དེ་རིང་ནི2024ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་སྐད་ས་མིང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་ཅན་དུ་གཏོང་བའི་ཚུལ་ལ་དཔྱད་པ།

2024-05-23 10:10:43   |   240

རྩོམ་པ་པོ། རིག་འཛིན། ཡོང་ཁུངས། ཀྲུང་གོའི་བོད་རིག་པ།   བཤེར་འབེབས། རིན་ཆེན་ཚེ་རིང་།


[ནང་དོན་གནད་བསྡུས།] ས་མིང་ནི་དམིགས་བསལ་གྱི་ཐ་སྙད་རིག་གནས་ཤིག་དང་མི་རིགས་ཤིག་གི་རིག་གནས་ཀྱི་གཞི་རྟེན་ཡིན་པས། དེའི་ལོ་ཙཱ་ནི་མིང་རང་ག་བའི་སྒྱུར་ཚུལ་དང་མི་འདྲ་བར་ཐ་སྙད་ཁྱད་པར་བའི་ལོ་ཙཱའི་གྲས་སུ་བཞག་ཡོད། འོན་ཀྱང་བོད་སྐད་ས་མིང་རྒྱ་འགྱུར་གྱི་སྐབས་སུ་གཅིག་གྱུར་གྱི་སྒྱུར་འབྲིའི་སྒྲིག་སྲོལ་དང་དོ་དམ་སོགས་མེད་རྐྱེན་ལོ་ཙཱ་བ་རེ་འགས་ཅི་འདོད་ཀྱིས་བསྒྱུར་སྟབས་རྙོག་དྲ་ངེས་ཅན་ཞིག་བཟོས་ཡོད། དེ་ནི་བོད་རྒྱ་རིག་གནས་བརྗེ་རེས་དང་བོད་ཀྱི་རིག་གནས་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་ཤིན་ཏུ་མི་ཕན་ཞིང་། ཐ་ན་རྒྱའི་སྐད་ཡིག་ཚད་ལྡན་དུ་གཏོང་བར་ཡང་ངན་ཤུགས་ཐེབས་ངེས་པས། དཔྱད་རྩོམ་འདིར་འབྲེལ་ཡོད་གནད་དོན་དེ་དག་གཞིར་བྱས་ནས་བོད་སྐད་ས་མིང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་དེ་འགྱུར་མིང་གཅིག་གྱུར་ཡོང་བར་གཞོལ་ཡོད།

[གནད་ཚིག] བོད་སྐད་ས་མིང་། རྒྱ་འགྱུར། ཚད་ལྡན་ཅན།

ལར་ས་མིང་ནི་ས་ཁམས་དང་གནས་ཡུལ་ངོས་འཛིན་བྱེད་ཀྱི་མཚོན་རྟགས་ཤིག་སྟེ། དེ་ནི་མི་རྣམས་ཀྱིས་བསམ་བློ་བརྗེ་རེས་ཁྲོད་མཐའ་འཁོར་གྱི་ཁོར་ཡུག་དབྱེ་འབྱེད་བྱེད་ཆེད་ས་ངོས་ཀྱི་དམིགས་གནས་ངེས་ཅན་ཞིག་ལ་གནང་བའི་མིང་རྟགས་ཁྱད་པར་བ་ཞིག་ཡིན། གནའ་ནས་བཟུང་མཚོ་བོད་མཐོ་སྒང་དུ་རྐང་རྟེན་འཆའ་བའི་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་འཚོ་སྡོད་དང་ཐོན་སྐྱེད་བྱེད་སའི་གནས་མཆོག་འདིའི་རི་ཀླུང་ནགས་གསུམ་དང་གཙང་པོ། གྲམ་ཐང་དང་ནགས་ཚལ། སྤང་ལྗོངས། གྲོང་དང་གྲོང་ཚོ། གནའ་ཤུལ་གྲགས་ཅན་སོགས་ལ་རང་མི་རིགས་དང་ས་གནས་ཁྱད་ཆོས་ཀྱིས་ཕྱུག་པའི་མིང་སྣ་ཚོགས་ཤིག་བཏགས་ནས་བོད་ཡིག་གི་ལམ་ནས་ཐོ་འགོད་བྱས་ཡོད། བགྲང་ལས་འདས་པའི་ས་མིང་དེ་དག་གིས་དུས་སྐབས་སོ་སོའི་བོད་རིགས་ཁྱབ་ཚུལ་གྱི་གནས་བབ་མཚོན་པར་མ་ཟད། ལོ་རྒྱུས་འཕེལ་འགྱུར་དང་བྱེད་སྒོ་སྣ་ཚོགས་ཀྱི་རྗེས་ཤུལ་ཡང་ཟིན་ཐོར་བཀོད་ཡོད། དེའི་ནང་དུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དཔལ་འབྱོར་དང་ཐོན་དངོས། སྤྱི་ཚོགས་ལོ་རྒྱུས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་ཆ་འཕྲིན་མང་པོ་ཞིག་འདུས་ཡོད་པས། འདི་ནི་རང་རེའི་ལོ་རྒྱུས་དང་སྐད་ཡིག་སོགས་ལ་ཞིབ་འཇུག་བྱེད་པའི་ངོས་ནས་བརྗོད་ན་ཡང་ཤུལ་བཞག་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། 

ས་མིང་ལོ་ཙཱ་ནི་མི་རིགས་ཕན་ཚུན་དབར་གྱི་འབྲེལ་འདྲིས་དང་འགྲོགས་ནས་བྱུང་ཞིང་རིམ་གྱིས་ཕུན་སུམ་ཇེ་ཚོགས་དང་སྣ་མང་ཅན་དུ་གྱུར་པ་ཡིན། དུས་རབས་གོང་མའི་ལོ་རབས50པའི་དུས་མགོར་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་བསྟུན་ནས། བོད་རིགས་དང་རང་རྒྱལ་གྱི་མི་རིགས་གཞན་དག་དབར་གྱི་འགྲོ་འོང་ཉིན་རེ་བཞིན་ཚད་ཇེ་མང་དང་གཏིང་ཇེ་ཟབ་ཏུ་སོང་ཞིང་། དེ་དང་བསྟུན་ནས་བོད་སྐད་ཀྱི་ས་མིང་གང་མང་ཞིག་གསར་འགྱུར་དང་དཔེ་སྐྲུན། འགྲིམ་འགྲུལ། རིག་གནས། གནས་སྐོར། རིག་གཞུང་ཞིབ་འཇུག་སོགས་སྤྱི་ཚོགས་ལས་རིགས་ཁག་ཏུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་ཅིང་། མི་རྣམས་ཀྱི་ཐུན་མོང་གི་འབྲེལ་འདྲིས་ཡོ་བྱད་ཅིག་ཏུ་ཡང་གྱུར་ཡོད། ཡིན་ན་ཡང་བོད་སྐད་ས་མིང་གི་རྒྱ་ཡིག་སྒྱུར་འབྲི་(译写)ཡི་དོན་བྱ་ལ་གཅིག་གྱུར་གྱི་སྒྲིག་སྲོལ་དང་དོ་དམ་མེད་པས། མིང་གཅིག་ལ་འགྱུར་མང་པོ་བྱུང་བ་དང་ཐ་ན་ལོག་སྒྱུར་གྱི་སྣང་ཚུལ་ཡང་མང་དུ་མཆིས་ཤིང་། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་སྔ་རྗེས་སུ་རྒྱ་ཡིག་ཏུ་བསྒྱུར་བའི་བོད་ཀྱི་ཡིག་ཚང་དག་ཏུ་ཡང་དེ་འདྲའི་གནས་ཚུལ་མང་པོ་བདོག དེས་ནི་མི་རིགས་འབྲེལ་འདྲིས་དང་རིག་གནས་བརྗེ་རེས། འགྱུར་གྱི་སྤུས་ཚད་སོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད། གནས་ཚུལ་འདི་འདྲ་ལ་དམིགས་ནས་ཁོ་བོས་ཉེ་བའི་ལོ་འགའི་རིང་རང་ཉིད་ས་མིང་ལོ་ཙཱའི་ཞུས་གཏན་ཚོགས་འདུར་ཞུགས་པའི་ཉམས་མྱོང་རེ་འགའ་དང་། དུས་རྒྱུན་གྱི་རྒྱ་བོད་ལོ་ཙཱའི་སློབ་ཁྲིད་དང་ཞིབ་འཇུག་ཁྲོད་སྐྱེས་པའི་མྱོང་ཚོར་དག་ཟུང་དུ་སྦྲེལ་ཏེ། ལོ་ཙཱ་རིག་པའི་གཞུང་ལུགས་སྤྱད་ནས་བོད་སྐད་ས་མིང་རྒྱ་འགྱུར་ཚད་ལྡན་དུ་ཇི་ལྟར་གཏོང་བའི་ཐད་ལ་ཐོག་མའི་དཔྱད་ཞིབ་ཙམ་བྱས་ན་གཤམ་ལྟར།

དང་པོ། བོད་སྐད་ས་མིང་རྒྱ་འགྱུར་གྱི་རྩ་དོན་དང་ཐབས་ལམ། 

ས་མིང་ནི་ཆེད་སྤྱོད་མིང་བརྡ་ཞིག་ཡིན་པས་སྒྲ་སྒྱུར་གཙོ་བོར་འཛིན་དགོས་ཤིང་། དེ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡོངས་ཁྱབ་ཀྱིས་བརྩི་སྲུང་བྱེད་བཞིན་པའི་ལོ་ཙཱའི་རྩ་དོན་ཞིག་ཏུ་གྱུར་ཡོད་ཅིང་། མིག་སྔར་ཀུན་གྱིས་ཁས་ལེན་བྱེད་པའི་ལོ་ཙཱའི་ཐབས་ལམ་ཞིག་ཀྱང་ཡིན། ཡིན་ན་ཡང་། ས་མིང་ཁ་ཤས་ལ་དམིགས་བསལ་གྱི་རང་བཞིན་ལྡན་པས་ཡོད་ཚད་སྒྲ་སྒྱུར་བྱེད་དགོས་པའི་ངེས་པ་མེད་སྟབས། སྒྲ་སྒྱུར་གཙོར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་སྦྲགས། སྐབས་འགར་གནས་ཚུལ་ཁྱད་པར་བར་གཞིགས་ཏེ་སྒྲ་དོན་ཟུང་འབྲེལ་དང་ཐ་ན་དོན་སྒྱུར་གྱི་ཐབས་ལམ་སྤྱད་ཀྱང་མི་ཆོག་པ་མེད་སྙམ། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ས་མིང་ལོ་ཙཱར་གཞིགས་ན། སྒྱུར་ཐབས་ལ་སྒྲ་སྒྱུར་དང་སྒྲ་དོན་ཟུང་སྒྱུར། སྒྲ་སྒྱུར་རྗེས་སླར་ཡང་དོན་སྒྱུར། དོན་སྒྱུར་བཅས་རིགས་བཞི་མཆིས་ཤིང་། སྒྱུར་ཐབས་དེ་དག་ནི་ང་ཚོས་བོད་སྐད་ཀྱི་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས་ཀྱང་ཟུར་ལྟའི་མེ་ལོང་དུ་བཟུང་ཆོག འོ་ན། ཡང་སྙིང་ས་མིང་གང་དག་སྒྲ་སྒྱུར་དང་གང་དག་སྒྲ་དོན་ཟུང་སྒྱུར། གང་དག་སྒྲ་སྒྱུར་རྗེས་ད་དུང་མཆན་འགྲེལ་རང་བཞིན་གྱི་དོན་སྣོན་བྱ་དགོས་པ། གང་དག་དོན་སྒྱུར་བྱ་ཆོག་པ་ཡིན་ཞེ་ན་གཤམ་གྱི་ཕྱོགས་འགའ་ནས་བསམ་བློ་བཏང་ཆོག་པར་སྙམ་སྟེ།

གཅིག སྤྱིར་བཏང་གི་ས་མིང་སྟེ་གྲོང་ཚོ་དང་འབྲོག་ས་སོགས་འདུས་པའི་ས་མིང་ཕལ་ཆེ་བར་ཆེད་མིང་(专名)ལས་གཞན་ཟུར་སྣོན་གྱི་གྲུབ་ཆ་(附加成分)མེད་པ་དག་ལ་སྒྲ་སྒྱུར་གྱི་ཐབས་བཀོལ་ཆོག་སྟེ། འདི་ལ་རྒྱ་བོད་ལོ་ཙཱ་བ་ཧོ་ཝུན་ཞོན་(贺文宣)གྱིས་“ས་མིང་ནི་མི་མིང་དང་འདྲ་བར་ལོ་ཙཱ་བྱས་རྗེས་སྤྱིར་བཏང་ངག་ཐོག་ནས་སྤྱོད་དགོས་སྟབས། སྒྲ་སྒྱུར་མ་བྱས་པར་དོན་སྒྱུར་བྱས་ནས་ཀློག་ཚེ་གནས་དེ་གའི་མི་སུས་ཀྱང་གོ་དཀའ་བ་ཡིན་” ①ཞེས་གསུངས་པ་ལྟར།དཔེར་ན། དཔའ་ལུང་ལ་“化隆”དང་། རོང་བོ་ལ་“隆务”རྨ་ཆེན་ལ་“玛沁” གཅན་ཚ་ལ་“尖扎” རྫ་སྟོད་ལ་“杂多”རྩེ་ཁོག་ལ་“泽库” སོགས་ནི་སྒྲ་བཙན་པར་བསྒྱུར་དགོས་པ་བཞིན་ནོ། །གཞན་རི་ཆུ་ཆེན་པོ་དང་དེའུ་འབུར། ཆུ་ཕྲན་སོགས་ཏེ། དཔེར་ན། རྩེ་ཆུ་“泽曲”དང་། གླིང་ཆུ་“浪曲”བཀྲ་ཤིས་གཡང་རི་“扎喜央日” རིན་ཆེན་དཔལ་རི་“仁乾华日” སོགས་ཀྱང་སྒྲ་སྒྱུར་བྱས་ཆོག་པ་ཡིན། སྒྱུར་ཐབས་འདི་ནི་ལོ་རྒྱུས་སྟེང་བོད་སྐད་ས་མིང་སྒྱུར་སྐབས་ཀྱང་རྒྱུན་པར་སྤྱོད་པ་ཞིག་ཡིན་ཏེ། དཔེར་ན། གངས་ཏི་སེ་ལ་“冈底斯”དང་། དབུས་གཙང་ལ་“乌斯藏” བར་ཁམས་ལ་“巴尔喀木”སོགས་སུ་བསྒྱུར་བ་ལྟར་རོ། །

གཉིས། རང་བྱུང་ས་ཁམས་ཅུང་ཆེ་བ་དང་སྲིད་འཛིན་ས་ཁོངས་ཀྱི་མིང་། དེ་མིན་ས་མིང་གི་དོན་སྙིང་ལྡན་པའི་སློབ་གྲྭ་དང་སྲིད་འཛིན་ལས་ཁུངས་ཀྱི་མིང་། གཞན་གནའ་ཤུལ་གྲགས་ཅན་སོགས་ནི་སྤྱིར་བཏང་དུ་ཆེད་མིང་(专名)དང་སྤྱི་མིང་(通名)གཉིས་ཀྱིས་གྲུབ་པ་ཡིན་ལ། རྒྱལ་སྤྱིའི་རྒྱུན་སྲོལ་གྱི་སྒྱུར་ཚུལ་ལྟར་ན། ཆེད་མིང་གི་ཁག་སྒྲ་སྒྱུར་དང་སྤྱི་མིང་གི་ཁག་དོན་སྒྱུར་བྱེད་པས་མིང་འདིའི་རིགས་ལ་སྒྲ་དོན་ཟུང་འབྲེལ་གྱི་ལོ་ཙཱའི་ཐབས་སྤྱོད་དགོས་པ་ཡིན། དཔེར་ན། རི་བོ་ཧི་མ་ལ་ཡ་ལ་“喜马拉雅山”དང་། ཆབ་མདོ་གྲོང་ཁྱེར་ལ་“昌都市” དཔའ་ལུང་མི་རིགས་སློབ་འབྲིང་ལ་“化隆民族中学” སེ་ར་དགོན་པ་ལ་“色拉寺”སོགས་དང་། གཞན་ཕྱོགས་དང་གནས་སྟོན་པའི་མིང་དང་ཁྱད་ཆོས་སྟོན་པའི་མིང་སོགས་ཚིག་རྒྱན་གྱི་གྲུབ་ཆ་ཡོད་པའི་འདུས་གྲུབ་ས་མིང་(合成地名)རྣམས་ལ་ཡང་ཐབས་འདི་སྤྱད་ཆོག་སྟེ། དཔེར་ན་གདང་ལ་ཆུང་བ་ལ་“小唐古拉山”དང་། ཀ་རིང་གོང་མ་ལ་“上尕让” ཀ་རིང་ཞོལ་མ་ལ་“下尕让”ཞེས་པ་ལ་སོགས་བཞིན་ནོ། །

གསུམ། རང་བྱུང་ས་ཁམས་ཀྱི་མིང་ཉུང་ཤས་ཤིག་ནི་དོན་གྱི་ཁྱད་པར་འབྱེད་བདེ་བ་དང་ཡང་ན་འགྱུར་མིང་གྲུབ་ལུགས་ཀྱི་དགོས་མཁོ་སྐོང་ཆེད། ཐོག་མར་ས་མིང་ཧྲིལ་པོ་སྒྲ་སྒྱུར་བྱས་རྗེས་སྤྱི་མིང་གི་ཁག་དེ་སླར་ཡང་དོན་སྒྱུར་བྱེད་དགོས་པ་ཡིན། དཔེར་ན། ཡར་ཀླུང་གཙང་པོ་ལ་“雅鲁藏布江”དང་། སྐྱིད་ཆུ་ལ་“吉曲河” མྱང་ཆུ་ལ་“年楚河”སོགས་སོ། ། དེ་མིན་བོད་ཁུལ་གྱི་ས་མིང་ཁ་ཤས་ལ་ཆེད་མིང་མ་གཏོགས་མེད་པས་སྒྲ་སྒྱུར་རྐྱང་པ་བྱས་ཚེ་མི་རྣམས་ཀྱིས་གོ་བ་ལེན་དཀའ་བར་བརྟེན། ཐོག་མར་ཆེད་མིང་དེ་སྒྲ་སྒྱུར་བྱས་ཤིང་དེའི་རྗེས་རིགས་འབྱེད་བྱེད་ཀྱི་མིང་ཞིག་བླ་བཏགས་ཀྱི་ཚུལ་དུ་བསྣོན་དགོས་པ་ཡིན། དཔེར་ན། པོ་ཏ་ལར་“布达拉宫”དང་། ཕྱིང་བ་སྟག་རྩེར་“强瓦达则城”འཛོམས་སྐྱིད་ལ་“宗吉山”ལྟ་བུའོ། །སྒྱུར་ཐབས་འདི་ལ་འགྲེལ་བཤད་ཀྱི་ཆ་ཆེ་རུང་། ཀློག་པ་པོ་བྱིངས་ལ་མཚོན་ན་དབྱེ་འབྱེད་བྱེད་པར་ཕན་ཞིང་བསྐྱར་ཟློས་ཀྱི་ཚོར་བ་མེད་ཅིང་། དེ་མིན་རང་རེའི་《སྒྲ་སྦྱོར་བམ་གཉིས་》སུ། “ཡུལ་དང་སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་བར་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་དགོས་” ②ཞེས་པའི་ལོ་ཙཱའི་རྩ་དོན་དང་ཡང་མཐུན་ནོ། །

བཞི། ཁྱད་ཆོས་སྟོན་པའི་མིང་ངམ་ཕྱོགས་དང་གནས་སྟོན་པའི་མིང་དང་ས་ཁམས་སྤྱི་མིང་(地理通名)གཉིས་ཀྱིས་ཐད་ཀར་གྲུབ་པའི་ས་མིང་རྣམས་གང་དེའི་དོན་གྱི་སྣང་བརྙན་དེ་འགྱུར་ཡིག་ཏུ་ཇི་བཞིན་མཚོན་ཆེད་དོན་སྒྱུར་གྱི་ཐབས་བཀོལ་ཆོག་སྟེ། དཔེར་ན། མཚོ་དམར་ལ་“红海”དང་། རྟ་ནག་མ་ལ་“黑马河” སྟག་མོ་རི་ལ་“母虎山”མཁར་ནག་ལ་“黑城”ཞེས་པ་སོགས་སོ། །ལོ་རྒྱུས་སྟེང་དུ་ཡང་བྱེད་ཐབས་འདི་ཉིད་སྤྱད་དེ་ལོ་ཙཱ་བྱས་པ་མཆིས་ཏེ།དཔེར་ན། སེང་གེ་ཁ་འབབ་ལ་“狮泉河”དང་། མཚོ་སྔོན་ལ་“青海” མཚོ་སྔོན་པོ་ལ་“青海湖”ཞེས་པ་ལྟ་བུ་སོགས་སོ། །སྒྱུར་ཐབས་འདི་ནི་སྐབས་འགར་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བར་མ་ཟད་ཐ་ན་མ་སྤྱད་ཐབས་མེད་ཀྱི་སྐབས་ཀྱང་མཆིས་ཏེ། སུམ་པ་ཡེ་ཤེས་དཔལ་འབྱོར་ལགས་ཀྱིས་མཛད་པའི་《མཚོ་སྔོན་གྱི་ལོ་རྒྱུས་བཀོད་པའི་ཚངས་གླུ་གསར་སྙན་》ཞེས་པའི་ནང་མཛེས་པས་ཕྱུག་པའི་མཚོ་སྔོན་པོ་རྗོད་སྐབས། “དེའི་སྟོད་བར་སྨད་དུ་གློ་བ་རི་དང་མཚོ་སྙིང་མ་ཧཱ་དེ་བ། མཚེར་བ་རི་ཞེས་པ་གསུམ་གྱིས་མངོན་པར་བརྒྱན་ཡོད་” ③ཅེས་སུ་འཁོད་པ་ལ། བཤད་རྒྱུན་འདི་ནི་དམངས་ཁྲོད་ནས་དར་བ་ཡིན་ཏེ། ངག་རྒྱུན་དུ། མཚོ་སྔོན་པོའི་ས་དབྱིབས་ནི་རྗེ་བཙུན་སྒྲོལ་མའི་སྐུ་གཟུགས་དང་མཚུངས་ཤིང་འགྲམ་ངོགས་ཀྱི་མཚོ་ཆུང་དེ་གཉིས་ནི་རྗེ་བཙུན་སྒྲོལ་མའི་སྙན་རྒྱན་ཡིན། མཚོ་ཤར་གྱི་བྱེ་སྒང་ནི་རྗེ་བཙུན་སྒྲོལ་མའི་དབུ་སྐྲ་དང་མཚོ་དཀྱིལ་གྱི་རི་ཕྲན་གསུམ་པོ་ནི་རྗེ་བཙུན་སྒྲོལ་མའི་ཐུགས་གློ་མཚེར་གསུམ་ལ་གོ །བཤད་རྒྱུན་འདིར་གཞི་བཅོལ་ནས་ང་ཚོས་གོང་གི་རི་ཕྲན་གསུམ་པོ་དེའི་མངི ་ལོ་ཙཱ་བྱེད་སྐབས་དོན་སྒྱུར་གྱི་ཐབས་སྤྱད་འོས་ཏེ། “青海湖由西向东,被海肺山、海心山、海脾山装点得更加秀丽多姿。”ཞེས་བསྒྱུར་ན། མ་ཡིག་གི་བསྟན་དོན་མཚོན་ནུས་པར་མ་ཟད། ད་དུང་མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་མཛེས་ཉམས་ཀྱང་གསལ་པོར་མངོན་ནོ། །

གཉིས་པ། བོད་སྐད་ས་མིང་རྒྱ་ཡིག་ཏུ་སྒྱུར་འབྲི་(译写)བྱེད་སྟངས།

གོང་དུ་བརྗོད་པ་བཞིན་བོད་སྐད་ས་མིང་རྒྱ་ཡིག་ཏུ་སྒྱུར་ཐབས་ལ་རིགས་བཞི་ཡོད་མོད། དེ་དག་ལས་སྒྲ་སྒྱུར་ནི་ལོ་ཙཱའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་བས་སྒྲ་སྒྱུར་ས་མིང་གིས་འགྱུར་མིང་ཁྲོད་གྲངས་འབོར་ངེས་ཅན་ཞིག་ངང་གིས་ཟིན་པ་རེད། ཡིན་ན་ཡང་སྒྲ་སྒྱུར་བྱེད་དུས་གང་ནུས་ཀྱིས་མ་ཡིག་གི་སྒྲ་གདངས་དངོས་ལྟར་བསྒྱུར་དགོས་པ་ལས་ཅི་འདོད་དུ་སྒྲ་ཉེ་ཙམ་ཞིག་ཏུ་བསྒྱུར་མི་རུང་། སྔོན་ཆད་རྒྱ་ཡིག་ཏུ་བསྒྱུར་བའི་ས་མིང་ཁྲོད་བོད་ཀྱི་ཡུལ་སྐད་ཀྱི་ཤན་ཞུགས་པ་དང་། དེ་མིན་ལོ་ཙཱ་བ་རེ་འགས་བབ་ཅོལ་གྱིས་བསྒྱུར་བ་ན། སྒྲ་མི་དག་པ་དང་མིང་བཀོལ་བ་ཚད་ལྡན་མིན་པའི་སྣང་ཚུལ་ཅུང་མང་བས་འགྱུར་མིང་ཚད་ལྡན་དུ་འགྱུར་བར་ཤུགས་རྐྱེན་ཐེབས་ཡོད། གནས་ཚུལ་དེ་རིགས་སེལ་ཆེད་ང་ཚོས་བོད་སྐད་ཀྱི་ས་མིང་སྒྲ་སྒྱུར་བྱེད་སྐབས་གཤམ་གྱི་རིགས་འདི་དག་ལ་དང་དོད་བྱ་འོས་སྙམ།

གཅིག སྒྲ་སྒྱུར་བྱས་པ་གནད་དུ་ཁེལ་ཞིང་ཡུལ་སྐད་དང་སྒྲ་མང་ཡི་གེར་གཡོལ་དགོས།

ས་མིང་གང་ཡིན་རུང་སྒྲ་གཟུགས་དོན་གསུམ་གྱིས་གྲུབ་པ་ཡིན་ཞིང་དེ་ལས་ཆེས་གཙོ་བོ་ནི་སྒྲ་ཡིན། གལ་ཏེ་སྒྲ་ཡང་དག་པ་མིན་ཚེ་མི་རྣམས་ཀྱིས་གོ་དཀའ་བ་དང་བཙལ་ན་འཚོལ་དཀའ་བར་མངོན། དེ་བས་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས། ཐོག་མར་བོད་ཀྱི་ཡིག་སྐད་ཀྱི་སྒྲ་གདངས་དངོས་དེ་ཚད་གཞིར་འཛིན་དགོས་པ་ཡིན་ལ། འདི་ནི་བོད་སྐད་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས་ངེས་པར་དུ་བརྩི་དགོས་པའི་རྩ་དོན་ཞིག་ཀྱང་ཡིན། སྔོན་ཆད་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱས་པའི་ས་མིང་སྐོར་ཞིག་སྒྲའི་ཐད་ནས་དེ་འདྲ་ཚད་ལྡན་མིན་པའི་རྒྱུ་རྐྱེན་ནི་གཤམ་གྱི་རིགས་ཆེན་པོ་གསུམ་དུ་འདུ་སྟེ།

1.ལོ་ཙཱ་བ་རེ་འགས་བོད་སྐད་ས་མིང་གི་སྒྲ་གདངས་དངོས་མ་ཤེས་པ། དེ་ཡང་འདས་པའི་དུས་སུ་ལོ་རྒྱུས་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་ལོ་ཙཱ་བ་ཁ་ཤས་ཀྱིས་བོད་ཡིག་བསླབ་མ་མྱོང་བ་དང་བསླབས་ཀྱང་ཆུ་ཚད་མཐོན་པོར་སླེབས་མེད་རྐྱེན་བོད་སྐད་ས་མིང་གི་སྒྲ་གདངས་གསལ་པོར་ཤེས་མེད་ཅིང་། ཐ་ན་ལ་ལས་བོད་སྐད་རྩ་བ་ནས་མི་ཤེས་པར་བཅར་འདྲི་བྱ་ཡུལ་གྱིས་བཤད་པའི་ལུང་སྐད་ལྟར་ཐད་ཀར་བསྒྱུར་བ་སྟེ། དཔེར་ན། བོད་རང་སྐྱོང་ལྗོངས་སུ་ཡོད་པའི་སྣང་རྫོང་ལ་“郎县”ཞེས་བསྒྱུར་མོད། དོན་དམ་པར་“སྣང་”གི་ཀློག་སྟངས་ནི་“hnak”ཡིན་པས། སྒྲ་དེ་བཞིན་གྱི་རྒྱ་ཡིག་ཅིག་ཏུ་བསྒྱུར་དགོས་པ་ལས་“lang”ལྟར་བསྒྱུར་ན་མི་འགྲིག་གོ །དེ་བཞིན་དུ་དྭགས་པོ་སྨད་ཅེས་པའི་སྒྲ་འདིའི་ཡི་གེ་སྔོན་མ་གཉིས་ཀྱི་ཀློག་སྟངས་ནི་“takspo”དང་། དེ་སྒྲ་སྒྱུར་བྱས་ན་“达波”ཡིན་ལ། སྐུ་ཞབས་ཀུའོ་ཧོ་ཆིན་(郭和卿)གྱིས་“格波”ཞེས་ལོག་པར་བསྒྱུར་འདུག་④སྟེ། དེའི་རྒྱུ་རྐྱེན་ནི་ཁོས་མིང་གཞིའི་དྭ་དེ་སྔོན་འཇུག་ལྟར་བཀླགས་པས་བོད་ཡིག་གི་སྦྱོར་ཀློག་དང་ཡོངས་སུ་འགལ་བས་ཡིན། སྤྱིར་བོད་སྐད་ལ་རྒྱའི་སྐད་དང་འདྲ་བར་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་ཅིག་མེད་པས་རྒྱ་སྐད་ལྟར་ཚད་མཐོའི་བླང་བྱ་འདོན་མི་རུང་ཡང་། ལོ་ཙཱ་བྱེད་དུས་བོད་ཡིག་གི་སྒྲ་གདངས་དངོས་ལ་བསྟུན་དགོས་པའི་རེ་བ་དེ་ཙམ་ཞིག་བཏོན་ཆོག་ཆོག་སྟེ། དཔེར་ན། “སྦྲ་”ནི་ལུང་སྐད་ཀྱི་ཁྲོད་“ba”དང་“ra”ཞེས་ཀློག་མོད། བོད་ཁུལ་བྱིངས་ཀྱི་སྒྲའི་ཀློག་སྟངས་ཡང་དག་པ་ནི་“tsi”ཡིན། དེ་བས། མཚོ་སྔོན་ཐུན་ཏེ་རྫོང་ཁོངས་སུ་ཡོད་པའི་ས་མིང་སྦྲ་རུབ་ཁུག་སྒྱུར་སྐབས། “扎如口”ཞེས་བསྒྱུར་བ་ལས། “巴如口”དང་ཡང་ན་“热如口”ཞེས་བསྒྱུར་མི་རུང་ཞིང་། ཡང་ས་མིང་“སྦྲུལ་ལྕེ་”ལ་མཚོན་ན། ལུང་སྐད་དུ་“ru”དང་“bu”ཞེས་ཀློག་མོད། ཀློག་སྟངས་དངོས་ནི་“tʂi”ཡིན་པས་“知杰”ཞེས་བསྒྱུར་དགོས་པ་ཡིན། གལ་ཏེ་ང་ཚོས་“布杰”ཞེས་པའམ་ཡང་ན་“如杰”ཞེས་བསྒྱུར་ཚེ་ལུང་སྐད་ཀྱི་ཤུགས་རྐྱེན་ཐེབས་ངེས་པས་ཚད་ལྡན་ཞིག་ཡོང་དཀའ། དོན་དངོས་སུ་བོད་ཀྱི་ཡིག་སྐད་ཀྱི་སྒྲ་གདངས་ལ་ཁྱད་པར་དེ་འདྲ་ཆེན་པོ་ཞིག་མེད་པས་ཆེ་ས་ནས་གཅིག་གྱུར་བྱ་ཆོག་ལ། བོད་སྐད་ས་མིང་ཡིག་སྒྱུར་བྱེད་སྐབས་ཀྱང་དེ་འབྲེལ་གྱི་སྒྲ་སྦྱོར་སྒྲིག་སྲོལ་ཞིག་ཀྱང་གཏན་འབེབས་བྱས་ཆོག་པ་ཡིན། དེའི་སྐོར་ཞིབ་རྒྱས་སུ་འོག་ཏུ་འཆད་ངེས།

2. ལོ་ཙཱ་བ་ཁ་ཤས་ཀྱིས་རྒྱའི་སྤྱི་སྐད་མ་ཤེས་པར་སོ་སོའི་ཡུལ་སྐད་ལྟར་མཚོན་པ། དེ་ཡང་གསལ་པོར་བཤད་ན་སི་ཁྲོན་གྱི་ལོ་ཙཱ་བས་སི་ཁྲོན་གྱི་རྒྱའི་ཡུལ་སྐད་ལྟར་བསྒྱུར་ཅིང་། མཚོ་སྔོན་གྱི་ལོ་ཙཱ་བས་མཚོ་སྔོན་གྱི་རྒྱའི་ཡུལ་སྐད་ལྟར་བསྒྱུར་བས་སྒྲ་གདངས་དངོས་དང་ཁྱད་པར་ཆེ་སྟེ། དཔེར་ན། ལྷ་སའི་མིང་གྲགས་ཆེ་བའི་བར་སྐོར་ལ་八角街ཞེས་བསྒྱུར་ཡོད་ཅིང་། དེ་ནི་སི་ཁྲོན་གྱི་ཁ་སྐད་ཁྲོད་“角”ལ་“go”ཞེས་ཀློག་པའི་རྐྱེན་ཡིན། མི་མང་པོ་ཞིག་གིས་དོན་འདི་མ་ཤེས་པར་རྒྱའི་སྤྱི་སྐད་ལྟར་“jiăo(ʨiao)” ཞེས་ཀློག་པར་མ་ཟད་དོན་ཡང་ཟུར་བརྒྱད་ཅན་གྱི་སྲང་ལམ་ཞིག་ཏུ་ངོས་འཛིན་བྱེད། དེ་དང་འདྲ་བར་མཚོ་སྔོན་གྱི་ས་མིང་ཁྲོད་ཀྱི་“昂拉”དང་“昂欠”ནི་བོད་སྐད་ཀྱི་སྣང་ར་དང་ནང་ཆེན་ཞེས་པ་ཡིན་མོད། དེ་གཉིས་ཀར་“昂”ཞེས་བསྒྱུར་བ་ནི་མཚོ་སྔོན་གྱི་རྒྱའི་ཡུལ་སྐད་ཁྲོད་“昂”དང་“囊”གཉིས་ལ་ཁྱད་པར་མི་ཕྱེད་པས་ཡིན་ནོ། །

3. སྒྱུར་འབྲི་བྱེད་དུས་སྒྲ་མང་ཡི་གེ་(多音字)བཀོལ་བ། སྤྱིར་ས་མིང་ནི་མི་རྣམས་ཀྱིས་འབྲེལ་འདྲིས་བྱེད་སྐབས་སྤྱོད་པའི་མིང་བརྡ་ཁྱད་པར་བ་ཞིག་ཡིན་པས་ཅི་ནུས་ཀྱིས་སྒྲ་མང་ཡི་གེ་སྤྱོད་པར་གཟབ་དགོས་པ་ཡིན། རྒྱུ་མཚན་ནི་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱས་པའི་བོད་ཡིག་གི་ས་མིང་དེའི་ཡིག་ངོས་ནས་ནང་དོན་ཞིབ་ཕྲ་ཞིག་མཚོན་མི་སྲིད་ལ། གལ་ཏེ་ལ་ལས་མཚོན་པའི་དབང་དུ་བཏང་ན་ཡང་སྟེས་དབང་གིས་ཁེལ་བ་ཙམ་ཡིན། དེ་བས་རྒྱའི་སྒྲ་མང་ཡི་གེ་བཀོལ་ནས་བསྒྱུར་ཚེ་སྤྱོད་མཁན་གྱིས་སྒྲ་གང་ལྟར་ཀློག་དགོས་པ་ཤེས་དཀའ་སྟེ། དཔེར་ན། སྨར་ཁམས་རྫོང་གི་“卡布”དང་བོད་ལྗོངས་དིང་རི་རྫོང་གི་“卡布”གཉིས་ལས། སྔ་མའི་མ་ཡིག་ནི་ཁ་པོ་དང་རྗེས་མའི་མ་ཡིག་ནི་བྱ་ཕོ་ཡིན། བོད་ཡིག་གི་ཀློག་སྟངས་ལྟར་ན་སྨར་ཁམས་རྫོང་གི་“卡”དེ་“khabu”ཞེས་པར་ཀློག་པ་དང་། དིང་རི་རྫོང་གི་“卡”ནི་“ʨhabu”ཞེས་པར་ཀློག་པ་ཡིན། ཡིན་ན་ཡང་གོང་གི་རྒྱ་འགྱུར་དུ་སྒྲ་མང་ཡི་གེ་བཀོལ་བས་འགྱུར་ཡིག་གཅིག་པུ་བྲིས་ཏེ་ཟུར་དུ་བོད་ཡིག་མ་བཀོལ་བ་དང་། ཡང་ན་རྒྱ་ཡིག་གི་སྒྲ་སྦྱོར་གསལ་བཤད་དམ་ལ་ཏིང་སྐད་ཀྱི་སྒྱུར་འབྲི་སོགས་གཅིག་ཀྱང་མེད་ཚེ་དེ་གཉིས་སྒྲ་གཅིག་ཏུ་ཀློག་ངེས་པ་ཁོ་ཐག་ཡིན། གལ་སྲིད་ང་ཚོས་དེ་ལས་ལྡོག་སྟེ་སྔོན་མ་ལ་“喀”དང་ཕྱི་མ་ལ་“恰”ཞེས་སོ་སོར་ཕྱེ་ན་གནད་དོན་དེ་རིགས་རྩ་བ་ནས་སེལ་ཐུབ།

གཉིས། སྒྲ་སྒྱུར་གྱི་རྒྱ་ཡིག་ལ་རྒྱུན་སྤྱོད་ཀྱི་ཡི་གེ་བཀོལ་བ་ལས་མཐོང་དཀོན་པའི་ཡི་གེ་དང་སྨད་པའི་མིང་། དོན་སྟོན་པའི་མིང་སོགས་བཀོལ་མི་རུང་།

ས་མིང་ནི་མ་གཞི་ནས་མི་རྣམས་ཀྱི་འབྲེལ་འདྲིས་ཡོ་བྱད་ཅིག་ཡིན་པས། ལོ་ཙཱ་བྱེད་དུས་བེད་སྤྱོད་གཏོང་བ་ཉུང་བའི་ཡི་གེ་སྟེ་མཐོང་དཀོན་པའི་རིགས་བཀོལ་ཚེ། སྤྱོད་མཁན་གྱིས་ཀློག་མི་ཤེས་པའམ་ཀློག་ནོར་གྱི་ཉེན་ཁ་འབྱུང་སྲིད་ལ། དེས་མི་ཕན་ཚུན་བར་དུ་འབྲེལ་འདྲིས་བྱེད་པར་ཡང་སྟབས་མི་བདེ་བ་བཟོ་ངེས། དེ་བས་སྒྲ་སྒྱུར་ས་མིང་གི་རྒྱ་ཡིག་ནི་ངེས་པར་དུ་ཁྱབ་རྒྱ་ཅན་ཞིག་ཡིན་དགོས་ཤིང་། དུས་རྒྱུན་བཀོལ་སྤྱོད་དང་གོམས་ལོབས་སུ་གྱུར་པའི་ཡི་གེ་བཀོལ་བ་ལས། སྤྱོད་སྒོ་ཉུང་བའི་ཡི་གེ་སོགས་ནི་གཏན་ནས་བཀོལ་མི་རུང་། དེ་ལ་དམིགས་ནས་《ས་མིང་དོ་དམ་སྲོལ་ཡིག་》གི་དོན་ཚན་བཞི་པར་ཡང་“མཐོང་དཀོན་པའི་ཡི་གེ་སྤྱོད་པར་གཟབ་དགོས་”ཞེས་གཏན་ཁེལ་བྱས་ཡོད། སྨད་ཚིག་བཀོལ་མི་རུང་བ་ནི་ང་ཚོར་ཅུང་གསལ་ཆ་ཡོད་དེ། དེ་ནི་ས་མིང་ལོ་ཙཱ་བྱེད་པའི་གཞི་རྩའི་རྩ་དོན་ལ་ཐུག་ཅིང་།ལྷག་པར་དུ་སྒྲ་སྒྱུར་རྒྱ་ཡིག་གི་ཐ་སྙད་སྤྱོད་ཉེས་ཀྱི་མཐོང་ཆུང་དང་དམའ་འབེབས། ཐ་ཤལ་དང་མ་རངས་པའི་དོན་སོགས་བྱུང་ཚེ་མི་རིགས་དང་སྤྱི་ཚོགས་བར་ལ་དགོས་མེད་ཀྱི་འགལ་བ་ཡང་སློང་སྲིད་དེ། དཔེར་ན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ཆགས་ཡོད་ས་དེར་བོད་སྐད་དུ་གཙོད་ཟེར་ཞིང་། དེ་ནི་དང་ཐོག་“黑错”ཞེས་སུ་བསྒྱུར་མོད། རྒྱ་ཡིག་གི་“黑”དང་“错”ཞེས་པའི་ཡི་གེ་གཉིས་ལ་སྨད་པའི་དོན་ཡོད་པས་སྔ་ཕྱིར་གྲོས་གཞི་བཏོན་ཏེ་རང་རྒྱལ་གྱི་《ས་མིང་དོ་དམ་སྲོལ་ཡིག་》དོན་ཚན་ལྔ་པའི་འབྲེལ་ཡོད་གཏན་ཁེལ་ལྟར་“合作”ཞེས་སུ་བསྒྱུར་བ་ཡིན།དེ་བཞིན་དུ་མགོ་ལོག་ལ་ཡང་ཐོག་མར་“猓络”ཞེས་སུ་བསྒྱུར་ཅིང་། ས་དེ་གའི་མི་དམངས་ཀྱིས་བསྐྱར་བཅོས་བྱ་དགོས་པའི་རེ་བ་ལན་མང་བཏོན་མཐར་“果洛”ཞེས་པར་དངོས་སུ་བསྒྱུར་བ་ཡིན།

གཞན་བོད་སྐད་ས་མིང་སྒྲ་སྒྱུར་བྱས་རྗེས་འགྱུར་མིང་དེ་ལ་དམིགས་བསལ་གྱི་དོན་ཡོད་མི་རུང་སྟེ། དེ་ཡང་གསལ་པོར་བཤད་ན། ཀློག་པ་པོས་འགྱུར་མིང་དེ་ཉིད་མཐོང་སྐབས་དོན་གང་རུང་ཞིག་སྟོན་པའི་ཚོར་བ་བསྐྱེད་མི་རུང་། ཡིན་ན་ཡང་དོན་དངོས་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་དེ་ལྟར་བསྒྱུར་བའང་མང་སྟེ། དཔེར་ན་ལྕང་ལུང་ལ་“江龙”དང་། གཉན་རྒྱ་ལ་“娘家” ཕྱེ་ཁྲི་ལ་“斜治” ལུང་བཟང་ལ་“龙藏” སྲས་ལུང་ལ་“赛龙头” རྡོ་ལུང་ལ་“多龙” བོན་བརྒྱ་ལ་“王家” ཁྱུང་ལུང་ལ་“群龙” ཆུ་ལུང་ལ་“曲龙” གྲི་ལུང་ལ་“直龙” རྒྱུ་ལོང་ལ་“居龙” གྲུ་བཞི་ལ་“珠玉” བྲག་དཀར་ལ་“直海” སྟོང་ཆེ་ལ་“当车” སྟག་རིག་ལ་“豆后漏” རི་རྒན་ལ་“日干” ཆུ་མགོ་གཞོང་ལ་“青稞羊”ཞེས་བསྒྱུར་བ་སོགས་བགྲང་གིས་མི་ལངས། ཁྱད་པར་དུ་བོད་ཀྱི་ས་མིང་ཁ་ཤས་ཤིག་ལ་སྒྲ་སྒྱུར་བྱས་རྗེས་དམིགས་བསལ་གྱི་དོན་ལྡན་པར་མ་ཟད། དོན་དེ་ཡང་མ་གཞིའི་བསྟན་དོན་དང་ཡོངས་སུ་འགལ་ཏེ་ར་མིན་ལུག་མིན་ལྟ་བུ་ཞིག་ཏུ་གྱུར་ཡོད་དེ། དཔེར་ན་སི་ཁྲོན་བོད་ཁུལ་དུ་ཡོད་པའི་ས་མིང་“སྐུ་གཉེན་”ལ་ས་དེ་གའི་བོད་རིགས་མང་ཚོགས་ཀྱིས་བརྩེགས་ཡིག་སོ་སོར་ཕྲལ་ཏེ་ཀློག་པས་“sa genian”ཞེས་པའི་སྒྲ་ཐོན་མོད། མི་ཁ་ཤས་ཀྱིས་དམིགས་བསལ་གྱི་ཀློག་སྟངས་དེ་དང་དེ་མིན་རི་བོ་དེའི་དངོས་མིང་གང་ཡིན་མི་ཤེས་པར་བཅར་འདྲི་བྱ་ཡུལ་གྱི་སྒྲ་གདངས་ཁོ་ན་ཙམ་གཞིར་བཟུང་ནས་གང་དྲན་སྒོས་“四姑娘”ཞེས་པར་བསྒྱུར་ཅིང་། ད་དུང་བླ་བཏགས་ཀྱི་ཚིག་“山”ཞེས་པ་བསྣན་ནས་“四姑娘山”ཞེས་བཏགས་པ་རེད། ལྷག་པར་དུ་བོད་ཀྱི་ཡིག་སྒྱུར་མཁན་འགའ་ཤས་ཀྱིས་དེ་ལ་མ་བརྟགས་མ་དཔྱད་པར་ཆུ་སྣ་གར་ཁྲིད་སྒོས་རྒྱའི་སྐད་ཀྱི་“四姑娘山”ཞེས་པ་དེ་ནི་རི་བོ་དེའི་དངོས་མིང་ཡིན་པར་བསམས་ནས་བབ་ཅོལ་གྱིས་“རི་བོ་བུ་མོ་སྤུན་བཞི་”ཞེས་སླར་སྒྱུར་བྱས་ཤིང་། དེ་ལ་བརྟེན་ནས་རིམ་གྱིས་སྒྱུར་མིང་དེ་ཉིད་མ་གཞི་ས་མིང་དེའི་ཚབ་མིང་དུ་གྱུར་པར་མ་ཟད་ད་དུང་འབྲེལ་མེད་ཀྱི་ངག་རྒྱུན་ཞིག་ཀྱང་གང་སར་ཁྱབ་ཡོད། ཡང་དཔེར་ན་སི་ཁྲོན་དཀར་མཛེས་ས་ཁུལ་གྱི་རི་བོ་ཞིག་ལ་བོད་སྐད་ཀྱི་འབོད་སྟངས་རིགས་གསུམ་ཡོད་དེ། གདན་ཐོག་རི་བོ་རྩེ་དང་ལྷ་མོ་རྩེ། ཕག་མོ་རྡོ་རྗེ་བཅས་ཡིན། གདན་ཐོག་རི་བོ་རྩེ་ཟེར་དོན་ནི་རི་བོ་འདིའི་རྩེ་ན་གདན་བཏིངས་པ་དང་འདྲ་བའི་སྤང་ཐང་ཡངས་མོ་ཞིག་ཡོད་པའི་རྐྱེན་དང་། ལྷ་མོ་རྩེ་ཟེར་དོན་ནི་དར་མདོ་རྫོང་གི་ལྷ་མོ་རྩེ་དགོན་པ་སྔོན་རི་འདིའི་སྟེང་དུ་ཆགས་རྗེས་ད་ལྟའི་གནས་འདིར་སྤར་བའི་རྐྱེན་ཡིན་པ། ཕག་མོ་རི་ཟེར་དོན་ནི་ངག་རྒྱུན་ལ་རྡོ་རྗེ་ཕག་མོ་བཞུགས་སའི་གནས་ཡིན་པ་བཅས་དེ་སྐད་དུ་བརྗོད་མོད། རྗེས་སུ་ལོ་ཙཱ་བ་འགས་འབོད་སྟངས་གསུམ་པ་ལྟར་“跑马山”ཞེས་དོན་ཅན་དུ་བསྒྱུར་བས། མང་པོ་ཞིག་གིས་རི་དེའི་སྟེང་དུ་རྟ་རྒྱུག་ཐུབ་པར་སྙམ་པ་ལ། དེ་ནི་ས་མིང་དེའི་དངོས་དོན་དང་ཡོངས་སུ་འགལ་ལོ། །མདོར་ན་ས་མིང་ལ་རིག་གནས་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ས་མིང་གི་འགྱུར་ལྡོག་གིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པར་ཉེན་ཁ་ཆེན་པོ་བཟོ་ངེས་ཤིང་། དེ་བས་ང་ཚོས་སླད་ཕྱིན་བོད་སྐད་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས། ངེས་པར་དུ་མི་རིགས་ཀྱི་རིག་གནས་ལ་འགན་བླ་ལྷག་ཏུ་འཁུར་བའི་རྣམ་འགྱུར་བཟུང་ནས་ཏན་ཏིག་བྱ་དགོས་པ་ལས་ཅི་འདོད་བྱ་མི་རུང་ཞིང་། དེ་ལྟར་བྱས་ན་ད་གཟོད་ས་མིང་གང་དེའི་གདོད་མའི་རིག་གནས་ཀྱི་ཆ་འཕྲིན་ཡོངས་སུ་རྫོགས་པ་སོར་འཇོག་བྱ་ཐུབ་པ་ཡིན།

གསུམ་པ། བོད་སྐད་ས་མིང་ཁྲོད་ཀྱི་སྤྱི་མིང་གི་སྒྲ་སྒྱུར་ཡི་གེ་ཚད་ལྡན་ཅན་དུ་གཏོང་བ།

བོད་སྐད་ས་མིང་རྒྱ་འགྱུར་ཁྲོད་ཀྱི་སྤྱི་མིང་གི་ཁག་ནི་སྒྲ་སྒྱུར་བྱེད་དགོས་ལ། དེའི་སྐབས་སུ་སྤྱོད་པའི་ཡི་གེ་ཚད་ལྡན་དང་གཅིག་གྱུར་ཡིན་མིན་ལ་ཡང་ཅིས་ཀྱང་གཟབ་གཟབ་བྱ་དགོས། མིག་སྔར་བོད་རྒྱ་ལོ་ཙཱའི་གནས་བབ་ལ་གཞིགས་ན་གཅིག་གྱུར་མིན་པའི་སྣང་ཚུལ་ཅུང་མང་པོ་ཞིག་འདུག་སྟེ། དཔེར་ན་སྤྱི་མིང་ཐང་དང་ཆུ། ལུང་པ།གཞུང་། གྲམ་པ་སོགས་ཀྱི་སྒྲ་སྒྱུར་ལ་འབྲི་སྟངས་སྣ་ཚོགས་ཤིག་མཆིས། རགས་རྩིས་བྱས་པ་ལྟར་ན་ཐང་གི་སྒྱུར་ཚུལ་ལ་“唐”དང་“塘” “堂” “当” “同” “台” “桐”བཅས་རིགས་བདུན་དང་། ཆུའི་སྒྱུར་ཚུལ་ལ་ “楚”དང་“初”“渠” “曲” “机”བཅས་རིགས་ལྔ། ལུང་པའི་སྒྱུར་ཚུལ་ལ་“隆哇”དང་“陇哇” “垄哇” “龙哇” “弄哇” “龙洼” “龙瓦” “弄瓦” “陇巴”བཅས་རིགས་དགུ། གཞུང་གི་སྒྱུར་ཚུལ་ལ་“云”དང་“涌” “荣” “营” “羊” “详”སོགས་རིགས་དྲུག གྲམ་པའི་སྒྱུར་ཚུལ་ལ་“尖巴”དང“坚巴” “占木巴”སོགས་རིགས་གསུམ་ཡོད་པ་བཅས་སོ། །འདི་ལས་ང་ཚོས་བོད་སྐད་ས་མིང་ཁྲོད་ཀྱི་སྤྱི་མིང་ལོ་ཙཱ་ནི་ཅུང་རྙོག་འཛིང་ཆེ་བ་རྟོགས་ཐུབ་ཅིང་། སྤྱིར་བོད་རིགས་ས་ཁུལ་ཡོངས་ཞེས་ན་ཕར་ཞོག ཐ་ན་ཨ་མདོའི་ས་ཆ་གཅིག་པུར་མཚོན་ན་ཡང་དེའི་སྐོར་གྱི་སྒྲ་སྒྱུར་ཡི་གེ་ནི་གཏན་ནས་གཅིག་གྱུར་བྱུང་མེད། ཉེ་བའི་ལོ་འགའི་རིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ་》དང་《རྨ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ་》ཞེས་པའི་ཚིག་མཛོད་གཉིས་ཀྱི་ཁྲོད་གནད་དོན་འདི་རིགས་བྱུང་བ་ཅུང་མང་སྟེ། ཚིག་མཛོད་དང་པོའི་ནང་། ཐང་ལ་སྤྱིར་བཏང་“塘”ཞེས་སྒྲ་སྒྱུར་བྱས་པ་སྟེ། དཔེར་ན་གཟི་ལུང་ཐང་ལ་“司龙塘”དང་། སྒར་དགེ་ཐང་ལ་“尔格塘” འབྲོང་མགོ་ཐང་ལ་“中果塘”ར་ཐང་ལ་“热塘”ཞེས་པ་དང་། ཡང་མཚམས་རེར་“台”ཞེས་སུ་སྒྲ་སྒྱུར་བྱས་ཏེ། བྱ་ལུང་ཐང་ལ་“兆沟台”ཞེས་པ་ལྟ་བུའོ། །ཡང་གྲམ་པ་ལ་སྐབས་འགར་“占木巴”ཞེས་བསྒྱུར་ཡོད་དེ། དཔེར་ན་གཞུང་གི་གྲམ་པ་ལ་“雄个占木巴” དང་གནས་བརྟན་གྲམ་པ་ལ་“乃旦占木巴”ཞེས་པ་དང་། མཚམས་རེར་“坚巴”ཞེས་བསྒྱུར་ཏེ། འབྲུག་དོང་གྲམ་པ་ལ་“周东坚巴”དང་། ཡང་སྐབས་འགར་“尖巴”ཞེས་སུ་ཡང་བསྒྱུར་ཏེ། སྨན་ལུང་གྲམ་པ་ལ་“曼龙尖巴”ཞེས་པའོ། །⑤ ཚིག་མཛོད་གཉིས་པའི་ནང་རྙོག་འཛིང་དེ་བས་ཀྱང་ཆེ་སྟེ། “ཐང་”ལ་མཚམས་རེར་“唐”ཞེས་སྒྲ་སྒྱུར་བྱས་ཡོད་དེ། ཁོལ་ས་ཐང་ལ་“科沙唐”དང་གོང་མོ་ཐང་ལ་“贡毛唐”སོགས་དང་། སྐབས་འགར་“塘”ཞེས་བསྒྱུར་ཏེ། རྟ་རྒྱུགས་ཐང་ལ་“达久塘”དང་ལུང་ཆེན་ཐང་ལ་“隆谦塘”སོགས་དང་། མཚམས་རེར་“桐”ཞེས་བསྒྱུར་ཏེ། ཐོད་འཚོགས་ཐང་ལ་“托素桐”ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ། ལུང་པ་ལ་སྐབས་འགར་“龙哇”ཞེས་བསྒྱུར་ཏེ། ཤ་སྦྲང་ལུང་པ་ལ་“夏卜浪龙哇”དང་། བླ་གདོང་ལུང་པ་ལ་“拉敦龙哇”ཞེས་པ་དང་། སྐབས་འགར་“隆哇”ཞེས་བསྒྱུར་ཏེ་མེ་ཏོག་ལུང་པ་ལ་“美多隆哇”ཞེས་པ། ཡང་མཚམས་རེར་“隆瓦”ཞེས་བསྒྱུར་བ་སྟེ། དཔེར་ན་ཆུ་བཟང་ལུང་པ་ལ་“曲桑隆瓦”དང་། སྦྲུལ་ལྕེ་ལུང་པ་ལ་“如其隆瓦”སོགས་སུ་བསྒྱུར་འདུག⑥ མདོར་ན་ཚིག་མཛོད་འདི་གཉིས་ཀྱི་ཁྲོད་དུ་ས་མིང་ལས་སྤྱི་མིང་ཁག་གི་སྒྲ་སྒྱུར་སྤྱོད་ཡིག་ནི་གཅིག་གྱུར་མིན་ལ་ཚིག་མཛོད་གཅིག་གི་ནང་དུ་ཡང་སྔ་ཕྱི་མི་འདྲ་བ་སྣ་ཚོགས་བྱུང་ཡོད། གནས་ཚུལ་འདི་ལས་རང་རྒྱལ་གྱི་དཔེ་སྐྲུན་ཁང་ཁ་ཤས་ཀྱིས་བོད་སྐད་ས་མིང་ཡིག་སྒྱུར་སྐོར་ལ་གཅིག་གྱུར་གྱི་བླང་བྱ་བཏོན་མེད་པ་མཚོན་ཐུབ་ཅིང་། དེ་ལས་བོད་ཀྱི་ས་མིང་ལས་སྤྱི་མིང་ཁག་གི་རྒྱ་འགྱུར་མའི་ཐ་སྙད་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་ཅིག་ཏུ་གྱུར་ཡོད་པ་ཡང་རྟོགས་ཐུབ།

དོན་དངོས་ཀྱི་ཆ་ནས་བཤད་ན། གོང་གི་བོད་སྐད་ས་མིང་ལས་སྤྱི་མིང་ཁག་སྒྲ་སྒྱུར་བྱེད་སྐབས་སྤྱོད་པའི་ཡི་གེ་ནི་ཅུང་གཅིག་གྱུར་བྱེད་སླ་བ་ཞིག་ཡིན་ཏེ། ཐང་དང་ཆུ། ལུང་པ་ཞེས་པ་གསུམ་གྱི་ཡིག་སྐད་ཀྱི་སྒྲ་གདངས་ནི་མདོ་དབུས་ཁམས་གསུམ་གཅིག་གྱུར་ཡིན་པ་དང་། གཞུང་ཞེས་པ་ལྷ་སའི་སྐད་དུ་སྔོན་འཇུག་གི་སྒྲ་དོར་ཏེ་“ɕuŋ”ཞེས་ཀློག་པ་དང་། ཨ་མདོའི་སྐད་དང་ཁམས་པའི་སྐད་ཀྱི་ཁྲོད་“ʑoŋ”དང་“ʑŋ”ཞེས་ཀློག་མོད། རྒྱ་ཡིག་ཏུ་སྒྱུར་སྐབས་ལྷ་སའི་སྒྲ་གདངས་ལྟར་བསྒྱུར་དགོས་ཏེ། ཨ་མདོ་དང་ཁམས་པའི་སྐད་ཀྱི་སྒྲ་གདངས་དང་ཡོངས་སུ་མཚུངས་པའི་རྒྱ་ཡིག་ཅིག་གཏན་ནས་མེད། གྲམ་པ་ལྟ་བུར་མཚོན་ན། ལྷ་སའི་སྐད་དུ་“tʂampa”ཞེས་ཀློག་པ་དང་། ཨ་མདོའི་སྐད་དང་ཁམས་པའི་སྐད་ཁྲོད་དུ་“tʂam pa”ཞེས་ཀློག་པས། ཁྱད་པར་ཅུང་ཙམ་ལས་མ་མཆིས་པས་གཏན་ཆགས་ཀྱི་རྒྱ་ཡིག་ཅིག་ཏུ་བསྒྱུར་ཆོག་པ་ཡིན། དེ་ན་གོང་འཁོད་རྒྱ་འགྱུར་ཁྲོད་བོད་སྐད་ས་མིང་ལས་སྤྱི་མིང་གི་ཁག་དང་སྒྲ་གདངས་ཕལ་ཆེར་དོ་མཉམ་ཞིང་གོ་ལོག་སོགས་མི་འབྱུང་བ་ནི་སྤྱིར་བཏང་“堂”དང་“曲” “陇巴”“祥” “占木巴”བཅས་སོ། །

བཞི་པ། མིང་གཅིག་པའི་བོད་སྐད་ས་མིང་གི་སྒྲ་སྒྱུར་ཚད་ལྡན་ཅན་དུ་གཏོང་བ།

བོད་སྐད་ས་མིང་ཁྲོད་མིང་གཅིག་པ་མང་པོ་ཡོད་ལ།སྣང་ཚུལ་དེ་རིགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རིགས་གཉིས་ཡོད་དེ། གཅིག་ནི་ཚོ་ཁག་གནས་སྤོར་བྱས་པ་ལས་བྱུང་བ་སྟེ། དཔེར་ན་རྐང་ཚ་ཞེས་པའི་ས་མིང་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་སུ་ཡོད་པ་དང་། མཚོ་སྔོན་དུ་རྐང་ཚ་རྫོང་གི་རྫོང་མིང་ལས་གཞན་ད་དུང་སྐུ་འབུམ་དང་ཁྲི་ཀ ཞོན་ཧྭ། འབྲི་སྟོད་སོགས་སུ་ཡང་གང་དེ་ཞང་དང་སྡེ་ཡི་མིང་དུ་བཏགས་ཡོད། དེ་དང་འདྲ་བར་སེ་བརྒྱ་ཞེས་པའི་ས་མིང་ནི་རེབ་གོང་དང་ཁྲི་ཀ་རྫོང་ཁོངས་གཉིས་ཀར་ཡོད་པ་དང་། མགུར་འོག་མ་ཞེས་པ་གཅན་ཚར་ཡོད་པར་མ་ཟད་མང་རྫོང་ས་ཆར་ཡང་ཡོད་པ། ཁ་སྒང་ཞེས་པའི་ས་མིང་དེ་དཔའ་ལུང་དང་འབའ་རྫོང་རྫོང་ཁག་གཉིས་སུ་ཡོད་པ་བཅས་པ་སྟེ། ས་མིང་གཅིག་པ་འདི་འདྲ་མང་པོ་བྱུང་དོན་ནི་ལོ་རྒྱུས་སུ་ཚོ་ཁག་ལ་ལའི་མི་གྲངས་འཕེལ་ཏེ་ཞིང་ལས་ས་ཁུལ་ནས་ཕྱུགས་ལས་ས་ཁུལ་དུ་གནས་སྤར་བ་དང་།ཡང་ན་འཁྲུག་པ་དང་མུག་སྐྱོན་གྱིས་རང་ས་ནས་གཞན་ཡུལ་དུ་བྲོས་བྱོལ་བྱས་ཤིང་། ས་ཆ་གསར་པ་ཞིག་ཏུ་གནས་བཅས་རྗེས། སྔོན་གྱི་ཚོ་ཁག་བར་གྱི་འབྲེལ་བ་དེ་མཚོན་ཆེད་མཆེད་ཁུངས་ཀྱི་མིང་དེ་ཇི་བཞིན་སྤྱད་པ་རེད། 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》ཞེས་པའི་ནང་དུ་གོང་གི་ས་ཆ་ཁ་ཤས་ཀྱི་ས་མིང་གི་འབྱུང་ཁུངས་དང་ལོ་རྒྱུས་འབྲེལ་བ་གསལ་བཤད་ཅུང་ཞིབ་མོ་ཞིག་བྱས་ཡོད་དེ། དེ་ལས་སེ་བརྒྱ་ཞེས་པའི་ས་མིང་ལ་འགྲེལ་བཤད་བྱེད་སྐབས།“སྡེ་བ་འདི་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ་དྲུག་ཙམ་གྱི་མཚམས་སུ་ཆགས་ཡོད་ཅིང་། ངག་རྒྱུན་ལ་སྡེ་བ་འདིའི་ས་འཛིན་གྱི་ཐོག་མ་རྣམས་ནི་ད་ལྟའི་རེབ་གོང་ས་ཆའི་སེ་བརྒྱ་བོན་ཐང་ནས་ས་འདིར་ཆད་ཡོང་བས་ན་དེའི་ཐོག་མ་ནི་མཆེད་ཁུངས་ཀྱི་སྡེ་མིང་མ་འགྱུར་བར་སྡེ་བ་འདི་ལ་ཐོགས་པ་ཡིན་པར་བཤད་” ⑦ཅེས་པ་དང་། མགུར་འོག་མར་འགྲེལ་བ་བྱེད་དུས། “སྡེ་བ་འདི་ནི་མང་ར་ཡུལ་ཚོའི་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅུ་དྲུག་གི་མང་ཆུའི་བྱང་འགྲམ་དུ་ཆགས་ཡོད། སྔར་གཅན་ཚ་རྫོང་སྐྱ་རེངས་ཡུལ་ཚོའི་མགུར་འོག་མ་སྡེ་བའི་དུད་ཁྱིམ་འགའ་གནས་འདིར་སྤོས་ཏེ་གཞི་བཟུང་བས་ན་སྔར་གྱི་སྡེ་མིང་མ་འགྱུར་བར་སྡེ་བ་འདི་ལ་ཐོགས་པ་ཡིན་” ⑧ཞེས་པ་དང་། དེ་བཞིན་དུ་ཁ་སྒང་ཞེས་པ་འགྲེལ་དུས། “སྡེ་བ་འདི་ནི་འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ་བཅོ་བརྒྱད་ཀྱི་མཚམས་ན་ཆགས་ཡོད། སྡེ་བ་འདིའི་མིང་གི་ཐོགས་ཚུལ་ལ་འདི་ལྟར་གྲགས་ཏེ། སྡེ་བ་འདིའི་ས་འཛིན་པའི་ཐོག་མ་དཔོན་ལྷ་རྒྱལ་ཟེར་བ་ཞིག་སྔོན་དུས་དཔའ་ལུང་རྫོང་གི་ཁ་སྒང་ས་ཆ་ནས་ཕྱོགས་འདིར་སྤོས་ཏེ་ས་བཟུང་རྗེས་གནས་འདིར་རུས་རྒྱུད་མང་དུ་འཕེལ་ནས་སྡེ་བ་ཞིག་ཆགས་པའི་མིང་ལ་ཡང་ཐོག་མའི་མཆེད་ཁུངས་ཀྱི་ས་མིང་དེ་ཐོགས་ནས་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར་” ⑨ཅེས་སོགས་སུ་བྲིས་ཡོད། ཡིན་ན་ཡང་གནས་སྤོར་ལས་བྱུང་བའི་ས་མིང་འདི་དག་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་སྐབས་ཡི་གེ་མ་འདྲ་བ་སྤྱད་པས་སྒྱུར་ཚུལ་སྣ་ཚོགས་པ་ཞིག་བྱུང་ཡོད་དེ། རྐང་ཚ་ཞེས་པའི་མིང་ལ་“刚察”དང་“冈察” ད་དུང་“岗岔”དང་“刚咱”སོགས་རིགས་བཞི་དང་། སེ་བརྒྱ་དང་མགུར་འོག་མ་གཉིས་ལ་《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》དུ་“色加”དང་“郭玉乎麻”ཞེས་པ་དང་། 《རྨ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》དུ་“赛日加”དང་“古雷俄合玛” ⑩ཞེས་པ། ཡང་ཁ་སྒང་ལ་《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》དུ་“卡岗”དང་དཔའ་ལུང་རྫོང་རང་དུ་“卡力岗”ཞེས་བསྒྱུར་ཡོད་དོ། །

ས་མིང་གཅིག་པ་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ནི་མི་རྣམས་གཞིས་སྡོད་ཀྱི་གནས་མི་གཅིག་ཀྱང་སོ་སོའི་ས་དབྱིབས་དང་ས་ངོས་ཆགས་ཚུལ་སོགས་མཚུངས་པའི་རྐྱེན་ཡིན། དཔེར་ན། སུམ་མདོ་ཞེས་པའི་དོན་ནི་ལམ་གསུམ་གྱི་འདུས་མདོ་དང་ཡང་ན་ཆུ་བོ་གཉིས་གཞི་གཅིག་ཏུ་འདུ་སའི་མདོ་ཡི་དོན་ཡིན་ཞིང་། ས་དབྱིབས་འདི་འདྲ་བ་བོད་ཀྱི་ས་ཁུལ་མང་པོ་ན་ཡོད་པས། ས་མིང་དེ་ཡང་མཚོ་སྔོན་དང་དབུས་གཙང་སོགས་ཕྱོགས་ཀུན་ཏུ་ཁྱབ་ཡོད། འོན་ཀྱང་། འགྱུར་མིང་མི་གཅིག་སྟེ་མཚོ་སྔོན་མང་རྫོང་དུ་དེར་“森多”ཞེས་པ་དང་ཧོར་གྲོང་རྫོང་གི་ས་ཁོངས་སུ་“松多”ཞེས་བསྒྱུར་ཡོད། དེ་དང་འདྲ་བར་སྦྲུལ་ལྕེ་ཞེས་པ་ནི་བོད་ཡུལ་གྱི་ས་ཆ་ལ་ལའི་ཆགས་དབྱིབས་སྦྲུལ་གྱི་ལྕེ་དང་མཚུངས་པའི་ཆ་ནས་བཏགས་པ་ཡིན་མོད། དེ་རྒྱ་ཡིག་ཏུ་སྒྲ་སྒྱུར་བྱེད་སྐབས་“知杰”དང་“如杰” ད་དུང་“陆杰”དང་“如其”སོགས་རིགས་བཞི་བྱུང་ཡོད།ཡང་ཁྲི་ཀ་རྫོང་དང་གཅན་ཚ་རྫོང་གཉིས་སུ་ཡོད་པའི་མར་ཁུ་ཐང་ཞེས་པའི་གྲོང་རྡལ་གྱི་མིང་ལ་རིམ་པར་“玛尔克塘”ཞེས་པ་དང་“马克堂”ཞེས་སྒྲ་མི་འདྲ་བར་བསྒྱུར་ཡོད། སྔོན་ཆད་མི་ལ་ལས་གོང་གི་ས་མིང་འདི་རིགས་སྒྱུར་སྐབས་རྒྱའི་སྐད་ཀྱི་སྒྲ་འདྲ་ཡང་གཟུགས་མི་འདྲ་བའི་ཡི་གེ་དག་སྤྱད་ནས་སོ་སོར་ཕྱེ་ན་བསྐྱར་མིང་མང་པོ་ཞིག་མི་འབྱུང་བར་ཕན་ཐོགས་ཆེ་ཟེར་མོད། ཁོ་བོའི་བསམ་པར་སྐབས་འདི་ལྟ་བུར་འགྱུར་མིང་གཅིག་གྱུར་བྱ་དགོས་པ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་དང་མི་རིགས་སོ་སོའི་ཁྲོད་དུ་རུས་གཅིག་མིང་གཅིག་པ་མང་པོ་འབྱུང་ཆོག་པ་བཞིན་དགོས་པ་དང་རྒྱུ་མཚན་ངེས་ཅན་ཞིག་མཆིས་སྙམ། གཞན་གནས་ཚུལ་འདི་འདྲ་ལ་ཕྲད་དུས་རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་གིས་ཀྱང་མཚུངས་སྒྱུར་བྱས་ཡོད་དེ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ལས་ཨ་མེ་རི་ཁ་ནི་གནས་སྤོ་ཡུལ་མི་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པས་“བཞུ་ཐབ་ཆེན་མོ་”(melting pot 大熔炉)ཞེས་འབོད་ཅིང་། ཨ་རིའི་སྔ་དུས་ཀྱི་གནས་སྤོར་ཡུལ་མི་ནི་དབྱིན་ཇི་པ་དང་། ཧྥ་རན་སི། སི་ཕན་སོགས་ནས་འོང་བ་ཡིན་པས། ཨ་རིའི་ས་མིང་མང་པོ་ཞིག་ནི་གནས་སྤོར་ས་མིང་ཡིན་ཏེ། དཔེར་ན་New England(ཨིན་ཀི་ལན་གསར་པ)ནི་ཨ་རིའི་བྱང་ཤར་ས་ཆའི་ཁུལ་དྲུག་ལ་གོ་བ་དང་། དེ་དག་ནི་མེ་གླིང་བྱང་མར་དབྱིན་ཇི་པ་གནས་སྤོར་བྱས་པ་སྔ་ཤས་ཀྱི་ས་ཁུལ་ཞིག་ཡིན། ཐེངས་དང་པོར་ལྔ་པའི་མེ་ཏོག་རྟགས་ཅན་གྱི་གྲུར་(五月花船)བསྡད་ནས་ཐོན་པའི་གནས་སྤོར་བ་དག་གིས་England ཞེས་པའི་མདུན་ལ་New(གསར་པ)སྦྱར་ནས་ས་ཁུལ་དུ་མིང་བཏགས་པས་ད་ལྟའི་བར་སྤྱོད་བཞིན་ཡོད། ཡང་དཔེར་ན། New Orleans(ཨོར་ལན་གསར་པ)ནི་མེ་སེ་སེ་པུའི་གཙང་པོའི་སྨད་རྒྱུད་ན་ཆགས་པའི་ཨ་རིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཡིན་ལ། དེ་ལ་ཧྥ་རན་སིའི་མིས་བཙུགས་པའི་ཧྥ་རན་སིའི་དབུས་ཀྱི་བྱང་མཚམས་ཀྱི་གྲོང་ཁྱེར་ཅིག་གི་མིང་བཏགས་ཡོད། དེ་དང་རིགས་འདྲ་བའི་ས་མིང་ད་དུང་New York(ཉིའུ་ཡོར་ཁུ་གསར་པ)དང་New Mexico(མི་སེ་ཁུའུ་གསར་པ) New Plymeouth(ཕུ་ལེ་མང་སི་གསར་པ)New Jersey(ཅེར་སིའི་གསར་པ)ཞེས་པ་⑪སོགས་སོ། །འདི་དག་ལས་ང་ཚོས་དབྱིན་སྐད་དུ་ཡང་གནས་སྤོར་ས་མིང་དང་མཆེད་ཁུངས་ས་མིང་གཉིས་གཅིག་འདྲར་བྲིས་ཆོག་པར་མ་ཟད་བསྒྱུར་ཆོག་པའང་ཤེས་ཐུབ།

ལྔ་པ། བོད་སྐད་ས་མིང་གཅིག་ལ་འགྱུར་མང་བྱུང་བ་ཚད་ལྡན་ཅན་དུ་གཏོང་བ།

“ས་གཅིག་ལ་མིང་གཅིག་དང་། མིང་གཅིག་ལ་འགྱུར་གཅིག་པ་”ནི་ས་མིང་ཚད་ལྡན་དུ་གཏོང་བའི་གཞི་རྩའི་བླང་བྱ་ཡིན་ཏེ། 《ས་མིང་དོ་དམ་སྲོལ་ཡིག་》གི་དོན་ཚན་ལྔ་པའི་ཁྲོད་མིང་གཅིག་ལ་འབྲི་ཚུལ་མང་པོ་བྱུང་བ་དེར་ངེས་པར་དུ་གཅིག་གྱུར་གྱི་མིང་དང་ཐ་སྙད་གཏན་ཁེལ་བྱ་དགོས་ཞེས་གསལ་པོར་བསྟན་ཡོད། ཡིན་ན་ཡང་མིག་སྔར་བོད་ཀྱི་ས་མིང་རྒྱ་འགྱུར་ཁྲོད་མིང་གཅིག་ལ་སྒྱུར་ཚུལ་དང་འབྲི་ཚུལ་སྣ་ཚོགས་པའི་གནས་ཚུལ་ཤིན་ཏུ་མང་། དེ་ཡང་སྒྱུར་མཁན་ལ་ལས་བོད་སྐད་ཀྱི་ས་མིང་ལ་ཐོག་མར་འཕྲད་དུས་ས་དེ་གའི་མིའི་འབོད་སྟངས་དངོས་དང་དེ་མིན་དེ་ལ་སྔར་ཡོད་འགྱུར་མིང་ཡོད་མེད་སོགས་ལ་འདྲི་རྩད་མི་གཅོད་པ་དང་། ས་མིང་གང་དེའི་སྐད་ཁུངས་ལ་དེ་བས་ཀྱང་རྩད་ཞིབ་མི་བྱེད་པར་རང་འདོད་ལྟར་བསྒྱུར་བའི་རྐྱེན་ཡིན། དཔེར་ན། སྐུ་འབུམ་ཚོ་དྲུག་གི་མིང་ལ་མཚོན་ན་བསྒྱུར་ཚུལ་སྣ་ཚོགས་པ་ཞིག་མཆིས་ཏེ། དེ་ལས་ཟི་ན་ཚོ་པར་“西纳族”དང་“思纳族、斯纳族、希纳族”ཞེས་སོགས་རིགས་བཞི་དང་། ཀླུ་འབུམ་ཚོ་པར་“隆奔族”དང་“鲁奔族、龙本族、鲁棚族”ཞེས་སོགས་རིགས་བཞི། ཞིང་སྐྱོང་ཚོ་པར་“申中族”དང་“辛迥香均族、兴均族”ཞེས་སོགས་རིགས་བཞི། མི་ཉག་ཚོ་པར་“米纳族”དང་“尼纳族、墨尼哈族、木雅族、梅仰族、弭药族”ཞེས་སོགས་རིགས་དྲུག ཆི་ཀྱཱ་ཚོ་པར་“祁家族”དང་“奇甲族、齐家族”ཞེས་སོགས་རིགས་གསུམ།ཕྱོགས་པ་ཚོ་པར་“雪巴族”དང་“肖巴族、西合巴族、西河坝族”ཞེས་སོགས་རིགས་ལྔ་མཆིས་པ་བཅས་སོ། །

དོན་དངོས་སུ་ཚོ་པ་དྲུག་པོ་འདིའི་མིང་མང་ཤོས་ནི་ཆན་ལུང་ཁྲི་ལོ་བཅུ་གཅིག་པའི་ལོར་དབྱང་ཡིང་ཅུས་(杨应琚) ཀྱིས་མཛད་པའི་《ཟི་ལིང་གི་ལོ་རྒྱུས་》ཞེས་པར་གཏན་ཁེལ་བྱས་ཡོད་ཅིང་། དེ་ལས་བྱུང་བའི་“西纳”དང་“祁家”“申中”སོགས་ཀྱི་འབོད་སྟངས་ནི་དུས་ད་ལྟའི་བར་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པས་གསར་སྒྱུར་བྱ་མི་དགོས་སོ། །སྐུ་ཞབས་ཀུའོ་ཧོ་ཆིན་(郭和卿)གྱིས་བསྒྱུར་བའི་《སྐུ་འབུམ་དགོན་པའི་ལོ་རྒྱུས་》རྒྱ་འགྱུར་མ་རུ་ཡང་། མ་གཞི་ནས་གཏན་ཆགས་སུ་གྱུར་ཡོད་པའི་མིང་གཏན་ནས་མ་བཀོལ་བར་གང་འདོད་དུ་བསྒྱུར་བ་ཡོད་དེ། དཔེར་ན་སྐུ་འབུམ་དགོན་པའི་ཆགས་གནས་ཏེ་རུ་གསར་“鲁沙尔”ཞེས་པར་“汝色”ཞེས་པ་དང་། བྱ་ཁྱུང་“夏琼”དང་རོང་བོ་“隆务”དགོན་པ་གཉིས་ལ་“甲穷寺”དང་“饶富寺”ཞེས་བསྒྱུར་ཡོད།⑫ ཐ་ན་ཁོང་གིས་བསྒྱུར་བའི་འགྱུར་ཡིག་ཅིག་ཏུ་ས་མིང་གཅིག་ལ་སྒྱུར་སྟངས་མི་འདྲ་བ་འགའ་བྱུང་ཡོད་དེ། དཔེར་ན། 《དེབ་སྔོན་》རྒྱ་འགྱུར་མར་ཀོང་པོ་ལ་“工布”དང་“恭波、公波”ཞེས་པ་དང་། སྐྱིད་ཤོད་ལ་“吉雪地方、吉学、季雪”ཞེས་པ། མཁར་ཆུ་ལ་“喀区”དང་“喀曲、喀楚”ཞེས་པ། གོང་པོ་རི་ལ་“贡波山”དང་“贡窝山”ཞེས་པ། སྒམ་པོ་ལ་“岗波、贡波、杠波”ཞེས་པ།མཆིམས་ཕུ་ལ་“青扑、钦普寺、青普”ཞེས་པ། འཚུར་ཕུ་ལ་“楚普寺、曲惹寺、曲普、基普、曲普”ཞེས་པ་སོགས་སུ་བསྒྱུར་ཏོ། །⑬དེ་བས། ང་ཚོས་ལོ་ཙཱ་བ་རེ་འགས་གང་བྱུང་དུ་བསྒྱུར་བ་ནི་བོད་སྐད་ས་མིང་རྒྱ་འགྱུར་རྙོག་དྲ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞེས་མི་བཤད་ཐབས་མེད་དུ་གྱུར།

གཞན་གནའ་དེང་གི་ཐ་སྙད་སྤྱོད་ཚུལ་མི་གཅིག་པ་ཡང་མིང་གཅིག་འགྱུར་མང་དང་འབྲི་ཚུལ་སྣ་ཚོགས་བྱུང་བའི་རྐྱེན་ཞིག་ཏུ་འཁུམས་ཏེ། ལོ་རྒྱུས་ཐོག་རྒྱ་ཡིག་ཏུ་བསྒྱུར་བའི་བོད་སྐད་ཀྱི་ས་མིང་དག་ནི་ད་ལྟ་དང་བསྡུར་ན་ལྟོས་བཅས་ཀྱིས་ཧ་ཅང་ཉུང་ཞིང་། གཙོ་ཆེ་བ་ནི་བོད་ཁུལ་གྱི་ས་མིང་ཆེན་པོའི་རིགས་ཡིན་མོད། ཡིན་ནའང་དེ་ལས་འགྱུར་མིང་ཁག་ཅིག་ནི་ཐ་སྙད་སྤྱོད་སྟངས་ཀྱི་ཆ་ནས་ད་ལྟའི་སྤྱི་སྤྱོད་འགྱུར་མིང་དང་ཁྱད་པར་ཤིན་ཏུ་ཆེ། དཔེར་ན། 逻些དང་拉萨 桑鸳寺དང་桑耶寺 宗喀巴寺དང་塔尔寺 佐格དང་佐盖 打箭炉དང་康定 郭罗克དང་果洛ལ་སོགས་ལྟ་བུའོ། ། ས་མིང་དེའི་རིགས་གཅིག་གྱུར་བྱེད་པའི་ཐབས་ཆེས་བཟང་པོ་ནི་ས་མིང་རྙིང་པ་དག་སྔ་མོ་ནས་མི་བཀོལ་བས་ད་ལྟའི་འགྱུར་མིང་དག་ཚད་གཞིར་འཛིན་དགོས་པ་དང་། དེ་དང་ཆབས་ཅིག་འགྱུར་མིང་རྙིང་པ་དག་ལ་འོས་འཚམ་གྱིས་མཆན་འགྲེལ་རེ་བཀོལ་ན་འགྱུར་མིང་གསར་རྙིང་གཉིས་ངོ་འཕྲོད་པར་ཕན་པ་ཆེ་སྙམ། རྒྱ་བོད་ལོ་ཙཱ་བ་གྲགས་ཅན་ཕུའུ་ཝུན་ཁྲེང་(蒲文成)ལགས་ཀྱིས་“ས་མིང་སྒྲ་སྒྱུར་ནི་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ད་སྤྱོད་ས་མིང་ཚད་གཞིར་འཛིན་དགོས་ཤིང་། གལ་ཏེ་དེ་དག་སྔོན་གྱི་རྒྱ་ཡིག་གི་ཡིག་ཚང་ཁྲོད་བྱུང་བའི་འགྱུར་མིང་དག་དང་འགལ་ཚེ་འགྱུར་རྙིང་དག་ལ་མཆན་འགྲེལ་བཀོལ་ཆོག་སྟེ། དཔེར་ན། ‘ཆབ་མདོ་’ཞེས་པ་‘昌都’རུ་བསྒྱུར་བ་དང་། དེའི་འགྱུར་རྙིང་ནི་‘察木多’ཞེས་པ་དང་། ‘བྲག་གཡབ’ནི་‘察雅’རུ་བསྒྱུར་བ་དང་། དེའི་འགྱུར་རྙིང་ནི་‘察雅’ཡང་ན་‘乍丫’ཡིན་ཞེས་གསལ་བཤད་བྱས་ཆོགབོད་སྐད་ཀྱི་ས་མིང་ལ་ལ་ཞིག་ནི་ས་ཁོངས་ཆེན་པོ་ལ་འཇུག་ཅིང་ད་ལྟའི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཁྲོད་མེད་པས་ལོ་ཙཱ་བྱེད་དུས་འགྱུར་མིང་རྙིང་པ་རྣམས་སྔར་བཞིན་བཀོལ་དགོས་པ་སྟེ། དཔེར་ན། ‘安多’དང་‘喀木’ ‘多麦’སོགས་ལྟ་བུ་ཡིན་ཞིང་། དེ་དག་ལ་ཡང་རབ་ཡིན་ན་གསལ་བཤད་འོས་འཚམ་ཞིག་བྱས་ན་ལེགས་” ⑭ཞེས་གསུངས་སོ། །

མདོར་ན། བོད་སྐད་ཀྱི་ས་མིང་རྒྱ་ཡིག་ཏུ་བསྒྱུར་དུས་ངེས་པར་དུ་མིང་གཅིག་འགྱུར་གཅིག་དང་མིང་གཅིག་ལ་འབྲི་ལུགས་གཅིག་པའི་རྩ་དོན་དང་། དེ་མིན་རྒྱུན་ཆགས་ཀྱི་རྩ་དོན་སོགས་རྒྱུན་འཁྱོངས་བྱས་ནས་འགྱུར་མིང་གཅིག་གྱུར་དང་ཚད་ལྡན་ཡོང་བར་འབད་པ་བྱ་དགོས་སོ། །


མཉམ་སྤྱོད།