དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། མདའ་བཞི་རྫོང་གི་གསར་བརྗེའི་གནས་སྐོར་གནས་བབ་ཇེ་ལེགས་སུ་གཏོང་བ།

2024-08-30 09:38:11   |   865

རྩོམ་སྒྲིག ཀླུ་མོ་མཚོ།    ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས། རིན་ཆེན་ཚེ་རིང་།    


མདའ་བཞི་རྫོང་ལ་ཀུན་གྱིས་དོ་སྣང་བྱེད་པའི་གསར་བརྗེའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ལེགས་པོ་ཡོད་ལ། སྔོན་ཆད་གནས་འདི་ནི་ཀྲུང་གོའི་མ་རྡུལ་མཁར་ཆགས་ཡུལ་ཡིན་པ་དང་། སྔར་སོང་གི་ལོ་ཟླའི་ནང་ཚན་རྩལ་ལས་བྱེད་པ་གྲངས་ལས་འདས་པ་ཞིག་གིས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་བཅངས་ནས་འདི་གར་འདུས་ཤིང་། བླ་མེད་ཀྱི་སྙིང་རུས་ཕུལ་ནས་དཀའ་སྤྱད་འབད་འཐབ་བྱས། ཁོང་ཚོས་རང་གི་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་བྱས་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་གི་མགོ་བརྩམས་ཡོད། མ་རྡུལ་མཁར་དྲན་གསོ་ཁང་དང་འབར་མདེལ་འཕེན་གཏོང་ཚོད་ལྟ་ཁང་སོགས་ཀྱི་གསར་བརྗེའི་མཛེས་ལྗོངས་ཁུལ་ནི་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་སློབ་དེབ་ཅིག་དང་འདྲ་བར་ཁུ་སིམ་མེར་ཟིལ་རླབས་དགུང་འཕྱུར་གྱི་འདས་དོན་དག་གླེང་བཞིན་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གནས་སྐོར་བ་མང་པོ་ཞིག་གི་སེམས་པའང་དབང་མེད་དུ་བཀུག་ནས། གཅིག་རྗེས་གཉིས་མཐུད་ངང་ངོ་མཚར་སྟོང་གི་གསར་བརྗེའི་ས་གཞི་འདིའི་སྟེང་གོམ་ཁ་བསྒྱུར་བཞིན་སྔོན་རབས་པའི་རྐང་རྗེས་འཚོལ་སྙེག་དང་མི་སེམས་འགུལ་བའི་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བྱེད་བཞིན་ཡོད།

 མདའ་བཞི་རྫོང་གིས་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་པས། གསར་བརྗེའི་གནས་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ལ། ད་ལྟ་མདའ་བཞི་རྫོང་གི་གནས་སྐོར་ཐོན་ལས་ཀྱི་སྲོག་ཤིང་གལ་ཆེན་ཞིག་ཏུ་གྱུར་ཡོད།
        གསར་བརྗེའི་གནས་སྐོར་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པ་གཏོང་ཆེད། མདའ་བཞི་རྫོང་གིས་གསར་བརྗེའི་གནས་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ཕྱོགས་གཅིག་ནས་མ་རྡུལ་མཁར་གྱི་དྲན་གསོ་ཁང་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། གསར་བརྗེའི་གནས་སྐོར་གྱི་ལམ་ཐིག་རྩེ་གྲ་རབ་དང་རིམ་པ་བཏོན། དཔེར་ན“མ་རྡུལ་མཁར་དྲན་གསོ་ཁང་ནས་འབར་མདེལ་འཕེན་གཏོང་ཁང”སོགས་གནས་སྐོར་བར་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་བྱས་པའི་ལོ་རྒྱུས་དང་སྙིང་སྟོབས་ལ་རྒྱུས་ལོན་དང་ཤེས་རྟོགས་ལེགས་པོ་ཡོང་བ་བྱས་ཡོད།
         དུས་མཚུངས་སུ་མདའ་བཞི་རྫོང་གིས་ཧུར་ཐག་གིས་གསར་བརྗེའི་རིག་གནས་དྲིལ་སྒྲོག་བྱེད་སྒོ་སྤེལ་ཞིང་། གསར་བརྗེའི་རིག་གནས་ཀྱི་འཆད་ཁྲིད་དང་གསར་བརྗེ་བརྗོད་དོན་གཙོ་བོ་ཡིན་པའི་འགྲེམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་ནས། རྒྱ་ཆེའི་གནས་སྐོར་བ་དང་ས་གནས་དེ་གའི་མི་དམངས་མང་ཚོགས་ལ་གསར་བརྗེའི་རིག་གནས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་གི་ཡོད། མ་འོངས་པར། མདའ་བཞི་རྫོང་གིས་གསར་བརྗེའི་གནས་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། གསར་བརྗེའི་གནས་སྐོར་གྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། འབད་བརྩོན་ལྷོད་མེད་ཀྱིས་མདའ་བཞི་རྫོང་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་གསར་བརྗེའི་གནས་སྐོར་བྱ་ཡུལ་ཞིག་ཏུ་གཏོང་བ་དང་། མི་མང་པོས་མདའ་བཞི་རྫོང་གི་གསར་བརྗེའི་ལོ་རྒྱུས་རིག་གནས་ཤེས་རྟོགས་ཡོང་བ་བྱས་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུ་ཡིན།


མཉམ་སྤྱོད།