དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཡིག་གནའ་དཔེ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།

2024-07-22 11:30:11   |   406

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  ཁམས་པའི་བརྙན་འཕྲིན།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་ཞིབ་འཇུག་དང་གསར་སྤེལ་ལྟེ་གནས་ལ་སྒོ་བྱང་བཀལ་བའི་མཛད་སྒོ་དང་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་ནས་གཟབ་རྒྱས་ངང་འཚོགས། 

a.jpg

       2024ལོའི་ཟླ7ཚེས19ཉིན་ཁྲེང་ཏུའུ་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་ལྟེ་གནས་དང་། ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་། ཁྲེང་ཏུའུ་རིག་གནས་ཐོན་དབང་ཉོ་ཚོང་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་ཞིབ་འཇུག་དང་གསར་སྤེལ་ལྟེ་གནས་ལ་སྒོ་བྱང་བཀལ་བའི་མཛད་སྒོ་དང་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་ནས་གཟབ་རྒྱས་ངང་འཚོགས།

b.jpg

       ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་ཞིབ་འཇུག་དང་གསར་སྤེལ་ལྟེ་གནས་ནི་ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གིས་སྣེ་ཁྲིད་དང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་སྡུད་དང་དཔེ་སྐྲུན་བྱས་པའི་བོད་ཡིག་གནའ་དཔེ་གཙོར་བྱས་པའི་བོད་ཡིག་གནའ་དཔེ་གཙོ་གནད་དུ་བཟུང་སྟེ། ཁྲེང་ཏུའུ་རིག་གནས་ཐོན་དབང་ཉོ་ཚོང་ཁང་གིས་ལག་རྩལ་གྱི་ཐད་ནས་རམ་འདེགས་བྱས་ནས་མཉམ་འབྲེལ་སྒོས་བཙུགས་པ་ཡིན་ཞིང་། བོད་ཡིག་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བ་དང་། བོད་ཡིག་གནའ་དཔེའི་གློག་རྡུལ་དཔེ་ཆ་མཁོ་འདོན་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕན་ཐོགས་རྒྱུ་རེད།

c.jpg

       ཐེངས་འདིའི་ཚོགས་འདུའི་ནང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ནོར་བུ་རྒྱལ་མཚན། བོད་ལྗོངས་གཡག་རྟེན་མཛོད་གླིང་གསར་འཛུགས་མཁན་ཝུའུ་ཡུས་ཁྲུས། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འགོ་འཛིན་གཞོན་པ་ཟུར་པ་ཚེ་པོ། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་ཕྱོགས་བསྒྲིགས་གཞུང་སྒྲུབ་ཁང་གི་འགོ་འཛིན་ལི་ཞུའེ་ཧྭ། བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འགོ་འཛིན་གཞོན་པ་ཟུར་པ། རིག་དངོས་ཞིབ་འཇུག་པ་བསོད་ནམས་དབང་ལྡན། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་འགོ་འཛིན་གཞོན་པ་ཐཱན་ཧྥ་ཞང་། མི་རིགས་རིག་གནས་ཁང་གི་ཞིབ་འཇུག་པ་བྱམས་པ། བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་གནའ་དཔེ་ཞིབ་འཇུག་ཁང་གི་འགོ་འཛིན་ཤེས་རབ་བཟང་པོ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཟུར་པ་རྡོར་ཕྲུག སི་ཁྲོན་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་ཝེ་ཀང་སོགས་འགོ་ཁྲིད་དང་ཆེད་མཁས་པ་མང་པོ་ཞུགས་ཡོད་ལ། ད་དུང་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཀྱི་འགོ་འཛིན་ཚེ་རིང་རྡོ་རྗེ་དང་། ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གི་སྤྱི་ཁྱབ་ལས་འཛིན་ཡའོ་ཐིང་། ཁྲེང་ཏུའུ་རིག་གནས་ཐོན་དབང་ཉོ་ཚོང་ཁང་གི་འགོ་འཛིན་གཞོན་པ་ལི་དབྱང་སོགས་གཙོ་སྒྲུབ་ལས་ཁུངས་དག་གི་འབྲེལ་ཡོད་འགོ་ཁྲིད་དང་ལས་མི་ཡང་ཞུགས་ཡོད།

d.jpg

       མིག་སྔར་གཞི་གྲངས་དཔལ་འབྱོར་ནི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་པ་དང་། གཞི་གྲངས་ཀྱི་ལག་རྩལ་དང་རིག་གནས་ཐོན་ལས་ཟུང་དུ་འབྲེལ་ནས་འཕེལ་རྒྱས་གཏོང་བ་གལ་ཆེན་ཡིན་པ་བཞིན། ཚོགས་འདུའི་ཐོག་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་རིག་གནས་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་དང་དོན་སྙིང་། རིག་གནས་གཞི་གྲངས་ཅན་དེ་ཐོན་སྐྱེད་ནུས་ཤུགས་གསར་པར་བསྒྱུར་ཐབས། བོད་ཡིག་གི་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་ཐབས་བཅས་གཞིར་བཟུང་ནས་ཐབས་འདོན་ཇུས་འབུལ་བྱས་ཤིང་། ནང་སྒོས་སུ་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པའི་བོད་ཡིག་གི་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བའི་ཐད་ནས་བགྲོ་གླེང་ནན་མོ་དང་མཛུབ་སྟོན་གང་ལེགས་བྱས་པ་མ་ཟད། ཧི་མ་ལ་ཡའི་རིག་མཛོད་ཁང་གི་གུ་རུའི་རྣམ་ཐར་སྟོང་ཐང་དང་ཧི་མ་ལ་ཡའི་རིག་མཛོད་ཁང་གི་འབྲེལ་ཡོད་ལས་ཀར་ལྟ་ཞིབ་དང་མཛུབ་སྟོན་གང་ལེགས་གནང་ཞིང་། འབྲེལ་ཡོད་ཀྱི་གདན་ཞུའི་བློ་འདོན་དགེ་རྒན་ལ་གདན་ཞུའི་དཔང་ཡིག་སྟེར་བ་རེད།

e.jpg

       ཧི་མ་ལ་ཡའི་རིག་མཛོད་ཁང་ནི2011ལོར་བཙུགས་ཤིང་། དེའི་རིང་ལ་བོད་ཡིག་གི་གནའ་དཔེ་འཚོལ་སྡུད་དང་སྲུང་སྐྱོབ། ཕྱོགས་བསྒྲིགས། པར་སྐྲུན་སོགས་ཀྱི་ལས་ལ་གཞོལ་ཏེ། བོ་དོང་པཎ་ཆེན་གྱི་གསུང་འབུམ་ཕྱོགས་བསྒྲིགས་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ། རིག་གནས་ཆུང་བ་ལྔ་དང་བརྡ་སྤྲོད་ཀུན་འདུས་ཆེན་མོ། བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ་སོགས་གནའ་དཔེ་འཚོལ་སྡུད་དང་དཔེ་སྐྲུན་བྱས་ཤིང་། གཞན་གུ་རུའི་རྣམ་ཐར་སྟོང་ཐང་བཞེངས་པ་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་འབད་བརྩོན་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཐེངས་འདིར་ཧི་མ་ལ་ཡའི་རིག་མཛོད་ཁང་ལ་ཀྲུང་གོའི་གཞི་གྲངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་གཞི་གྲངས་ཅན་ཞིབ་འཇུག་དང་གསར་སྤེལ་ལྟེ་གནས་ཀྱི་སྒོ་བྱང་བཀལ་བར་བརྟེན་ནས། བོད་ཡིག་གི་གནའ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བར་རྨང་གཞི་བརྟན་པོ་འདིང་བ་མ་ཟད། གཞི་གྲངས་ཅན་ལ་བརྟེན་ཏེ་བོད་ཡིག་གི་གནའ་དཔེ་འཛིན་སྐྱོང་སྤེལ་གསུམ་བྱས་ནས། མིའི་རིགས་ཀྱི་རིག་གནས་སྤེལ་རེས་དང་ཤེས་རིག་གི་ཉིང་བཅུད་འཛིན་སྐྱོང་སྤེལ་གསུམ་བྱ་བར་སྔར་མེད་ཀྱི་ཕན་ཐོགས་རྒྱུ་རེད།


མཉམ་སྤྱོད།