དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤྱི་ལོ2022ལོ་ནས2035ལོའི་བར་གྱི་ནང་ཁུལ་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་རྩ་གནད་པར་འགྲེམ་བྱས་པ།

2022-12-25 13:25:45   |   343

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།    དུས་ཚོད། 2022-12-25


ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཉེ་ཆར་སྤྱི་ལོ2022ལོ་ནས2035ལོའི་བར་གྱི་ནང་ཁུལ་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་རྩ་གནད་པར་འགྲེམ་བྱས་ཡོད་པ་རེད།

རྩ་གནད་ནང་བསྟན་པར། ནང་ཁུལ་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། འཐུས་ཚང་གི་ནང་ཁུལ་དགོས་མཁོའི་མ་ལག་གསོ་སྤེལ་བྱ་རྒྱུ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གསར་པའི་གནས་བབ་གང་མགྱོགས་འཛུགས་སྐྱོང་བྱེད་པའི་ལྡོག་མེད་གདམ་ག་ཡིན་པ་དང་། རང་རྒྱལ་གྱི་རྒྱང་རིང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་ཇུས་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལྟར། སྤྱི་ལོ་2035ལོར་རྒྱང་ལྟ་བྱས་ཚེ། ནང་ཁུལ་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་རྒྱང་རིང་དམིགས་འབེན་ནི། འཛད་སྤྱོད་དང་མ་འཇོག་གི་གཞི་ཁྱོན་སླར་ཡང་སྐས་རིམ་གསར་པར་འཛེགས་ཐུབ་པ་བྱ་རྒྱུ་དང་། ནང་ཁུལ་དགོས་མཁོའི་མ་ལག་ཁྱོན་ཡོངས་ནས་འཛུགས་ཐུབ་པ་བྱ་རྒྱུ། གསར་དར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། སྟོབས་ཆེའི་རྒྱལ་ནང་གི་ཁྲོམ་ར་འཛུགས་སྐྲུན་ལ་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པ། འགག་རྩའི་སྲོག་ཤིང་ལག་རྩལ་ཐད་འགག་གཏོར་ཆེན་པོ་ཡོད་པ། གསར་གཏོད་ཀྱིས་སྐུལ་འདེད་གཏོང་བ་དང་། ནང་ཁུལ་གྱི་དགོས་མཁོར་སྐུལ་ཁྲིད་བྱེད་པའི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྔར་བས་ནུས་པ་ཆེ་ཞིང་ཤར་བགྲོད་ཡིན་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་། གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་སླར་ཡང་སྐས་རིམ་གསར་པར་འཛེགས་ཐུབ་པ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་མངོན་གསལ་གྱིས་མང་དུ་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་ཧེ་བག་དང་ཡུལ་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་གྱིས་ཆུང་དུ་འགྲོ་བ། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་མངོན་གསལ་ཆེ་བའི་གྲུབ་འབྲས་ཐོབ་པ། ནང་ཁུལ་དགོས་མཁོའི་གོང་འཕེལ་ཐད་བསྒྱུར་བཅོས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་གྱིས་ཆེ་རུ་འགྲོ་བ། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་སྔར་བས་འཐུས་ཚང་ལྡན་པ། དེང་རབས་འཁོར་རྒྱུག་མ་ལག་ཁྱོན་ཡོངས་ནས་སྐྲུན་ཚར་བ། རང་རྒྱལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་བཟང་ཆ་གསར་པ་རྒྱུན་མཐུད་ཆེ་རུ་འགྲོ་བ། རྒྱལ་ནང་ཁྲོམ་རའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེས་ཆེར་ཆེ་རུ་འགྲོ་བ་བྱ་རྒྱུ་བཅས་ཡིན་པ་རེད།

སྤྱི་2035ལོའི་རྒྱང་རིང་དམིགས་འབེན་ལ་ལྟ་བ་དང་། གོང་འཕེལ་ཁོར་ཡུག་དང་གོང་འཕེལ་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཚེ། ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ་ནང་ཁུལ་གྱི་དགོས་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་གཙོ་བོ་ནི། འཛད་སྤྱོད་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་དང་། ནང་ཁུལ་དགོས་མཁོའི་གཞི་ཁྱོན་ཐད་འགག་གཏོར་གསར་པ་ཡོད་པ། བགོ་འགྲེམ་གནས་བབ་འཐུས་ཚང་གཏོང་རྒྱུ་དང་། ནང་ཁུལ་དགོས་མཁོའི་མངོན་མེད་ནུས་པ་ཟམ་མི་ཆད་པར་གྲོལ་གཏོང་བྱེད་པ། དཔལ་འབྱོར་འཁོར་རྒྱུག་བདེ་བགྲོད་དང་། ནང་ཁུལ་དགོས་མཁོའི་གོང་འཕེལ་ཕན་ནུས་རྒྱུན་མཐུད་ཀྱིས་ཆེ་རུ་གཏོང་བ་བཅས་ཡིན་པ་རེད།

རྩ་གནད་ནང་། གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གཞིགས་ཚེ། རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ནང་ཁུལ་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུའི་ཐད་འཕྲད་པའི་གནད་དོན་དང་། ལྷག་པར་དུ་མཁོ་སྤྲོད་ནུས་པ་མི་འདང་བ་དང་། བགོ་འགྲེམ་ཧེ་བག་ཆེ་བ། འཁོར་རྒྱུག་མ་ལག་དེང་རབས་ཅན་གྱི་ཚད་གཞི་དམའ་བ། འཛད་སྤྱོད་སྒྲིག་གཞི་འཐུས་ཚང་མེད་པ། མ་འཇོག་གྲུབ་ཆ་སྔར་བཞིན་བཟང་གཏོང་བྱ་དགོས་པ་སོགས་ཀྱི་དཀའ་གནད་མང་པོ་ཡོད་པས། ནང་ཁུལ་དགོས་མཁོའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ལས་འགན་ལྗིད་པོ་ཡོད། དེ་ཡང་འཐུས་ཚང་གི་ནང་ཁུལ་དགོས་མཁོའི་མ་ལག་གང་མགྱོགས་གསོ་སྤེལ་བྱེད་པ་དང་། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་ཆགས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་བདེ་བགྲོད་ཡོང་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྩ་གནད་ནང་ད་དུང་འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་བྱ་རྒྱུ། མ་འཇོག་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། མ་འཇོག་བར་ཁམས་རྒྱ་སྐྱེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ནང་ཁུལ་དགོས་མཁོའི་མངོན་མེད་ནུས་པ་གྲོལ་གཏོང་བྱ་རྒྱུ། དགོས་མཁོར་སྐུལ་ཁྲིད་དེ་བས་ཡག་པ་བྱ་རྒྱུ་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད་པ་རེད།


མཉམ་སྤྱོད།