དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2022ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ཆེན་པོ་བཅུ་བདམས།

2023-01-01 18:38:59   |   203

རྩོམ་སྒྲིག   སངས་དོན།          ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།             ལོ་ཙཱ།  རིན་ཆེན་མཚོ།


2023ལོའི་ལུགས་གསར་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས2022ལོའི་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ཆེན་པོ་བཅུ་བདམས། གཤམ་དུ། ང་ཚོས་ལོ་གཅིག་རིང་ལ་མཉམ་དུ་བརྒྱུད་པའི་བྱ་བ་གལ་ཆེན་ལ་ཕྱིར་དྲན་བྱེད་ཞོར། ངར་སེམས་ཆེན་པོས2023ལོའི་སྐྱོད་ལམ་གསར་བར་ཞུགས་པར་བྱ།

དང་པོ། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྐོར་གྱི་ལག་བསྟར་གྲོས་གཞི་གཏན་འབེབས》ཁྱབ་བསྒྲགས་བྱས།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ2022ལོའི་ཟླ11པའི་ཚེས8ཉིན་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་སྐོར་གྱི་ལག་བསྟར་གྲོས་གཞི》ཡིས། ཕྱོགས་ལྔའི་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་རྒྱུས་ལོན། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

གཉིས་པ། ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུས།

ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ5པའི་ཚེས23ཉིན་ནས་ཚེས26ཉིན་བར་ཟི་ལིང་དུ་རྒྱལ་ཁའི་ངང་བསྡུས། ཚོགས་ཐོག་ནས་སྐབས་གསར་བའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

གསུམ་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ལོ་ངོ་བཅུ་ལས་མཚོ་སྔོན་ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ལོ་བཅུ་ལས་མཚོ་སྔོན་ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ2022ལོའི་ཟླ8པའི་ཚེས31ཉིན་ཟི་ལིང་དུ་བསྡུས། སྒྲོག་སྤེལ་ཚོགས་འདུས་སྐྱེ་ཁམས་དང་ཐོན་ཁུངས། དམངས་ཚིས། མཐུན་སྒྲིལ། ཏང་འཛུགས་བཅས་ཕྱོགས་ལྔའི་ཐད་ནས་ལོ་བཅུའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ངོ་སྤྲོད་བྱས། དུས་རབས་གསར་བའི་ལོ་བཅུའི་རིང་ལ། མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། གོམ་པ་རེ་རེ་བཞིན་དང་ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐོ་སྒང་དུ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ལ། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་བླངས།

བཞི་པ། མཚོ་སྔོན་གྱིས་དཔལ་འབྱོར་ཏིན་ཏིག་གིས་བརྟན་འཇགས་སུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་སྡེབས་གཅིག་ཕྱིར་བཏོན།

2022ལོའི་ཟླ6པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་ཏན་ཏིག་གིས་བརྟན་འཇགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་སྡེབས་གཅིག་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ནས། ཕྱོགས་དགུ་སྣ་བཞི་བཅུའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་ཉིས་བརྒྱ་དང་བཅོ་བརྒྱད་ཕྱིར་བཏོན་ནས། རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་ཏན་ཏན་གིས་བརྟན་འཇགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་སྡེབས་གཅིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དཔལ་འབྱོར་སྤྱི་ཕྱོགས་ནས་བརྟན་འཇགས་སུ་གཏོང་བ་བཅས་བྱེད་ཆེད་བཀོད་སྒྲིག་བཟང་བོ་བྱས།

ལྔ་པ། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ལོ་གཉིས་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་དང་། ལོ་གཉིས་རིང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིན་པའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས། ཏན་ཏན་ཏིག་ཏིག་གིས་མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབས་ནས། ཆད་ལུས་མེད་པ་དང་སེམས་མི་ཕམ་པ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ངང་བཅོས་སྐྱོང་གི་དམིགས་འབེན་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།

དྲུག་པ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས།

2022ལོའི་ཟླ12པའི་ཚེས7ཉིན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་ཡུར་རྐ་བྱང་མའི་བཟོ་སྐྲུན་སྐབས་གཉིས་པའི་སུམ་མདོ་ཆུ་མཛོད་ཀྱི་ཆུ་གསོག་པ་དེས། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་གཙོ་གཞི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་མཚོན། ལོ་བཅུའི་རིང་ལ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་གྱི་ཡོངས་འགྲུབ་བྱས་པའི་ལས་གཞི་ཡིས། བསྡོམས་པས་ཟི་ལིང་གྲོང་ཁྱེར་ལ་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བཞི་འདོན་སྤྲོད་བྱས་པ་དང་། བསྡོམས་པས་ཆུ་གཏོང་ཆུ་ཚད་སྨི་གྲུ་བཞི་ལྷམ་པ་ཐེར་འབུམ་བཞི་དང་བྱེ་བ་བརྒྱད་ས་ཡ་ལྔ་བསགས་ལ། སྨད་རྒྱུད་ཀྱི་ཆུ་རྐར་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་བཞི་ཁ་གསབ་བྱས་པ་དང་། ཆུ་མཛོད་གློག་འདོན་བཟོ་གྲྭས་གློག་སྟོང་ཝ་ཐེར་འབུམ་གཉིས་དང་བྱེ་བ་དྲུག་བཏོན་ནས། ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གཏད་ཆོག་པའི་ཆུ་བེད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

བདུན་པ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་བརྩམས།

2022ལོའི་ཟླ10པའི་ཚེས29ཉིན། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མཚོ་ཤར་ནུབ་རོལ་ནས་ཧོང་ཧྲིན་འགག་བར་མཚམས་ཀྱི་བཟོ་སྐྲུན་དངོས་སུ་འཛུགས་སྐྲུན་བྱས་པ་དང་། དེས་བར་མཚམས་བགོས་ནས་འཛུགས་སྐྲུན་བྱེད་པའི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཧྲིལ་བོ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་མཚོན། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་འཕྲེད་བརྒྱད་གཞུང་བརྒྱད་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་རྒྱའི་ལན་ཀྲིག་དང་ཟི་ལིང་ནས་ཀོང་ཀྲིག་བར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། ལྕགས་ལམ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཟི་ལིང་མེ་འཁོར་ས་ཚིགས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཅས་བརྒྱུད་དེ། ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁྲིན་ཏུའུ་མེ་འཁོར་ས་ཚིགས་ཤར་མར་མཐུད་ལ། ལྕགས་ལམ་སྤྱིའི་རིང་ཚད་ལ་སྤྱི་ལེ་བརྒྱད་བརྒྱ་དང་སོ་དྲུག་ལྷག་ཡོད་པ་དང་། དུས་ཚོད་རེའི་མགྱོགས་ཚད་སྤྱི་ལེ་ཉིས་བརྒྱར་སླེབས།

བརྒྱད་པ། རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་དག་གཙང་ནུས་ཁུངས་ཀྱི་ཁུངས་འཚོལ་ལྗང་མདོག་གཞི་གྲངས་ལྟེ་གནས་ཐོག་མ་མཚོ་སྔོན་ནས་འཛུགས་སྐྲུན་བྱས།

2022ལོའི་ཟླ7པའི་ཚེས14ཉིན། ཀྲུང་གོ་གློག་འཕྲིན་རྒྱལ་ཁབ་གཞི་གྲངས་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་པོའི་ལྟེ་གནས་མཚོ་ཤར་གྲོང་ཁྱེར་དུ་དངོས་སུ་འཛུགས་སྐྲུན་བྱས་པ་དང་། དེས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བརྒྱ་ཡི་དག་གཙང་ནུས་ཁུངས་ཀྱི་ཁུངས་འཚོལ་ལྗང་མདོག་གཞི་གྲངས་ལྟེ་གནས་ཐོག་མ་མཚོ་སྔོན་དུ་འཛུགས་སྐྲུན་བྱས་པ་མཚོན། གཞི་གྲངས་ལྟེ་གནས་དེ་མཚོ་ཤར་གྲོང་ཁྱེར་རྨ་ཙོང་ཁུལ་གསར་ཐཱན་མེད་ཐོན་ལས་ར་བའི་ཁུལ་དུ་བཙུགས་པ་དང་། གཞི་ཁྱོན་སྤྱི་ཆིང་དྲུག་གྲངས་ཆུང་དྲུག་བདུན་ཡིན་ལ། སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་བདུན་དང་སྟོང་གཉིས་ཡིན་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་གཏོང་རྒྱུ་ཡིན་ལ། སྐབས་དང་པོར་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཞི་གྲངས་དཔལ་འབྱོར་དང་དག་གཙང་ནུས་ཁུངས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཡིན།

དགུ་པ། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་པ་བྱུང་།

2022ལོའི་ཟླ8པའི་ཚེས18ཉིན་གྱི་དུས་ཚོད་ཐིག་གི་སྟེང་། ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་ཆེན་ལིན་ཡུལ་ཚོ་དང་ཆིན་ཧྲན་ཡུལ་ཚོ་གཉིས་ལ་དྲག་ཆར་བབས་ནས་ཆུ་ལོག་བརྒྱུགས་པ་དང་ས་རྡོ་ཉིལ་ཏེ། ཆུ་ལམ་བསྒྱུར་ཞིང་རྒྱས་འབྲུབ་བྱུང་ནས། ཡུལ་ཚོ་དང་གྲོང་རྡལ་གཉིས་དང་སྡེ་བ་དྲུག་གི་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་བཅུ་བདུན་དང་མི་སྟོང་དྲུག་ཉིས་བརྒྱ་ཞེ་ལྔར་གནོད་པ་ཐེབས། གནོད་འཚེ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་ཞིང་ཆེན་རིམ་པའི་ཐོལ་བྱུང་གནོད་འཚེ་དོན་རྐྱེན་རིམ་པ་གཉིས་པ་དང་རིམ་པ་དང་པོའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱེད་འགོ་བརྩམས་པ་དང་། བགྲོད་ལམ་དང་ཉེན་སེལ། སྨན་བཅོས་འཕྲོད་བསྟེན། གློག་ཤུགས འཕྲིན་གཏོང་སོགས་སྡེ་ཁག་རྩ་འཛུགས་བྱས་ནས་སྟོབས་ཤུགས་ཡོད་རྒུས་མྱུར་སྐྱོབ་དང་འགན་སྲུང་བྱ་བ་སྤེལ།

བཅུ་པ། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ།

2022ལོའི་ཟླ8པའི་ཚེས25ཉིན། སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་་ཐོབ་མཁན་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སོག་རིགས་ན་གཞོན་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་བརྩམས་ཆོས《ཐང་སྟོང》ཅེས་པར་སྒྲུང་གཏམ་འབྲིང་བའི་བྱ་དགའ་ཐོབ་ནས། མཚོ་སྔོན་ཞིང་ཆེན་གྱི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་མེད་པའི་སྟོང་ཆ་བསྐངས། རྩོམ་པ་པོ་བསོད་ནམས་ཚེ་རིང་གཅིག་དགུ་གྱ་ལྔ་ལོར་མཚོ་བྱང་ཁུལ་དུ་སྐྱེས་པ་དང་། 2018ལོར་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས། བྱ་དགའ་ཐོབ་པའི་བརྩམས་ཆོས《ཐང་རྒོད》ཅེས་པ《གྲུབ་འབྲས》དུས་དེབ་ཀྱི2020ལོའི་འདོན་ཐེབས་ལྔ་པའི་སྟེང་སྤེལ་བ་དང་། རྩྭ་ཐང་སྟེང་གི་དེང་རབས་འབྲོག་དམངས་ཀྱི་འཚོ་བ་དངོས་མཚོན་པར་བྱས་ཡོད།


མཉམ་སྤྱོད།