དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2022ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྤུས་ལེགས་དཔེ་དེབ་བཅུ།

2023-01-01 10:58:52   |   290

རྩོམ་སྒྲིག  སངས་དོན།         ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།


1672542177656759.jpg

1.ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་ཁོངས་སུ་ཆོས་ལུགས་དང་མཚན་ཉིད་རིག་པ། གཏན་ཚིགས་རིག་པ། རྩོམ་རིག སྒྱུ་རྩལ། སྐར་རྩིས། གསོ་རིག བཟོ་སྐྲུན། དམངས་སྲོལ་སོགས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་བྱ་ཇི་སྙེད་ཅིག་འདུས་ཡོད་པ་དང་། འདི་ཉིད་ནི་མ་ལག་ལྡན་པའི་འཚོལ་བསྡུ་དང་སྡུད་སྒྲིག དེ་མིན་གཟབ་ནན་གྱི་ཞིབ་བསྡུར་དང་རྩོམ་སྒྲིག་པར་སྐྲུན་སོགས་བྱས་པར་བརྒྱུད། ལོ་ངོ་སྟོང་ཕྲག་དུ་མའི་བོད་ཀྱི་ཤེས་རིག་མཚོན་པའི་གནའ་དཔེ་དག་དེང་རབས་ཀྱི་པར་འདེབས་ལག་རྩལ་དང་གྲངས་འཛིན་དཔེ་སྐྲུན་གྱི་རྣམ་པས་མངོན་ཡོད་པས། ཕྱི་ཕྱོགས་ཀྱིས་རང་རྒྱལ་གྱི་བོད་ཀྱི་རིག་གནས་འགོ་ཁུངས་དང་འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་ སྟབས་བདེ་ཆེན་པོ་བསྐྲུན་ཡོད། དེ་ཡང་ཆུ་མགོ་གངས་ལ་ཐུག་པའི་དཔེ་བཞིན་ལོ་ངོ་སྟོང་ཕྲག་འགའི་རིང་བརྒྱུད་པའི་བོད་ཀྱི་རིག་གནས་ཀྱི་འགོ་ཁུངས་ནི་༼བཀའ་འགྱུར༽གྱིས་མཚོན་པའི་གནའ་བོའི་བོན་གྱི་རིག་གནས་འདི་ཉིད་ལ་ཐུག་ཡོད་པས། འཛམ་གླིང་ཤར་ནུབ་ཀྱི་གཟུར་གནས་མཁས་པ་ཀུན་གྱིས། བོད་ཀྱི་ངོ་མཚར་བའི་རིག་གནས་ཀྱི་གསང་བ་འབྱེད་པའི་གསེར་གྱི་ལྡེ་མིག་ཅེས་བསྔགས་བརྗོད་གནང་བཞིན་ཡོད་པ་རེད།

1672542255146645.jpg

2.དེབ་ཚོགས་འདིར་གསང་འདུས་ཀྱི་དཔེ་སྣ་མི་འདྲ་བ་བདུན་དང་ཏུན་ཧོང་ཡིག་ཚང་ནང་བཞུགས་པའི་ཆོས་གཞུང་གཅིག་ལ་འགྱུར་འདྲ་མིན་མང་དུ་མཆིས་པ་དེ་ཚོའི་ཁྲོད་ནས། བོད་མི་བྱིངས་ལ་རྒྱུས་མངའ་ཆེ་བའི་ཆོས་སྤྱོད་ཞལ་འདོན་གྱི་རིགས་སུ་གཏོགས་པ་ཤེས་རབ་སྙིང་པོ་དང་། མདོ་སྡུད་པ། བཟང་སྤྱོད། ཚེ་མདོ། རྣམ་འཇོམས་དང་དེ་དག་གི་འགྲེལ་བ་ཁ་ཤས་དང་། ཁ་སྐོང་ཐོར་བུ་པ། དེ་མིན་གཞན་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ། འཕགས་པ་དཀོན་མཆོག་བརྩེགས་པ་སོགས་མདོ་སྡེ་ཆེ་གྲས་ཀྱི་རིགས་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ། སཱ་ལུ་ལྗང་པའི་མདོ། བློ་གྲོས་མི་ཟད་པའི་མདོ། དགོངས་པ་ངེས་པར་འགྲེལ་པའི་མདོ། གསེར་འོད་དམ་པ། གཙུག་ཏོར་གདུག་དཀར་མོ། སྟོབས་པོ་ཆེ། གནམ་ས་སྣང་བརྒྱད་སོགས་བཀོད་ཡོད་པ་མ་ཟད། ད་ལྟ་དཔེ་རྒྱུན་ཆད་ནས་རང་རེའི་མཐོང་ལམ་དུ་གྱུར་པའི་བཀའ་བསྟན་དཔར་མ་རྣམས་ཀྱི་གྲས་སུའང་ཕལ་ཆར་ཚུད་མེད་པ་དག་བཀོད་ཡོད།

1672542300534406.jpg

3.དེབ་ཚོགས་འདིར་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་འབུམ་ལ་པོད་བདུན་དང་། སློབ་དཔོན་འཕགས་པ་ལྷའི་གསུང་འབུམ་ལ་པོད་གཉིས།  སློབ་དཔོན་ཐོགས་མེད་ཀྱི་གསུང་འབུམ་ལ་པོད་བརྒྱད།  སློབ་དཔོན་དབྱིག་དབྱེན་གྱི་གསུང་འབུམ་ལ་པོད་བཅུ་གཅིག  སློབ་དཔོན་ཕྱོགས་གླང་གི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཆོས་གྲགས་ཀྱི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་འབུམ་ལ་པོད་བདུན། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འབུམ་ལ་པོད་གཅིག་བཅས་ཁྱོན་བསྡོམས་པོད་བཞི་བཅུས་གྲུབ་པ་ཡིན་ནོ།།

1672542390480636.jpg

4.དཔེ་ཚོགས་འདིར་པོད་དང་པོ་ནས་སུམ་ཅུ་བར་རྒྱ་གཞུང་གཙོ་བོར་བྱས་ཤིང་། དེར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་དང་དམིགས་པ་བརྟག་པ་དང་དེའི་འགྲེལ་པ། ཚད་མ་རིག་པར་འཇུག་པའི་སྒོ་སོགས་གཞུང་ཆེན་བཅུ་དང་། སློབ་དཔོན་ཆོས་གྲགས་ཀྱི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སོགས་གཞུང་ཆེན་དགུ། སློབ་དཔོན་ལྷ་དབང་བློས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ཤཱཀྱ་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་བཅས་དང་། གཞན་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ་དང་ཛ་མཱ་རི། སློབ་དཔོན་ཆོས་མཆོག དུལ་བ་ལྷ་སོགས་འཕགས་ཡུལ་མཁས་པ་སུམ་ཅུས་མཛད་པའི་ཚད་མའི་གཞུང་ཚན་རེ་བརྒྱད་བཞུགས་ཡོད།

པོད་སོ་གཅིག་ནས་ལྔ་བཅུ་བར་བོད་ཀྱི་མཁས་པས་མཛད་པའི་གཞུང་བཀོད་ཡོད་དེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ཚད་མ་རྣམ་པར་ངེས་པ་དཀའ་བའི་གནས་རྣམ་པར་བཤད་པ་དང་། བཅོམ་ལྡན་རིགས་པའི་རལ་གྲིའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་རྒྱན་གྱི་མེ་ཏོག ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་ཚད་མ་དེ་ཁོ་ན་ཉིད་བསྡུས་པ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཚད་མ་རིགས་གཏེར་གྱི་རྩ་བ་དང་རང་འགྲེལ། མཚལ་མིན་པ་བསོད་ནམས་བཟང་པོའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ། འབྲུག་པ་པདྨ་དཀར་པོའི་ཚད་མ་མདོ་དང་སྡེ་བདུན་གྱི་དོན་གཏན་ལ་ཕབ་པའི་བསྟན་བཅོས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྡེ་བདུན་ཡིད་ཀྱི་མུན་སེལ། རྒྱལ་ཚབ་དར་མ་རིན་ཆེན་གྱི་ཚད་མ་རིགས་གཏེར་གྱི་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་སོགས་ཀྱིས་མཚོན་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་གྲུབ་མཐའ་དང་ཆོས་བརྒྱུད་རིས་སུ་མ་ཆད་པར་བོད་ཀྱི་མཁས་པ་ཉེར་གསུམ་གྱིས་མཛད་པའི་གཞུང་ཚན་ཉེར་བཞིའི་མ་དཔེ་ལག་སོན་བྱུང་བ་དང་བོད་ཀྱི་ཚད་མ་རིག་པའི་བྱུང་འཕེལ་ལ་དཔྱད་ཞིབ་བགྱིས་ཏེ། རྒྱ་བོད་མཁས་པས་མཛད་པའི་ཚད་མའི་དགོངས་འགྲེལ་གལ་ཆེན་དག་བསྡུ་ཅི་ཐུབ་ཀྱིས་འཆར་འགོད་དང་། འཚོལ་བསྡུ། དག་སྒྲིག་བྱས་ཡོད།

1672542453403640.jpg

5.དཔེ་ཚོགས་འདིར།《སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》དང་། 《འཚོ་མཛད་བཀྲ་ཤིས་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི《དྲི་མེད་ཤེལ་གང་དང་ཤེལ་ཕྲེང》མཁས་པ་ཕྱག་རྡུམ་གྱི《ལག་ལེན་རིན་ཆེན་སྒྲོན་མེ་ལས་མཁས་པ་ཕྱག་རྡུམ་གྱི་ཁྱད་བཅོས》ཞང་རུ་ཡོང་གཟི་བརྗིད་འབར་གྱི《སྒྲོན་གསལ་གདམས་པ་སུམ་ཅུ་པ》གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱི《སྨན་པའི་བསླབ་བྱ་གཅེས་བཏུས》བཅས་གསུང་རྩོམ་དང་ཡིག་ཆ་རྩ་ཆེན་གྱི་སྐོར་བསྡུས་ཡོད།

གསུང་རྩོམ་འདི་དག་གི་དཔེ་བཤུས་དག་ལ་ནང་དོན་ནི་གསོ་བ་རིག་པའི་ལོ་རྒྱུས་དང་། ཡིག་ཆ། གཞུང་འགྲེལ། སྨན་སྦྱོར། སྨན་སྣ་ངོས་འཛིན། བཅོས་ཐབས། ལག་ལེན། སྨན་པའི་བསླབ་སྤྱོད་ལ་སོགས་མཁོ་གལ་ཤིན་ཏུ་ཆེ་བའི་ཡིག་ཆ་རྣམས་ཕྱོགས་བསྡུས་བྱས་པ་ཞིག་གོ །

1672543025106658.jpg

6.དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ཀྱི་རི་མོ་སྒྱུ་རྩལ་ལས་གནའ་དཔེའི་དབུ་ལྷ་རི་མོ་ཞེས་པ་དེ་རེད།  འདིར་དུས་རབས་༡༠པ་ནས་༡༨པའི་བར་ཀྱི་མངའ་རིས་བློས་བཏང་དགོན་དུ་རྙེད་པའི་གནའ་དཔེའི་དབུ་ལྷ་རི་མོ་༣༠༠ལྷག་ཕྱོགས་གཅིག་ཏུ་བཀོད་ཡོད།  གཙོ་བོར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་དང་།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་པ།  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ།  འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།  འདུལ་བ་རྣམ་པར་འབྱེད་པ་བཅས་ཀྱི་ལྡེབ་མ་ལྷག་འཕྲོ་ལས་ཁོལ་དུ་ཕྱུང་བའི་དབུ་ལྷ་སངས་རྒྱས་དང་བྱང་སེམས།  སྐྱེས་རབས་དང་གཏམ་རྒྱུད།  སྦྱིན་བདག་གི་རི་མོ་སོགས་བཀོད་ཡོད་དོ།། 

1672543072172541.jpg

7.གཡུ་ཐོག་གསར་རྙིང་གི་རྣམ་ཐར་དང་དེའི་སྐོར་གྱི་དཔྱད་པ་དྲང་གཏམ་རྣ་བའི་བུ་རམ་ཞེས་པ་འདི་ནི་ཁོ་བོས་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་སུ་གྲགས་པའི་སྨན་པ་ཆེ་མོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་གཉིས་ཀྱི་ད་ཡོད་རྣམ་ཐར་ཁག་ལ་གཞིགས་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མའི་སྐོར་ལ་དཔྱད་པ་བྱས་པ་ཞིག་ཡིན་ཞིང་། དེབ་འདིར་ནང་དོན་ཆེ་བ་གཉིས་ཡོད་པ་ལས་དང་པོ་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ཅེས་པ་འདིའི་བརྩམས་དུས་དང་རྩོམ་པ་པོ། བརྗོད་དོན། རྒྱལ་ཕྱི་རྒྱལ་ནང་དང་གནའ་དེང་མཁས་པ་རྣམས་ཀྱིས་རྣམ་ཐར་འདི་ལ་འཛིན་པའི་ལྟ་བ། ཁྱད་པར་དུ་རྣམ་ཐར་འདིའི་ཁྲོད་ཀྱི་འགལ་འདུ་ཅན་གྱི་ལོ་རྒྱུས་དོན་ཚན་བཅུ་གསུམ་ལ་ཞིབ་ཏུ་བརྟགས་ནས་ཞིབ་འཇུག་རྣལ་མ་ཞིག་ཡོང་ཆེད་དུ་རྣམ་ཐར་དེའི་འབྱུང་ཁུངས་དང་། བདེན་རྫུན་སོགས་ལ་གྲུབ་མཐའི་འཐེན་ཁྱེར་དང་། ཕྱོགས་ལྷུང་གི་ལྟ་བ་སྤངས་ཏེ་དྲང་པོའི་གཏམ་སྨྲ་བའི་རྩ་དོན་ལ་གཞིགས་ནས་དཔྱད་པ་བྱས་ཡོད། ནང་དོན་གཉིས་པ་ནི་རང་ཉིད་ལ་ལག་སོན་བྱུང་བའི་གཡུ་ཐོག་གསར་རྙིང་གི་རྣམ་ཐར་རྒྱས་བསྡུས་མི་འདྲ་བ་དྲུག་དག་བསྒྲིགས་བྱས་པ་ཡིན་ཞིང་། དེབ་འདིའི་ནང་དག་བསྒྲིགས་བྱས་པའི་རྣམ་ཐར་ཁག་ལས་《མཁས་པ་གཡུ་ཐོག་མགོན་པོའི་རྣམ་ཐར་པད་ཚལ་རྒྱས་པ་ནོར་བུའི་འཕྲེང་བ་》ཞེས་པ་ནི་གཡུ་ཐོག་ཁ་རག་ལྷ་རྗེས་མཛད་པ་ཡིན་ལ། བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་བསྡུ་བསྒྲིགས་བྱས་ཤིང་༢༠༡༣ལོར་དཔེ་སྐྲུན་བྱས་པའི་《ཀྲུང་གོའི་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་》ཀྱི་གླེགས་བམ་བཅོ་ལྔ་པའི་ནང་དུ་ཡོད་པའི་མ་ཡིག་བྲིས་མ་དཔར་སློག་བྱས་པ་དེ་ལ་གཞི་བཅོལ་བ་ཡིན། ཡང་གཡུ་ཐོག་གི་རྣམ་ཐར་བསྡུས་པ་《སྨན་བླའི་གསུང་སྤྲུལ་གཡུ་ཐོག་པ། །ལྷ་བབ་རྒྱལ་རིགས་ས་ལ་ཆེའི། །ཡོན་ཏན་རྒྱ་མཚོའི་བྱུང་ཚུལ་ལས། །གསུང་རབ་རྣམ་ཐར་མདོར་བསྡུས་བཞུགས》ཞེས་པ་དེ་ནི་བོད་ལྗོངས་སྨན་རྩིས་ཁང་དུ་བཞུགས་པའི་གནའ་དཔེ་བྲིས་མ་ཞིག་ཡིན་ལ། དེའི་རྩོམ་པ་པོ་སུ་ཞིག་ཡིན་མིན་གསལ་པོར་བཀོད་མི་འདུག །

1672543475222259.jpg

8.《འཛམ་གླིང་ལོ་རྒྱུས་སྤྱི་བཤད》ནི་ཝེ་འོལ་སིས་བརྩམས་པའི་ལོ་རྒྱུས་གྲགས་ཅན་ཞིག་ཡིན། རྩོམ་པ་པོས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ནས་བརྩམས་ཏེ། ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ། མིའི་འགྲོ་བ་འཕེལ་འགྱུར་དང་ཤེས་རིག་དར་རྒྱས་བྱུང་ཚུལ་གྱིས་གཞུང་བསྲིངས་ཏེ། འཛམ་གླིང་འཁྲུག་ཆེན་དང་པོའི་ཡན་གྱི་མིའི་རིགས་ཀྱི་ཆབ་སྲིད། དཔལ་འབྱོར། རིག་གནས། མི་རིགས། ཆོས་ལུགས། དམག་འཁྲུག རྒྱལ་ཁབ། བཟོ་རིག ཚན་རྩལ་སོགས་དང་། སོ་ཁ་ར་ཐི་སི། ཕེ་ལེ་ཐུ། ཨ་རེ་སི་ཐོ་ཐོལ། ཤཱཀྱ་ཐུབ་པ། ཡེ་ཤུ ཁུང་ཙི་སོགས་མཁས་པ་རིམ་བྱོན་དང་། ཨ་ལི་ཁ་གཟན་དྷ། མྱ་ངན་མེད། རོམ་གོང་མ། ཨུ་རུ་སུའི་གོང་མ་སོགས་རྒྱལ་པོ་གྲགས་ཅན་རྣམས་བྱུང་ཚུལ། ཨ་རི། འཇར་མན། འཇའ་ཕན་སོགས་རྒྱལ་ཁབ་སྟོབས་འབྱོར་ཅན་འགའི་མངའ་ཐང་རྒྱས་ཚུལ། ཧྥ་རན་སིའི་གསར་བརྗེ་ཆེན་པོ། ཨ་རིའི་ནང་འཁྲུག ཟླ་བ་བཅུ་པའི་གསར་བརྗེ་སོགས་གསར་བརྗེ་སྣ་ཚོགས་བྱུང་ཚུལ་སོགས་རིམ་པར་བརྗོད་པ་དང་། ཁྱད་པར་དུ་ལོ་རྒྱུས་སུ་བྱུང་བའི་བྱ་བ་ལེགས་ཉེས་མང་པོར་བརྟགས་ཤིང་དཔྱད་ནས་མིའི་རིགས་ལ་གཏན་གྱི་རིན་ཐང་ཡོད་པའི་བསམ་བློ་རྣམས་རྩལ་དུ་བཏོན་ནས་བསྟན་ཅིང་། དངོས་ལུགས། ས་ཁམས། སྐྱེ་དངོས་སོགས་ཚན་རིག་གི་ཤེས་བྱ་དུ་མས་ཟུར་བརྒྱན་ཏེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་རིང་མོ་ལྟ་སྤྲོ་བའི་སྒྲུང་གཏམ་དུམ་བུ་དུ་མའི་ཕྲེང་བ་ལྟར་བརྒྱུས་ནས། ལོ་རྒྱུས་ཀྱི་གཟིགས་མོ་ཕུན་སུམ་ཚོགས་པ་ཀློག་པ་པོའི་མིག་གི་དགའ་སྟོན་དུ་བསྐྲུན་ཡོད།《འཛམ་གླིང་ལོ་རྒྱུས་སྤྱི་བཤད》ལ་ལེའུ་དྲུག་ཅུ་རེ་བདུན་ཡོད་པས་བརྗོད་བྱ་རྒྱ་ཆེ་ཡང་། རྗོད་བྱེད་ཚིག་གོ་བདེ་བས་དོན་རྟོགས་སླ་བ་དང་། ལོ་རྒྱུས་ཀྱི་བྱུང་རིམ་གསལ་བས་སྤྱི་ཁོག་འཛིན་བདེ་བ། ལོ་རྒྱུས་དོན་རྐྱེན་དང་མི་སྣ་དག་ལ་བློ་གཟུ་བོས་དཔྱད་པས་གདེང་འཇོག་དྲང་བ་སོགས་ཀྱི་དབང་གིས། ལོ་རྒྱུས་འདི་རྒྱལ་ཁབ་མང་པོའི་མི་རིགས་དུ་མའི་ཡི་གེར་བསྒྱུར་ཏེ། རིགས་རུས་ཐ་དད་མང་པོའི་ཀློག་པ་པོ་མཐའ་ཡས་པས་མགྲིན་གཅིག་ཏུ་བསྔགས་པའི་གནས་སུ་གྱུར་ཡོད། 

1672543577240731.jpg

9.《མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས—སྲོག་ཆགས་ནས་འཇིག་རྟེན་བྱེད་པོ་ལ་འཕེལ་བའི་རིམ་པ》ཞེས་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ནི་དབྱི་སི་རལ་ནས་སྐྱེས་པའི་ལོ་རྒྱུས་མཁས་དབང་ཡུ་བལ་ནོ་ཨ་ཧཱ་ར་རཱིས་བརྩམས།  ཁོང་ནི་སྤྱི་ལོ1976ལོར་དབྱི་སི་རལ་རྒྱལ་ཁབ་ཏུ་སྐྱེས་ཤིང་།   2002ལོར་དབྱིན་ཇིའི་ཨོག་སེ་ཕོག་ཊེ་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་།  ད་ལྟ་རྗེ་རུ་ས་ལེམ་གྱི་ཧེ་བྷི་རྀའུ་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་འགན་བཞེས་ཡོད།  གོ་ལ་ཧྲིལ་པོ་ནས་གདེང་འཇོག་ཆེན་པོ་ཐོབ་བཞིན་པའི་ལོ་རྒྱུས་མཁས་ཅན་ཞིག་ཡིན་ཞིང་།  འཛམ་གླིང་ལོ་རྒྱུས་དང་སྤྱི་ཁོག་གི་ལོ་རྒྱུས་འཕེལ་རིམ་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་མཁས། ཁོང་གིས《མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས》དང《དེ་རིང་གི་ལོ་རྒྱུས་སྙིང་བསྡུས》《མ་འོངས་པའི་ལོ་རྒྱུས་སྙིང་བསྡུས》བཅས་བརྩམས་པ་དང་། 《མིའི་རིགས་ཀྱི་ལོ་རྒྱུས་སྙིང་བསྡུས》ཞེས་པའི་དཔེ་དེབ་འདི་ནི་དབྱི་སི་རལ་དུ་བྲིན་ཁ་རྒྱུག་པའི་དཔེ་དེབ་ཅིག་ཏུ་གྱུར་ཅིང་།  མིག་སྔར་དཔེ་དེབ་འདི་རྒྱལ་ཁབ30ལྷག་ལ་པར་དབང་སྤྲད་ནས་སྐད་རིགས་སུམ་བཅུ་ལྷག་ལ་བསྒྱུར་ཡོད།  ཁོང་ལོ་རྒྱུས་རིག་པ་ཕུད་མིའི་རིགས་རིག་པ་དང་སྣོད་བཅུད་རིག་པ། གཞི་རྒྱུ་རིག་པ་སོགས་ཀྱི་ཤེས་བྱ་ལ་ཡང་བྱང་ཆ་ཡོད།  དཔེ་དེབ་འདིའི་ཁྲིད་གཞིYOUTUBEསྟེང་བརྒྱུད་བསྐུར་བྱས་རྗེས་གོ་ལ་ཧྲིལ་པོར་ཁྱབ་པ་དང་རྒྱབ་སྐྱོར་བྱེད་མཁན་བགྲང་གིས་མི་ལངས་པ་ཞིག་ཡོད་དོ།  །

1672544276105777.jpg

10.དཔེ་ཚོགས་འདི་ཉིད་ནི་འདབ་པའི་དམངས་སྲོལ་དང་རིག་གནས། ཡུལ་སྐོར་སོགས་དང་འབྲེལ་ཡོད་པས། དེས་འདབ་པ་རྫོང་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ཡུལ་སྐོར་རིག་གནས་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་གདོན་མི་ཟའོ། 


མཉམ་སྤྱོད།