དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་མི་བཟང་། བཀྲ་ཤིས་རྒྱལ་གྱི་གནས་ཚུལ་ཆེད་བཀོད།

2024-05-22 09:00:34   |   1887

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།  


微信图片_20240522093415.jpg

ཉེ་བའི་ཉིན་འདི་དག་གི་རིང་ལ། མཚོ་བྱང་ས་ཁུལ་དུ་ཀུན་གྱིས་དོ་སྣང་བྱེད་ཀྱིན་པ་ནི་མཚོ་སྔོན་གྱི་མི་བཟང་ཁྲོད་དུ་བདམས་ཐོན་བྱུང་བའི་ལོ་ན་རེ་བདུན་ཅན་གྱི་སྐྱེས་པ་ཞིག་སྟེ། ཁོའི་མིང་ལ་བཀྲ་ཤིས་རྒྱལ་ཟེར། མཚོ་སྔོན་པོའི་མཐའ་འཁོར་འདི་ལ་མཚོན་ན། ཁོ་ནི་ཆེས་སྤྱིར་བཏང་དང་ཆེས་རྒྱུན་ལྡན་གྱི་ཕྱུགས་རྫི་རྒད་པོ་ཞིག་རེད།  ཞག་ཉིན་མོ་ཏ་ལེན་འཕེན་འཕེན་དང་ལོ་ཟླ་བ་དོང་ཙེ་རྩི་རྩི་བྱས་ནས། ཉིན་ཐོག་ཟླ་བཞག་གིས་མཚོ་མོའི་མཐའ་འཁོར་གྱི་རྩྭ་ཐང་དེ་རུ་ཉིན་ལ་ནོར་ལུག་རི་ལ་འདེད་པ་དང་མཚན་ལ་སྐར་མའི་ཁ་གྲངས་བརྩིས་ནས། འཇིག་རྟེན་འཚོ་ཚིས་ཀྱི་བྱ་ལས་ཁྲོད་འདུར་བའི་འབྲོག་ཕྲུག་དེ་ལ། མཚོ་སྔོན་གྱི་མི་བཟང་ཞེས་པའི་དཔེ་ལེགས་མི་སྣའི་ཆོ་ལོ་དེ་ཇི་ལྟར་ཐོགས་པ་ཡིན་ནམ།  

图片1.png

མ་གཞི་བཀྲ་ཤིས་རྒྱལ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཀྲ་སོག་སྡེ་བའི་སྡེ་མི་རེད། བཀྲ་སོག་སྡེ་བའི་ནང་དུ་ཁོ་ཚང་ནི་ཁྱིམ་ཚང་ཆེས་ཕྱུག་པོའི་གྲལ་མ་རེད། འོན་ཀྱང་ཁོ་ལ་མཚོན་ན་རྒྱུ་ནོར་ལས་ཀྱང་རིན་ཐང་ཆེ་བའི་ནོམ་པ་རྩ་ཆེན་ཞིག་ཡོད། དེ་ནི་ཁོར་བསམ་པ་དཀར་པོ་ཞིག་ཡོད་པ་དེ་རེད། ཁོའི་སེམས་རྒྱུད་བཟང་བོ་དེའི་དབང་གིས། དུས་རྒྱུན་འཚོ་བའི་ཁྲོད་དུ་རང་གི་ཁེ་ཕན་ལ་ཨེན་ཙམ་གནོད་པའི་ལས་ལ་འཕྲད་ཀྱིན་ཡོད་མོད། དེ་དུས་ཁོས་རང་གི་ཕ་མས་བཤད་པའི་སྐད་ཆ་ཞིག་སེམས་ནས་ཡང་ཡང་དྲན་བཞིན། ཕ་མའི་སློབ་གསོ་དེ་བླ་མའི་གསུང་བཞིན་བརྩིས་ཏེ། འགལ་བ་དང་རྩོད་པ་སྣ་ཚོགས་རང་སར་ཞི་ཅི་ཐུབ་བྱེད་ཀྱིན་ཡོད། ཆུང་དུས་ཕ་མས་ཁོར་བསམ་པ་བཟང་བོ་ཞིག་བྱེད་དགོས། གཞན་ལ་ཕན་ཨེ་ཐོགས་ཤུ་རེ་བྱོས། གཞན་དོན་འགྲུབ་ཚེ་རང་དོན་ཞོར་ལ་འགྲུབ་ཡོད་ཅེས་ཁ་ཏ་སློབ་གསོ་གང་མང་བྱས་མྱོང་ལ། ཁ་ཏ་དེ་ནི་ཁོས་མི་ཚེ་གཅིག་ལ་མི་འབོར་བའི་གདམ་ངག་ཆིག་ཐུབ་ཅིག་ཏུ་སྒོམ་པ་དང་། ཕ་མའི་རེ་བ་ཡོད་ཚད་རང་གི་ལག་ལེན་གྱི་ཁྲོད་དུ་མངོན་འགྱུར་བྱུང་ནས། ད་ལྟ་ཞིང་ཆེན་ཡོངས་ཀྱི་མི་བཟང་དུ་གྱུར་འདུག ཁོས་བཤད་རྒྱུར།

微信图片_20240522093143.jpg

  བཀྲ་ཤིས་རྒྱལ་ནི་ལོ་ན་བཅོ་བརྒྱད་ཀྱི་སྟེང་ནས་བཟུང་། ཁྱིམ་ཚང་གཞན་ཞིག་ལ་མག་པར་སོང་ཞིང་། ཁྱིམ་ཚང་དེ་རུ་སྐྱིད་ཀྱི་ཕུགས་བརྟན་ཞིང་། གཡང་གི་ཁ་དྲོ་ནས་ད་ལྟའི་བར་དུ་ཁོར་བྱིས་པ་གཉིས་སྐྱེས་ཡོད་ལ། རང་གི་ཨ་ཞང་དང་ཨ་ནེ་གཉིས་ལ་སྲི་ཞུ་ཡག་པོར་བསྒྲུབས་ནས་ཚེ་ལོ་མཐར་ཕྱིན་དུ་བཅུག་པ་རེད། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། ཁོས་ལོ་ན་ཉི་ཤུའི་སྐབས་ཙམ་ནས། སྡེ་བའི་ནང་གི་ཁྱིམ་མཚེས་གཡས་གཡོན་དུ་ཡོད་པའི་ལོ་ལོན་རྒན་པ་དག་ལ་རོགས་རམ་བྱས་ནས། ལོ་ལོན་ཀུན་གྱིས་ཁོ་ནི་བྱིས་པ་ཡ་རབས་ཤིག་ཡིན་ཞེས་དུས་རྒྱུན་ཉི་མར་ལྡེ་ས་རུ་ལབ་པ་ཐོས་རྒྱུ་ཡོད་མོད། སྐབས་དེར་ཚང་མས་དེ་འདྲའི་དོ་སྣང་གཙིགས་ཆེན་བྱས་མ་མྱོང་། བར་སྐབས་ཤིག་ལ། ཁོ་ཚང་གི་ཁྱིམ་མཚེས་རྒན་རྒོན་གཉིས་ལ་བྱིས་པ་མེད་པ་དང་། དུས་རྒྱུན་རྩྭ་ས་གཞན་ལ་བཙོངས་ན་སྒོར་མོ་ཙམ་ཡང་བརྩི་མི་ཤེས་པར། འཚོ་བའི་ཁྲོད་དུ་དཀའ་ཁག་སྣ་ཚོགས་བྱུང་བས། ཁོས་དེ་ཚང་ལ་རོགས་རམ་བྱས་ནས། དུས་རྒྱུན་ཟ་རྒྱུ་འཐུང་རྒྱུ་དང་གྱོན་ཆས་སོགས་ཉོས་ཤིང་། འཚོ་བའི་ཁྲོད་དུ་དཀའ་ཁག་ཅི་ཡོད་ཁོ་རང་གིས་གདོང་ལ་ལེན་ཅི་ཐུབ་བྱས་ནས། ད་ལྟ་ལོ་ལོན་ཁྱོ་ཤུག་དེ་གཉིས་ལས་ཁྱོ་ག་འདས་ཏེ་ཆུང་མ་ཁོ་ན་ལས་མེད་པས། ཨ་ཡེ་རྒན་མོ་དེས་ཁྱིམ་གཞི་མ་ཟིན་པར་བཀྲ་ཤིས་རྒྱལ་གྱིས་རང་གི་ཁྱིམ་དུ་ཚུར་བླངས་ནས་གཉོར་སྐྱོང་བྱེད་བཞིན་འདུག  ཨ་ཡེ་རྒན་མོ་ཕུར་མཚོ་ཡིས་བཤད་རྒྱུར།

微信图片_20240522093149.jpg

སུ་ཞིག་རང་གི་བདེ་སྡུག་གི་དོན་དུ་འདུར་བའི་ལས་ལ་བྲེལ་ཚེ། དེ་ནི་ཆེས་རྒྱུན་ལྡན་གྱི་མི་ཞིག་གི་བྱེད་ལས་ཙམ་ལས་མ་འདས་མོད། རང་གཞན་གཉིས་ཀྱི་དོན་ལ་བསམ་གཞིགས་གཏོང་ཞིང་། གཞན་ཕན་གྱི་ལས་ལ་རབ་ཏུ་སྤྲོ་བའི་མི་བུ་ཞིག་ཡོད་ཚེ། དེ་ནི་རྐང་གཉིས་འགྲོ་བ་ཀུན་ལས་རབ་དང་མཆོག་དང་ཕུལ་ཏུ་བསྙད་ཀྱང་མི་ཆོག་པ་ཅི་ཡང་མེད་པར་སྙམ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཡང་དོན་ལ་མཛའ་མཐུན་དང་བྱམས་བརྩེ་ཡིས་ཕྱུག་པའི་གཤིས་སྤྱོད་ཀྱི་མཐའ་སྡོམ་ཞིག་མ་ཡིན་ནམ། བཀྲ་ཤིས་རྒྱལ་གྱིས་དེ་ལྟར་མི་ཚེ་གང་བོར་ཁྱོན་བསྡོམས་ལོ་ལོན་ལྔ་ལྷག་གཉོར་སྐྱོང་བྱས་པ་རེད།  

微信图片_20240522093153.jpg

 སྐད་ཆ་དེ་ནི་བཀྲ་ཤིས་རྒྱལ་གྱི་བུ་བསྟན་པའི་རྒྱལ་མཚན་གྱིས་བཤད་པ་རེད། བསྟན་པའི་རྒྱལ་མཚན་གྱིས་ད་རུང་བཤད་རྒྱུར། ཨ་ཕས་རྒྱུན་དུ་གཞན་ཕན་གྱི་ལས་སྒྲུབ་དགོས་ཚུལ་གྱི་བསླབ་བྱ་གང་མང་གནང་བ་མ་ཟད། ང་རང་རྫོང་མཁར་དང་དགའ་སྟོན་སོགས་ལ་འགྲོ་དུས་ཀྱང་རྒྱུན་དུ་རླངས་འཁོར་ནང་ལ་ལོ་ལོན་འགའ་རེ་ཁྱེར་ནས་སོང་། ལོ་ལོན་དང་བྱིས་པ་གཅིག་ཡིན། བྱམས་སེམས་ཀྱིས་གཉོར་སྐྱོང་བྱོས་དང་དགེ་བ་རང་སྟེང་ལ་སྨིན་ཡོང་ངེས་ཞེས་སློབ་གསོ་གཏོང་བཞིན་ཡོད། དེ་བས་ངས་ཀྱང་རྒྱུན་དུ་རང་གི་ནུས་ཚོད་ཀྱིས་ལོ་ལོན་རྒན་པ་དག་ལ་རོགས་རམ་བྱས་པ་ཡིན། དུས་རྒྱུན་སྒོ་ཕྱིར་འགྲོ་དུས་ལམ་ན་རྒན་དར་གཞོན་གསུམ་སུ་ཞིག་རླངས་འཁོར་མེད་པར་བསྡད་ཡོད་ཚེ། ངས་རིན་མེད་ངང་ཁྱེར་བ་ཡིན་ཟེར། བཀྲ་སོག་སྡེ་བའི་སྡེ་མི་དབང་མོ་ཡིས་བཤད་རྒྱུར།

微信图片_20240522093206.jpg

  གསར་འགོད་པས་བཀྲ་ཤིས་རྒྱལ་ལ་མཚོ་སྔོན་གྱི་མི་བཟང་ཞེས་པའི་གཟེངས་རྟགས་ཐོབ་རྗེས་ཀྱི་མྱོང་ཚོར་སྐོར་དྲིས་པ་ན། ཁོས་བཤད་རྒྱུར། བྱ་དགའ་དེ་བྱིན་ནས་ཉིན་འགའ་མ་གཏོགས་འགོར་མེད། སྐབས་དེར་ང་སྲིད་གཞུང་གི་ལས་བྱེད་པ་ཚོས་ཁྲིད་ནས་ཟི་ལིང་ལ་སོང་བ་ཡིན། ལས་བྱེད་པ་ཚོས་ཁྱེད་ལ་དཀའ་ཁག་ཅི་ཡོད་ཤོད་དང་། ནུས་ཚོད་ཀྱིས་རོགས་རམ་བྱེད་ཟེར། ངས་ཁོ་ཚོར་དེང་སྐབས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བ་དང་། མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་ཡིན་པས། ང་ལ་དཀའ་ཁག་ཆེན་པོ་མེད། གལ་ཏེ་རོགས་རམ་རེ་བྱེད་ན། ང་ཚོ་ཡུལ་ཚོའི་ཕྱོགས་ཀྱི་ལོ་ལོན་ཤུལ་ཆད་དང་བྱིས་པ་དྭ་ཕྲུག་ཅི་ཡོད་ལ་རོགས་རམ་རེ་བྱོས་དང་། ང་ལ་རོགས་རམ་བྱས་པ་དང་ཁྱད་མེད་ཅེས་བཤད་པ་ཡིན་ཟེར།

微信图片_20240522093158.jpg

མི་ཞིག་གིས་ཐེངས་གཅིག་ལ་དོན་བཟང་སྒྲུབ་རྒྱུ་ནི་དེ་འདྲའི་དཀའ་མོ་མིན་མོད། མི་ཞིག་གིས་ཚེ་གཅིག་ལ་གཞན་ཕན་རྐྱང་རྐྱང་སྒྲུབ་རྒྱུ་ནི་ཅི་འདྲའི་དཀའ་ཚེགས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་རེད་ཨང་། ད་ལྟ་མཚོ་སྔོན་གྱི་མི་བཟང་དཔེ་ལེགས་ཅན་གྱི་གཟེངས་རྟགས་བླངས་རྗེས། སྲིད་གཞུང་གིས་རོགས་རམ་བྱས་ཏེ་ཀྲུང་གོ་དཔལ་ཡོན་དྲ་བའི་སྟེང་དུ་བཀྲ་ཤིས་རྒྱལ་ཀྲུང་གོའི་མི་བཟང་གི་ཁྲོད་དུ་འདེམས་པར་འདེམ་ཤོག་འཕེན་བཞིན་འདུག་མོད། དེ་ནི་ཕལ་ཆེར་ཁོས་ཤེས་མེད་པ་འདྲ་སྟེ། དེའི་སྐོར་ནས་ཁོས་ཅི་ཡང་ལབ་མ་བྱུང་། ང་ཚོས་སྡེ་འདབས་སུ་ཀྱ་ཀྱུའི་ངང་མཚོ་སྔོན་པོའི་ཕྱོགས་སུ་བཞུར་བའི་ཆུ་ཕྲན་ཞིག་གི་འགྲམ་ངོགས་སུ་ཁོ་ལ་བཅར་འདྲི་བྱས་པ་ཡིན། བཅར་འདྲི་མཇུག་བསྒྲིལ་རྗེས་ཁོས་གོམ་པ་ཁྱར་ཁྱོར་ངང་ལོ་ན་བཞི་ལ་སོན་པའི་ཚ་མོ་ཁྲིད་ནས་ཁྱིམ་དུ་འགྲོ་མགོ་བརྩམས་བྱུང་། ཆུ་ཕྲན་དེའི་ཐིགས་པ་རེ་རེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་གཞོངས་ལ་བསྲེས་བཞིན་ཡོད་པ་ལྟར། ཁོའི་ལྷག་བསམ་གྱི་རང་མདངས་དེ་ཡང་རང་གི་བུ་ཕྲུག་ནས་ཚ་མོ། ཚ་མོ་ནས་ཡང་ཚ་བྱས་ཏེ། ཚེ་ཚེ་རབས་རབས་སུ་རྒྱུན་བསྲིང་ཐུབ་ན་ཅི་འདྲའི་ལེགས་པ་ལ་ཨང་།


མཉམ་སྤྱོད།