མཐོང་སྣེ་རྙིང་པ་ནས་བཀྲལ་ན་དེ་བས་ཀྱང་སྤྲོ་སྣང་མི་འདུག རང་ཅག་རྣམས། རྩོམ་ཚན་སྡེ་སྟེ་སྐད་བརྡ་དང་རྩོམ་རིག་ཅེས་པའི་ཆེད་ལས་ཀྱི་སྡེ་ཚན་ཆུང་ངུ་དེའི་ར་བར་ཡོད་ལ། ར་བ་དེས་གཟོད་མི་སོ་སོའི་བསམ་གཞིགས་གཏོང་སྟངས་ཐད་ཚད་བཀག་ཐེབས་བཞིན་པ་ཚང་མས་མཁྱེན་གསལ། བཀག་རྒྱ་དེ་བརྒལ་མི་རུང་བའི་ས་མཚམས་ཤིག་ཏུ་ངོས་གཟུང་ན་ག་ལ་རུང་། མི་རུང་ངོ་། ། འོ་ན་ས་མཚམས་དེ་ལས་ཇི་ལྟར་བརྒལ་ལམ། དེ་བརྒལ་བའི་ཐབས་སུ་དེབ་ཆུང་ཞིག་ངོ་སྤྲོད་བྱ་སྟེ། 《ཨ་བྲ་བཟང་བོ》ཞེས་ཞུ་ཞིང་། དེབ་ཆུང་འདིར་ཁ་བྱང་ཆུང་ངུར“རབ་འབྱམས་པ་ཞ་ལིས་ཨ་བྲ་ཚེ་རིང་གི་གཏམ་རྒྱུད་ལ་ཉན་པ”ཞེས་འཁོད་འདུག དེབ་ཆུང་འདི་ནི་ང་ཚོས་རྒྱུན་ཐོས་ཀྱི་རོལ་དབྱངས་བསྐྱར་དཀྲོལ་ལྟ་བུའི་རྩོམ་ཚན་ལས་བརྒལ་བའི་རྩིས་ཚན་གྱི་སྡེ་རུ་གཏོགས་ཤིང་། རྩོམ་པ་པོ་ནི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་འཇོར་རྗི་ཞ་ལི(George Beals Schiller)རུ་འབོད་ཅིང་། ཁོང་ནི་རྩོམ་པ་པོ་དང་སྐྱེ་དངོས་རིག་པ་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་རྟོག་ཞིབ་ཀྱིས་མི་ཚེ་བསྐྱངས། ཨ་རིའི《དུས་རབས》དུས་དེབ་ཀྱིས་ཁོ་ནི“དུས་རབས་ཉི་ཤུ་བའི་རླབས་ཆེ་བའི་སྐྱེ་དངོས་རིག་པ་བ”རུ་བདམས་ཤིང་། སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ། དེབ་ཆུང་ནི་ལུའུ་ཀྲུ་ནས་རྒྱ་ཡིག་ཏུ་བསྒྱུར།

གོམས་པའི་གཤིས་ཀྱིས། རྒྱུན་པར་དེབ་ཁ་ཤས་ལ་དུས་ཚོད་ཀྱི་ཁོམ་གླགས་དང་བསྟུན་ནས་བཀླགས་ཤིང་། དེ་ལའང་དེ་བསྟུན་གྱི་བསམ་ཚོར་ཡང་སྣ་ཚོགས་སྐྱེས་མོད་རེ་རེ་བཞིན་སྨྲ་བའི་དགོས་པ་ཆེར་མ་བྱུང་། དེ་རིང་ངོ་སྤྲོད་ཀྱི་དེབ་ཆུང་འདི་བདམས་པའི་ཉིང་དགོས་ནི་བོད་ཀྱི་ཁོར་ཡུག་དང་ཉེ་བར་འབྲེལ་འདུག་ཅེས་བརྗོད་ཀྱང་མི་ཆོག་པ་ཆེར་མི་འདུག དེབ་ཀྱི་རྩོམ་པ་པོ་ཁོང་གིས་བོད་ཀྱི་ཁོར་ཡུག་ལ་དམིགས་བསལ་ཐོག་དོ་སྣང་བྱས་ཏེ། རང་བྱུང་ཁམས་ཀྱི་མི་དང་སྲོག་ཆགས། སྐྱེ་དངོས། གཅན་གཟན་ཀུན་ལ་ཕན་པའི་ཤེས་བྱ་དྲིལ་སྒྲོག་གནང་། ཁོས་དེའི་དོན་ལ《ཨ་བྲ་བཟང་བོ》ཞེས་པའི་དེབ་ཆུང་འདིའང་བྲིས་ཏེ། ཨ་བྲའི་དགེ་མཚན་ཀུན་ལ་ཤེས་རྟོགས་འབྱུང་དུ་བཅུག དེབ་འདི་བོད་ཀྱི་ཁྱབ་ཁོངས་ནང་བཞག་སྟེ་བཀྲལ་ཚེ། དེབ་འདིར་ཨ་བྲའི་དགེ་མཚན་མང་དག་ཅིག་འཁོད་འདུག་པས།  ཨ་བྲའི་དགེ་མཚན་སྨྲ་བའི་དེབ་ཐོག་མར་ཆགས་ཡོད་ཅེས་གླེང་ཆོག འདས་བའི་དུས་སྐབས་ཤིག་ལ། ཨ་བྲ་ནི་འབྲོག་པ་ཚོའི་དགྲ་བོ་ལྟ་བུ་ཡིན་ལ། རྩྭ་ཐང་ལ་གནོད་འཚེ་བཟོ་ཞེས་ཀུན་གྱི་ཁ་ན་རླུང་ལྟར་འཕྱོ། མི་ཆོས་ཀུན་སྤྱོད་ཀྱི་འཆིང་རྒྱས་སྡིག་པར་གཙི་བ་མ་གཏོགས། ས་གང་ནས་འཕྲད་ན་དེ་གར་གསོད་པ་ཡིན་ངེས། ཨ་བྲས་རྩྭ་ཐང་ལ་ཨུ་ཁུང་མང་པོ་བརྟོལ་ཏེ་རྩྭ་ཐང་ས་ནག་ཏུ་བསྒྱུར་བས། ཀུན་གྱིས་ཨ་བྲའི་སྐྱོན་མཐོང་བ་ལས། དགེ་མཚན་ཡེ་ནས་རྟོགས་ཀྱིན་མེད་པས། དེབ་ཆུང་འདིར་ཚེ་སྲོག་གི་འཁོར་རྒྱུན་ཆེན་མོ་དང་སྐྱེ་དངོས་དོ་མཉམ་ལྟར་བྱིས་པར་འོས་ཤིང་འཚམ་པའི་གཏམ་རྒྱུད་ལྟར་བྲིས་པས་ཀློག་འགྲེལ་ལ་དཀའ་སྣང་མི་འདུག ཚེགས་མེད་ངང་རིང་གིས་བཀླག་ཆོག རྩོམ་པ་པོས་ཨ་བྲ་ཚེ་རིང་ཟེར་བ་ཞིག་གི་ངག་ནས་ཐོས་པ་ལྟར་རྟོག་བཏགས་ཀྱི་ཐབས་ལམ་སྤྱད་དེ་བྱིས་པའི་ལྟ་ཀློག་གི་འདུན་པ་དྲངས་འདུག དེབ་འདིའི་བརྗོད་གཞི་ནི་ཨ་བྲའི་དགེ་མཚན་བརྒྱུད་སྒྲོག་བྱ་ཆེད་ཡིན་པས། ཚན་པ་སོ་སོར་ཨ་བྲའི་དགེ་མཚན་རེ་གླེང་བ་ལས་ཚན་པ་སྔ་གཞུག་མུ་འབྲེལ་དུ་འགོད་པ་མིན་པར། རིགས་འབྲེལ་གཏམ་རྒྱུད་ཀྱི་ཁྱད་ཆོས་ཀྱིས་ཁེངས་འདུག  དེ་རིགས་བརྙན་འཕྲིན་ནས་མཐོང་དུ་ཡོད་ལ། རང་རེའི་རྩོམ་ཡིག་ནང་དེའི་རིགས་མཐོང་དཀོན་པོ་འདུག་སྙམ་པ་ཞིག་བྱུང་། ཕྱོགས་གཞན་ཞིག་ནས། མུ་འབྲེལ་གཏམ་རྒྱུད་བཀླགས་པའི་འཆར་སྣང་འབྲི་ཚེ། གཏམ་རྒྱུད་ཧྲིལ་བོ་གཅིག་གི་ཚོར་བ་བྲིས་ཆོག་མོད་ཀྱི། འོན་ཀྱང་། རིགས་འབྲེལ་གཏམ་རྒྱུད་ཀྱི་བཀླགས་འཆར་ནི་དེ་འདྲ་མིན་པར། ལེའུ་སོ་སོ་གཏམ་རྒྱུད་རེ་རེ་ཡིན་པ་ལྟར་འབྲི་དགོས་འདུག ཡིན་ཡང་། འདི་ནི་ཨ་བྲའི་དགེ་མཚན་ཁོ་ན་དམིགས་སུ་བཟུང་བའི་འབྲི་ཐབས་ཀྱི་ཆ་ནས། ཐོག་མར་ལེའུ་རེ་རེའི་བརྗོད་བྱ་གཏན་འབེབས་བྱས་ཤིང་། དེ་ནས་བརྗོད་བྱར་འོས་པའི་མི་སྣ་གཏན་ལ་ཕབ་པས། ལེའུ་བཅུ་གཉིས་ཀྱི་བརྗོད་གཞི་བཅུ་གཉིས་པོ་ལོགས་སུ་དགར་ཚེ། མི་སྣ་དག་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་ལ། ཀློག་འགྲེལ་གྱི་དཀའ་གནད་ཀྱང་ཆེར་མི་འདུག

མདོར་དྲིལ་ཚེ། དེབ་འདིའི་ཤུགས་བསྟན་གྱི་དོན་སྙིང་གཙོ་བོ་ལེའུ་བཞི་བར། སྲོག་ཆགས་ཚང་མ་ཁོར་ཡུག་གཅིག་ཏུ་གནས་བཅས་པའི་དགེ་མཚན་བརྗོད་འདུག་པ་དེ་ཡིན་པར་སྙམ།  རྩོམ་པ་པོས་ཚིག་དུམ་ཁ་ཤས་འདི་ལྟར་བྲིས་ཡོད་པ་སྟེ། “ངས་རྐང་བ་མེད་པ་ཞིག་ལ་བརྩེ་སེམས་བཅངས་ལྟ་བུ། ངས་རྐང་བ་གཉིས་ཅན་ཞིག་ལ་བརྩེ་སེམས་བཅངས་ལྟ་བུ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ཡིན”ཞེས་པ་སོགས་ལས་མངོན་ཐུབ།

15.jpg

འོས་སྦྱོར་པ། གངས་བསོད།
ཟི་ལིང་།
《གཏམ་རྒྱུད》

རྩོམ་པ་པོ་མའེ་ཅིས་བརྩམས་པའི《 གཏམ་རྒྱུད 》ཟེར་བའི་དཔེ་དེབ་འདི་ནི་གློག་བརྙན་བརྙན་འཕྲིན་ལས་རིགས་ཀྱིས་དམ་པའི་གསུང་རབ་ཏུ་བརྩིས་པའི་འཁྲབ་གཞུང་རྩོམ་པའི་དེབ་ཅིག་ཡིན་པ་དང་།  དེབ་འདིའི་ནང་གཏམ་རྒྱུད་གསར་རྩོམ་གཙོ་བྱས་རྩ་བའི་རིགས་པ་བརྗོད་ཡོད་ལ། སྒྲུང་གཏམ་རྩོམ་པ་པོ་དང་། ཡིག་ཆ་འཆར་འགོད་པ།  ཚོང་དོན་མི་སྣ་བཅས་གཙོ་བྱས།  དེའི་ནང་གི་གཏམ་རྒྱུད་བཤད་པའི་ཐབས་རྩལ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཁྱེད་ཀྱིས་དེ་ནི་མཐོ་རིམ་གློག་བརྙན་ལ་གཟིགས་དཔྱད་བྱེད་པའི་ཕྱོགས་སྟོན་ཞིག་ཏུ་བརྩིས་ཆོག་ལ། རྩོམ་རིག་གསར་རྩོམ་དང་སྒྱུ་རྩལ་སྦྱོང་བརྡར། ད་དུང་མི་ལ་ལས་དེའི་ཁྲོད་ནས་མི་ཚེའི་མཚན་ཉིད་རིག་པ་དང་འཚོ་བའི་གནས་ལུགས་རྟོགས་ཐུབ་ཀྱི་ཡོད།    

16.jpg

འོས་སྦྱོར་པ། ཅོ་བྱང་སྐར།
ཁྲིན་ཏུའུ།
《འབུའི་རྒྱལ་པོ》

《འབུའི་རྒྱལ་པོ》འམ《སྦྲང་རྒྱལ》ཞེས་པ་ནི་དབྱིན་ཇིའི་དེང་རབས་རྩོམ་པ་པོ་དང་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན“ཝུའེ་ལན•ཀེ་ཨར་ཏིན”གྱིས་བརྩམས་པའི་བརྩམས་སྒྲུང་རིང་གྲས་ཤིག་ཡིན་ལ་ཁོང་གི་ཚབ་མཚོན་བརྩམས་ཆོས་ཤིག་ཀྱང་རེད། གཏམ་རྒྱུད་འདི་ནི་མ་འོངས་པའི་འཛམ་གླིང་འཁྲུག་ཆེན་ཐེངས་གསུམ་པའི་ཉིང་རྡུལ་དམག་འཁྲུག་ཅིག་གི་ཁྲོད་དུ་བྱུང་བ་སྟེ། ལོ་དྲུག་ནས་བཅུ་གཉིས་བར་གྱི་བྱིས་པ་སྐོར་ཞིག་ཕྱིར་འཐེན་བྱེད་པའི་ལམ་བར་དུ་གནམ་གྲུའི་དོན་རྐྱེན་གྱི་དབང་གིས་ས་སྟོང་ཞིག་ཏུ་ལུས་ཤིང་། ཐོག་མར་འཆམ་མཐུན་ངང་འཚོ་བ་རོལ་མོད། འོན་ཀྱང་ཕྱིས་སུ་མི་གཤིས་ཀྱི་ཀུན་སྤྱོད་ལས་ཕྲག་དོག་དང་ཁེངས་དྲགས་སོགས་ཇེ་ཆེར་སོང་ནས་ཕན་ཚུན་དམར་གསོད་བྱས་ཤིང་། སྐྱོ་བའི་ཟློས་གར་རང་བཞིན་གྱི་མཇུག་འབྲས་བྱུང་།

རྩོམ་པ་པོས་སྤྱི་མཚན་དུ་གྱུར་པའི་མཚན་ཉིད་རིག་པའི་གནས་ལུགས་ཀྱི་བརྗོད་གཞི་ཞིབ་ཕྲ་ཅན་དུ་བཏང་ནས། ཀློག་པ་པོར་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དང་མི་སེམས་སྒུལ་བའི་འཐབ་རྩོད་ཀྱི་རྣམ་པའི་ཐོག མི་སྣ། རྣམ་པ། གཏམ་རྒྱུད། གོ་དོན། བསམ་ཚུལ་སོགས་གསལ་བོར་སྟོན་པའི་ཚབ་མཚོན་རང་བཞིན་གྱི་དོན་སྙིང་ལྡན།《སྦྲང་རྒྱལ》ཞེས་པ་ནི་མཚན་ཉིད་རིག་པའི་བརྩམས་སྒྲུང་གལ་ཆེན་ཞིག་ཡིན་ཞིང་། ཆུང་ཆུང་བྱིས་པའི་རྣམ་དག་གི་བྱིས་བློ་ལ་བརྟེན་ནས་བརྗོད་བྱ་གཙོ་བོ་མི་གཤིས་ཀྱི་ནག་ཉེས་སྐོར་ཞིབ་དཔྱད་ནན་མོ་བྱས་ཡོད།    

17.jpg

འོས་སྦྱོར་པ། དགའ་བཀྲ་ཤིས་རྡོ་རྗེ།
ཀན་ལྷོ།
《ནུབ་གླིང་ཉེ་རབས་ལོ་རྒྱུས་རིག་པའི་གཞུང་ལུགས་གྲགས་རྩོམ་བདམས་བསྒྱུར》

《ནུབ་གླིང་ཉེ་རབས་ལོ་རྒྱུས་རིག་པའི་གཞུང་ལུགས་གྲགས་རྩོམ་བདམས་བསྒྱུར》ཅེས་པའི་དེབ་མཆོག་འདི་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ནོར་བུ་བསམ་འཕེལ་ལགས་ཀྱིས་བསྒྱུར་ཞིང་། 2022ལོའི་ཟླ2པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ། དེབ་འདིའི་བརྗོད་བྱའི་དུས་རིམ་གྱི་ཆ་ནས་རིག་རྩལ་བསྐྱར་དར་དང་བློ་འབྱེད་ལས་འགུལ་གྱི་སྐབས་སུ་འཁེལ་ཡོད། “ནུབ་གླིང་ངམ་ཡོ་རོབ་གླིང་གི་ལོ700ནས1000གི་སྔ་རོལ་གྱི་གནས་བབ་དང་བོད་པ་བཅིངས་འགྲོལ་མ་བཏང་གོང་གི་གནས་བབ་གཉིས་འདྲ”སྟབས།  བསམ་བློ་གཏོང་ཤེས་པའི་གང་ཟག་དེང་རབས་ཅན་དུ་བསྒྱུར་བར་ཤེས་རིག་སྔོན་ཐོན་ཁོ་ནས་བསྐྱེད་ནུས།  

གང་ཟག་ཐམས་ཅད་ལ་རྐང་པ་ཟུང་མཆིས་པ་འདྲ་རུང་ལས་ཀྱི་བྱས་པ་མ་འདྲ་བ་ཅི་ཡིན་ནམ། རིག་གནས་ལ་ལེགས་ཉེས་ཡག་བཙོག་གི་ཁྱད་པར་མེད་ཅེས་པ་ནི་རིགས་པའི་ལུང་དང་དཔྱོད་པའི་བློ་ཡིས་མ་གསེད་པའི་སྐད་ཆ་ཞིག་རེད། རིག་གནས་ལ་ལེགས་ཉེས་ཡག་བཙོག་གི་ཁྱད་པར་མེད་ན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་གནས་བབ་མི་འདྲ་བའི་ལེགས་ཉེས་ཡག་བཙོག་གི་ཁོར་ཡུག་ཅིག་ཇི་ལྟར་བྱུང་བ་རེད། དེའི་ཕྱིར། དེབ་མཆོག་འདི་ནི་ལོ་རྒྱུས་ཞིབ་འཇུག་མཁན་ལ་མཁོ་གལ་ཆེ་བར་མ་ཟད། རིག་ཚན་གཞན་པའི་བསླབ་གཉེར་བ་དག་ལ་གོ་བ་བསྐྱེད་པར་ཡང་ཕན་ཐོགས་རབ་ཏུ་ཆེའོ། ། 


མཉམ་སྤྱོད།