དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བོད་མཐོ་སྒང་གི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས།

2024-05-31 15:22:55   |   903

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་མཐོ་སྒང་ནུབ་རྒྱུད་ཀྱི་གནའ་བོའི་མི་ཚོགས་ཀྱིDNAརྒྱུད་འཛིན་གྱི་ཆ་འཕྲིན་ལ་ཞིབ་འཇུག་བྱས་པ་བརྒྱུད།  ས་ཁུལ་དེ་གའི་ལོ་ངོ3500རིང་གི་མི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་བསྐྱར་སྒྲིག་གནང་ཡོད། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ལས་མངོན་པར།   བོད་ལྗོངས་ནུབ་རྒྱུད་མངའ་རིས་ས་ཁོངས་ཀྱི་གནའ་བོའི་མི་ཚོགས་ཀྱི་རྒྱུད་འཛིན་གྱི་གྲུབ་ཆ་དེ་བོད་ལྗོངས་ལྷོ་རྒྱུད་ཀྱི་ལྷོ་ཁ་དང་གཞིས་རྩེའི་ས་ཁོངས་ཀྱི་གནའ་བོའི་མི་ཚོགས་དང་སྤྱིའི་ཆ་ནས་ཉེ་བར་མ་ཟད།  ལོ་ངོ3500ཡི་གོང་ནས་རྒྱུད་འཛིན་གྱི་གྲུབ་ཆ་གཙོ་བོ་རྒྱུན་འཁྱོངས་ཐུབ་ཡོད།

1.jpg

མཚོ་བོད་མཐོ་སྒང་གི་ལྷོ་ནུབ་རྒྱུད་ཀྱི་གཞིས་རྩེ་ས་ཁུལ་གྱི་ལྡིང་ཆུང་རྗེས་ཤུལ་གྱི་བང་སོ་ཞིག་ཏུ་གནའ་རྫས་རྟོག་ཞིབ་བྱས་པ།

ཞིབ་འཇུག་རྣམ་གྲངས་འདི་ནི་ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧྥུ་ཆའོ་མེ་ཞིབ་འཇུག་ཚོགས་པ་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་སོགས་ཀྱིས་མཉམ་ལས་བྱས་ནས་སྤེལ་བ་ཞིག་རེད།

 བོད་ལྗོངས་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་ནི་མཚོ་བོད་མཐོ་སྒང་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ་བཅས་འབྲེལ་བའི་ས་ཁུལ་ཞིག་ཡིན་པ་དང་། དེ་ནི་གནའ་སྔ་མོའི་དུས་ཀྱི་མི་ཚོགས་འགྲོ་འོང་བྱེད་སའི་བགྲོད་ལམ་ཞིག་ཡིན། ཡིན་ནའང་རིག་གཞུང་ལས་རིགས་ཀྱིས་དེ་སྔོན་ས་ཁོངས་དེའི་གནའ་བོའི་མི་ཚོགས་རྒྱུད་འཛིན་གྱི་ལོ་རྒྱུས་ལ་རྒྱུས་མངའ་དེ་ཙམ་མེད་པ་རེད།

 ཧྥུ་ཆའོ་མེ་ཡིས་གསར་འགོད་པར། ཞིབ་འཇུག་ཚོགས་པས་མངའ་རིས་ས་ཁུལ་གྱི་ད་བར་གྱི་ལོ3500ནས་ལོ300བར་གྱི་རྗེས་ཤུལ6ནས་ཁྱོན་གནའ་བོའི་གཞི་རྒྱུའི་ཚོ་པ་ཁག65ཚད་ལེན་བྱས་པ་དང་། གཞི་གྲངས་དེ་དག་མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་ཀྱི་གནའ་བོའི་གད་པ་སེར་རུལ་བང་སོ་དང་གུ་གེ་གནའ་ཤུལ་བང་སོ་སོགས་ཀྱི་ས་འོག་ནས་ཐོན་པའི་མ་དཔེ་ཤ་སྟག་ཡིན་པ་དང་། མངའ་རིས་ས་ཁུལ་གྱི་ཡོངས་བསྒྲགས་བྱས་པའི་འབྲེལ་ཡོད་ཀྱི་གཞི་གྲངས་ལ་གཞིགས་ན།  མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་ས་ཁུལ་གྱི་ལོ་ངོ3500ཡི་གོང་ནས་ད་ལྟའི་བར་གྱི་མི་ཚོགས་ཀྱི་འཕེལ་འགྱུར་གྱི་ལོ་རྒྱུས་མ་ལག་ལྡན་པའི་སྒོ་ནས་བསྐྱར་སྒྲིག་བྱས་ཡོད། 

ཞིབ་འཇུག་གྲུབ་འབྲས་ཀྱི་དོན་དངོས་ལས་ར་སྤྲོད་བྱས་པར། མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་དང་ནུབ་རྒྱུད་ཀྱི་གནའ་བོའི་མི་ཚོགས་དབར་གྱི་ལོ་རྒྱུས་དེ་ཚད་ལྡན་གྱི་ཡིག་ཆའི་ནང་འཁོད་པ་ལས་རྙོག་འཛིང་ཆེ་བ་ཡོད། ལོ་ངོ1800ཡི་གོང་མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་ནས་ནུབ་རྒྱུད་དུ་མི་ཚོགས་ཐེངས་མང་རྒྱ་བསྐྱེད་བྱུང་བ་དང་།   དུས་རབས7པའི་དུས་མགོར་བཙན་པོའི་རྒྱལ་རབས་ནུབ་རྒྱུད་དུ་རྒྱ་བསྐྱེད་པའི་དུས་ཚོད་ལས་སྔ་བ་ཡོད།


མཉམ་སྤྱོད།