དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ། (མུ་འགོད2)

2023-01-05 15:20:02   |   149

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

—— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གི་སྙན་ཞུ།

(2022ལོའི་ཟླ10ཚེས16ཉིན)

ཞི་ཅིན་ཕིང་།

1672903612150441.jpg

གཉིས་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་དགོས།

མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བའི་མཛུབ་སྟོན་དགོངས་པ་ཡིན། ལག་ལེན་གྱིས་ང་ཚོར་ར་སྤྲོད་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་ཡོད་དགོས་དོན། དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ཡོད་པ་འདི་ནི་ང་ཚོའི་ཏང་གིས་དད་མོས་དང་དད་སེམས་བརྟན་པོར་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་ཐུབ་པའི་རྩ་བ་གནས་ས་ཡིན།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་བདེན་དོན་དོན་གཉེར་དང་། བདེན་དོན་གསལ་སྟོན། བདེན་དོན་ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གསར་པ་བྱུང་བ་དང་ལག་ལེན་གྱིས་བླང་བྱ་གསར་པ་བཏོན་པས། ང་ཚོས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་འབྲེལ་བ་ཡོད་པའི་དུས་རབས་ཀྱི་ཞིབ་འཇུག་བརྟག་གཞི་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་འདེབས་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ང་ཚོའི་ཏང་ནི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་དང་། མཐོང་ལམ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དེ་དག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གཅིག་བསྡུས་ཀྱིས་མངོན་ཡོད། ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི“ཁ་གསལ་བཅུ”དང་། “རྒྱུན་འཁྱོངས་བཅུ་བཞི།” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ཀྱིས་དགོངས་པ་འདིའི་ནང་དོན་གཙོ་བོ་ཉིང་བསྡུད་བྱས་ཡོད་པས། ངེས་པར་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།

ཀྲུང་གོ་གུང་ཁྲན་ཏང་མིས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཤིང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན། ད་གཟོད་དུས་རབས་དང་ལག་ལེན་གྱིས་བཏོན་པའི་གནད་དོན་ཆེན་པོ་ལ་ལན་ཡང་དག་འདེབས་ཐུབ་པ་དང་། ད་གཟོད་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པ་མཐའ་འཁྱོངས་བྱེད་ཐུབ་པར་ངོས་འཛིན་ཟབ་མོ་བླངས་ཡོད།

མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ན་ངེས་པར་དུ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱེད་དགོས། ང་ཚོས་མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ན། དེའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྤྱད་དེ་ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་དགོས་པ་ལས། དེའི་བྱེ་བྲག་གི་བསྡོམས་ཚིག་དང་ཐ་སྙད་དང་ལུང་ཚིག་ཙམ་བློ་ནས་སྐྱོར་སྦྱང་དང་བསྐྱར་ཟློས་བྱེད་པ་མ་ཡིན་ལ། མར་ཁེ་སི་རིང་ལུགས་དེ་ནམ་ཡང་འགྱུར་བ་མེད་པའི་ལུང་ཚིག་སྐམ་པོ་ཙམ་དུ་དེ་བས་ཀྱང་བརྩི་མི་རུང་། ང་ཚོས་ངེས་པར་དུ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་ལྷན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་གང་སྒྲུབ་ཐམས་ཅད་དོན་དངོས་ལ་གཞིགས་ཤིང་དུས་རབས་གསར་པར་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་རྒྱུན་ཆད་མེད་པར་ལན་འདེབས་དགོས་པ་དང་། ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་བླང་བྱར་མཐུན་པའི་ལན་ཡང་དག་པ་འདེབས་དགོས་ལ། ཕྱིའི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་ངོས་འཛིན་བྱུང་བ་དང་། དུས་བསྟུན་ལྷན་སྐྱོད་ཀྱི་གཞུང་ལུགས་གྲུབ་འབྲས་ཆགས་པར་བྱས་ཏེ། ཀྲུང་གོའི་ལག་ལེན་ལ་མཛུབ་སྟོན་སྔར་ལས་ལེགས་པ་བྱེད་དགོས།

མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ན་ངེས་པར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་དགོས། རང་རྒྱལ་ཁབ་དང་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཞིང་ས་གཤིན་པོར་རྩ་བ་ཚུགས་ན། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་ལྗོན་ཤིང་ལ་གཞི་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཐུབ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བྱུང་བ་རིང་ཞིང་གཏིང་ཟབ་ལ་རྒྱ་ཆེ་བ་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན། དེའི་ནང་དུ་གནམ་འོག་སྤྱི་སྙོམས་དང་། དམངས་ནི་གཞི་རྩ། སྤྱོད་བཟང་སྲིད་སྐྱོང་། རྙིང་དོར་གསར་འཛུགས། གང་འཇོན་དེ་བསྐོ། སྣོད་བཅུད་གཅིག་འདུས། རང་བརྩོན་ལྷོད་མེད། སྤྱོད་བཟང་ཐེག་ཆེ། ཡིད་རྟོན་མཛའ་མཐུན། ཁྱིམ་མཚེས་གཉེན་བྱམས་སོགས་འདུས་ཡོད་པ་དེ་ནི། ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བསགས་པའི་འཇིག་རྟེན་ལྟ་ཚུལ་དང་། གནམ་འོག་སྐྱོང་བའི་ལྟ་ཚུལ། སྤྱི་ཚོགས་ལྟ་ཚུལ། ཀུན་སྤྱོད་ལྟ་ཚུལ་བཅས་ཀྱི་མངོན་ཚུལ་གལ་ཆེན་ཡིན་ཞིང་། ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གྱི་བཞེད་དགོངས་དང་གཅིག་མཐུན་རང་བཞིན་ཚད་མཐོན་པོ་ལྡན་ཡོད། ང་ཚོས་ངེས་པར་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། གནའ་བཟང་དེང་སྤྱོད་དང་རྙིང་འབུད་གསར་འདོན་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་སྙིང་བཅུད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་དང་གཅིག་འདྲེས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་ཉིན་རྒྱུན་སྤྱོད་པས་མི་ཚོར་བའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་མཉམ་འདྲེས་བྱས་ཏེ། ཚན་རིག་དང་མཐུན་པའི་གཞུང་ལུགས་མངོན་གསལ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་རྒྱུན་ཆད་མེད་པར་ལྡན་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོར་རྩ་བ་བརྟན་པོར་ཚུགས་སུ་འཇུག་དགོས།

ལག་ལེན་ལ་རྫོགས་མཐའ་མེད་པས་གཞུང་ལུགས་གསར་གཏོད་ལ་ཡང་རྫོགས་མཐའ་མེད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡིན། ལག་ལེན་གྱི་རྨང་གཞིའི་སྟེང་གི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ན། ཐོག་མར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་དགོས་པ་དང་། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

—— ངེས་པར་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན། ཏང་གི་གཞུང་ལུགས་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་གཞུང་ལུགས་ཡིན་པ་དང་། མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་ནི་གཞུང་ལུགས་གསར་གཏོད་བྱེད་པའི་འཛད་མཐའ་མེད་པའི་འབྱུང་ཁུངས་ཡིན། མི་དམངས་དང་ཁ་བྲལ་བའི་གཞུང་ལུགས་ཡོད་ཚད་ནི་ཤུགས་ཟད་ནུས་མེད་ཡིན་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཡིན་པའི་གཞུང་ལུགས་ཡོད་ཚད་ལ་གསོན་ཤུགས་མེད། ང་ཚོ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མི་དམངས་ཀྱི་རེ་འདུན་ཁོང་དུ་ཆུད་པ། མི་དམངས་ཀྱི་གསར་སྐྲུན་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། མི་དམངས་ཀྱི་དགའ་ཞེན་དང་། མི་དམངས་ཀྱི་མོས་མཐུན། མི་དམངས་ལ་དབང་བ་བཅས་ཀྱི་གཞུང་ལུགས་ཆགས་པར་བྱས་ནས། དེ་ཉིད་མི་དམངས་ལ་འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས།

—— ངེས་པར་རང་རྟོན་རང་ཚུགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་སྡུག་བསྔལ་ཆེན་པོའི་གནས་ནས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འབར་བའི་མདུན་ལྗོངས་ཀྱི་ཕྱོགས་སུ་བསྐྱོད་པར། དཔེ་བལྟ་སའི་སློབ་དེབ་གཏན་ནས་ཡོད་མ་མྱོང་ལ། རང་ཤུགས་ཀྱིས་གྲུབ་པའི་དྲི་ལན་དེ་བས་ཀྱང་མེད། ཏང་གི་ལོ་བརྒྱའི་འབད་འཐབ་ལ་རྒྱལ་ཁ་ཐོབ་པའི་བགྲོད་ལམ་ནི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རང་བཙན་རང་བདག་གིས་འཚོལ་ཞིབ་བྱས་ནས་གསར་དུ་བཏོད་པ་ཞིག་ཡིན། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བྱས་ནས་བྱུང་བ་ཞིག་ཡིན་ལ། དེའི་ནང་དུ་ཁྱབ་པའི་གཞི་རྩའི་གནད་གཅིག་ནི་ཀྲུང་གོའི་གནད་དོན་ལ་ངེས་པར་ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་གཞིར་བཟུང་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། ང་ཚོས་མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་བརྟན་པོ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། བགྲོད་ལམ་གྱི་གདེང་ཚོད་དང་། གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་བཏང་སྟེ། སྔར་ལས་ཧུར་ཐག་གི་ལོ་རྒྱུས་ཁག་འཁུར་དང་གསར་སྐྲུན་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་པ་ལས། འགྱུར་ལྡོག་ལ་བསྟུན་མི་ཤེས་པ་དང་། བཀག་སྡོམ་རེངས་གྱུར་བྱེད་མི་རུང་ལ། འདྲ་སྤོ་འདྲ་བཤུས་དང་ཕྱི་གླིང་གི་ཤེས་རིག་བསླབས་ཀྱང་སྤྱོད་མི་ཤེས་པ་བྱེད་མི་རུང་།

—— ངེས་པར་བདེན་ཚུགས་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་གཉེར་བཞིན་པ་ནི་སྔོན་ཆད་བསྒྲུབས་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་ཡིན། བདེན་པར་རྐང་ཚུགས་ན་ད་གཟོད་ཁ་ཕྱོགས་མི་ནོར་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་བཟོ་ལ། གསར་གཏོད་བྱས་ན་ད་གཟོད་དུས་རབས་ལ་སྟངས་འཛིན་དང་དུས་རབས་ལ་ཁྲིད་སྟོན་བྱེད་ཐུབ། ང་ཚོས་ཚན་རིག་གི་ལམ་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་། བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་འཚོལ་སྙེག་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་ལྷག་བསམ་རྣམ་དག་གིས་གསར་བྱུང་བྱ་དངོས་ཡོད་ཚད་ལ་ལྟ་སྟངས་བཟུང་སྟེ། ངོས་འཛིན་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྔོན་རབས་པས་བཤད་མ་མྱོང་བའི་སྐད་ཆ་གསར་པ་བཤད་ཕོད་པ་དང་། སྔོན་རབས་པས་བསྒྲུབས་མ་མྱོང་བའི་བྱ་བ་སྒྲུབ་ཕོད་པ་བྱས་ཏེ། གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་སྟོན་བྱེད་དགོས།

—— ངེས་པར་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་མགྲིན་ངག་ཡིན་ཞིང་། གནད་དོན་ལ་ལན་འདེབས་པ་དང་དེ་ཐག་གཅོད་བྱེད་པར་མཛུབ་སྟོན་བྱ་རྒྱུ་ནི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན། ད་ལྟ་ང་ཚོའི་མདུན་དུ་ལྷགས་པའི་གནད་དོན་རྙོག་འཛིང་ཆེ་ཚད་དང་གནད་དོན་ཐག་གཅོད་བྱེད་པའི་དཀའ་ཚེགས་ཆེ་ཚད་མངོན་གསལ་གྱིས་ཆེ་རུ་ཕྱིན་འདུག་པས། གཞུང་ལུགས་གསར་གཏོད་བྱེད་པར་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་གནད་དོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ། ལག་ལེན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་། བཅོས་སྒྱུར་གོང་སྤེལ་བརྟན་བརླིང་གསུམ་གྱི་ཁྲོད་གནས་པའི་གཏིང་རིམ་གྱི་གནད་དོན། མི་དམངས་མང་ཚོགས་ཀྱི་བྲེལ་མྱུར་དང་། དཀའ་ཁག སྡུག་སྣང་། རེ་སྒུགབཅས་ཀྱི་གནད་དོན། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་ཆེན་པོ། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་འབུར་ཐོན་ཅན་བཅས་ལ་དམིགས་ནས། གནད་དོན་ཐག་གཅོད་ངོ་མ་བྱེད་པའི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། ཐབས་ཤེས་གསར་པ་བཅས་རྒྱུན་ཆད་མེད་པར་འདོན་དགོས།

—— ངེས་པར་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། བྱ་དངོས་ཡོད་ཚད་ནི་ཕན་ཚུན་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན། ཡོངས་ཁྱབ་ཏུ་གཅིག་ལ་གཅིག་འབྲེལ་དང་། ཁྱོན་ཡོངས་དང་མ་ལག་ཚང་བ། གོང་འཕེལ་དང་འགྱུར་ལྡོག་འབྱུང་བཞིན་ཡོད་པ་བཅས་ཀྱི་ལྟ་ཚུལ་སྤྱད་ནས་བྱ་དངོས་ལ་ལྟ་ཞིབ་བྱས་ན། ད་གཟོད་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་ཐུབ། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་གྱི་དུས་རིམ་བརྒྱུད་བཞིན་ཡོད་པས། བཅོས་སྒྱུར་དང་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་བྱེད་སྐབས་རྒྱུན་དུ་སྣེ་གཅིག་གིས་ཁྱོན་ཡོངས་སྒུལ་བཞིན་ཡོད། ང་ཚོས་ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་ལྟ་མཁས་པ་དང་། ཕྱི་ཚུལ་ལ་བརྟེན་ནས་ངོ་བོར་ལྟ་མཁས་པ་བྱེད་པ་དང་། སྤྱི་ཡོངས་དང་བྱེ་བྲག དེང་སྐབས་དང་རྒྱུན་རིང་། ཆེ་མཐོང་དང་ཕྲ་མཐོང་། འགལ་བ་གཙོ་བོ་དང་འགལ་བ་ཕལ་པ། དམིགས་བསལ་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བ་ལེགས་པར་ཁོང་དུ་ཆུད་པར་བྱས་ཏེ། འཐབ་ཇུས་ཀྱི་བསམ་གཞིགས་དང་། ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། མ་ལག་གི་བསམ་གཞིགས། གསར་གཏོད་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། ཚད་མཐའི་བསམ་གཞིགས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྔོན་དཔག་རང་བཞིན་གྱི་བསམ་བློ་གཏོང་བ་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་ལ་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་འདོན་སྤྲོད་བྱེད་དགོས།

—— ངེས་པར་ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་དོན་གཉེར་བྱེད་པའི་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བ་དོན་གཉེར་བྱེད་པའི་ཏང་ཞིག་ཀྱང་ཡིན། ང་ཚོས་འཛམ་གླིང་གི་མིག་རྒྱ་ཆེ་རུ་བསྐྱེད་ཅིང་། མིའི་རིགས་ཡར་རྒྱས་གོང་འཕེལ་འགྲོ་བའི་རླབས་རྒྱུན་མཐའ་གསལ་མཐིལ་རྟོགས་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་བསློགས་ཏེ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་བྱས་རྗེས་འཇོག་དགོས། རྒྱ་མཚོའི་ཤོང་རྒྱ་ལྟ་བུའི་བློ་ཁོག་ཡངས་པོས་མིའི་རིགས་ཀྱི་དཔལ་ཡོན་དར་བའི་གྲུབ་འབྲས་ཕུལ་བྱུང་མཐའ་དག་དཔེ་ལྟ་བསྡུ་ལེན་བྱས་ཏེ། སྔར་ལས་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།


གསུམ་པ། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན།

ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་སྟེང་། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་དང་ཐོད་བརྒལ་བྱུང་བ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་རང་གི་གནས་ཚུལ་རྩ་བར་བཟུང་བའི་ཁྱད་ཆོས་ཀྱང་ལྡན་པ་ཡིན།

—— ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཞིག་དང་། རང་རྒྱལ་གྱི་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་སྤྱི་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་ན། དེའི་གཞི་ཁྱོན་ནི་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་བསྡོམས་འབོར་ལས་བརྒལ་ཡོད་ཅིང་། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། འཕེལ་རྒྱས་ཐབས་ལམ་དང་སྐུལ་འདེད་གཏོང་སྟངས་ལའང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པ་ལྡོག་མེད་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་གཞི་འགོད་པ། དོན་དག་སྒྲུབ་པ་བཅས་བྱེད་པ་ལས་འདོད་ཆེན་ཆེ་དགའ་མི་བྱེད་ལ་རྙིང་ཞེན་མཁྲེགས་འཛིན་ཡང་མི་བྱེད་པར། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། གོམ་པ་རིམ་བགྲོད། རྒྱུན་མཐུད་སྐུལ་སྤེལ་བཅས་རྒྱུན་འཁྱོངས་བྱེད་དགོས།

—— ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཡུན་རིང་གི་ལོ་རྒྱུས་བརྒྱུད་རིམ་ཞིག་ཀྱང་ཡིན། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགོ་རྩོམ་ས་དང་མཇུག་བསྡུ་ས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བཞག་ཡོང་བར་སྲུང་སྐྱོང་དང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཐའ་གཉིས་སུ་གྱེས་པ་རྦད་དེ་སྔོན་འགོག་བྱེད་དགོས།

—— ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་འགྱུར་བྱེད་པའི་དེང་རབས་ཅན་ཡིན། དངོས་པོ་འབྱོར་ཕྱུག་ལྡན་པ་དང་བསམ་བློ་ཕུན་སུམ་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན། དངོས་པོ་དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། བསམ་བློ་བཀྲེན་པ་ཡང་སྤྱི་ཚོགས་རིང་ལུགས་མིན། ང་ཚོས་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་བརྟན་འཛུགས་བྱེད་པ་དང་། རྒྱུན་ཆད་མེད་པར་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བའི་དངོས་པོའི་ཆ་རྐྱེན་ཕུན་སུམ་ཚོགས་པར་གཏོང་དགོས་ལ། དེ་དང་དུས་མཚུངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་པ། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པ། དངོས་པོ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ཡིན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་ཞིང་། རང་བྱུང་ཁམས་ལས་ཚོད་མེད་ལེན་རྐྱང་བྱས་པ་དང་ཐ་ན་རང་བྱུང་ཁམས་ལ་གཏོར་བརླག་བཏང་ན་རང་བྱུང་ཁམས་ཆེན་པོས་འཁོན་ལན་སློག་ངེས་རེད། ང་ཚོས་རྒྱུན་བསྲིང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོན་ཆུང་བྱ་རྒྱུ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། སྲུང་སྐྱོབ་བྱ་རྒྱུ་དམིགས་བསལ་གྱིས་སྔོན་ལ་འཇོག་པ། རང་བྱུང་ངང་སོར་ཆུད་ཡོང་རྒྱུ་གཙོ་བོར་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་རང་བྱུང་ཁམས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་དར་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཡུན་གཏན་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས།

—— ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན། རང་རྒྱལ་ནི་རྒྱལ་ཁབ་ཁ་ཤས་བཞིན་དམག་འཁྲུག་རྒྱག་པ་དང་། མི་སེར་སྤེལ་བ། འཕྲོག་བཅོམ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་རྙིང་དུ་མི་འགྲོ་སྟེ། གཞན་གནོད་རང་ཕན་དང་ཁྲག་དྲི་བྲོ་བའི་ནག་ཉེས་ཀྱིས་ཁེངས་པའི་ལམ་རྙིང་དེས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད། ང་ཚོ་བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་དཔལ་ཡོན་དང་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཁྲོད་རང་ཉིད་འཕེལ་རྒྱས་འགྲོ་བ་དོན་གཉེར་བྱེད་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་སྔར་ལས་ཡག་པོ་བྱ་རྒྱུ་ཡིན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་སྐྲུན་པ་བཅས་ཡིན།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་སྟབས་གཉིས་སུ་ཕྱེ་ནས་བགྲོད་རྒྱུ་སྟེ། 2020ལོ་ནས2035ལོའི་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་ཡིན།

2035ལོར་སླེབས་དུས། རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་ནི། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཆེས་ཆེར་འཕེལ་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐས་རིམ་ཆེན་པོ་གསར་པ་ཞིག་ཏུ་སླེབས་ནས། དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་བརྩོན་མངོན་འགྱུར་བྱས་ནས་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་ཚར་བར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་ལམ་ལུགས་སྔར་ལས་ཆ་ཚང་དུ་གཏོང་བ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། བདེ་ཐང་གི་ཀྲུང་གོ་བཅས་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མངོན་གསལ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་དགའ་སྐྱིད་ལྡན་པ་དང་། སྡོད་དམངས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་ཀྱི་བསྡུར་ཚད་མངོན་གསལ་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ།  མི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་མངོན་སུམ་གྱི་འཕེལ་སྐྱེད་ཡོང་བ་བཅས་བྱེད་དགོས། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ཏུ་ཆགས་པ་དང་། ཐཱན་འབུད་ཚད་རྩེར་སོན་བྱུང་རྗེས་བརྟན་ཐོག་མར་ཆག་ཡོང་བ། སྐྱེ་ཁམས་ཁོར་ཡུག་གཞི་རྩའི་ཆ་ནས་ལེགས་བཅོས་བྱུང་ཞིང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པར་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་དགོས་པ་བཅས་ཡིན།

དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་རྨང་གཞིའི་སྟེང་། ང་ཚོས་མུ་མཐུད་ནས་འབད་བརྩོན་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། རང་རྒྱལ་འདི་ཉིད་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་མདུན་གྲལ་དུ་སླེབས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

མ་འོངས་པའི་ལོ་ལྔ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགོ་ཚུགས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཏེ། དམིགས་འབེན་ལས་འགན་གཙོ་བོ་ནི། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོད་བརྒལ་གསར་པ་ཡོང་བར་བྱེད་པ་དང་། ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པར་འཕེལ་རིམ་གལ་ཆེན་འབྱུང་བར་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོ་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་ལམ་ལུགས་གསར་པ་གཞི་རྩའི་ཆ་ནས་ཆགས་པར་བྱེད་པ། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་ལོངས་སྤྱོད་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་དང་། ངལ་རྩོལ་གྱི་ཐོབ་ཆ་མཐོ་རུ་གཏོང་བ་དེ་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མཐོ་རུ་ཕྱིན་པ་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བར་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་གཏོང་བ། རིམ་ཐེངས་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་གནས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ལྡན་པ། རྒྱལ་ཁབ་བདེ་འཇགས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་པ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཀྲུང་གོའི་རྒྱལ་སྤྱིའི་སྟེང་གི་གོ་གནས་དང་ཤུགས་རྐྱེན་སྔར་ལས་ཆེ་རུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཡིན།

ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་དཀའ་ཚེགས་ཆེ་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་ལ། མདུན་ལམ་ནི་འོད་སྟོང་ལྡན་ཞིང་ལས་འགན་ལྕི་ཞིང་སྒྲུང་ཡུན་རིང་བ་ཞིག་ཡིན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གང་མགྱོགས་འབྱུང་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་གཏིང་ཟབ་འབྱུང་བཞིན་ཡོད་ལ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པར་འཕྲད་ཡོད། དུས་མཚུངས་སུ། དུས་རབས་རིམས་ནད་ཀྱི་ཤུགས་རྐྱེན་གཏིང་ཟབ་པ་དང་། འཛམ་གླིང་ཅན་ལས་ལྡོག་པའི་བསམ་བློའི་རླབས་རྒྱུན་ཐོན་བཞིན་ཡོད། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་དགོས་ཆེ་རུ་ཕྱིན་ཡོད། འཛམ་གླིང་གི་དཔལ་འབྱོར་སོས་ཚད་ཞན་ལ། ས་ཁུལ་ཁ་ཤས་སུ་གདོང་ཐུག་དང་དུས་ཟིང་བྱུང་དང་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་གྱུར་ནས་འཛམ་གླིང་འདི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་བཅོས་སྒྱུར་གོང་སྤེལ་བརྟན་བརླིང་གསུམ་གྱི་མདུན་དུ་གཡོལ་ཐབས་དང་འདོར་ཐབས་མེད་པའི་འགལ་བ་ཟབ་མོ་མི་ཉུང་བ་ཞིག་ལྷགས་ཤིང་། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ངན་རེངས་རང་བཞིན་དང་མང་ཐོན་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་ཡོད་ལ། ཕྱི་ནས་བཙན་གནོན་དང་བཀག་སྡོམ་བྱེད་པ་དུས་དང་རྣམ་པ་ཀུན་ཏུ་ཛ་དྲག་ཆེ་རུ་འགྲོ་ངེས་རེད། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་དང་། ངེས་མེད་དང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ལ། “ངང་བ་ནག་པོ”དང“བསེ་རུ་སྐྱ་བོའི”དོན་རྐྱེན་སྣ་ཚོགས་འབྱུང་ཉེན་ཡོད། ང་ཚོས་ངེས་པར་ཕྱིའི་གྱོང་སྔ་དྲན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཚད་མཐའ་འཛིན་སེམས་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ། བདེ་སྡོད་ཉེན་བསམ་དང་ཆར་སྔོན་ཁང་གསོ་བྱེད་དགོས་ལ། རླུང་ཆེན་དྲག་རླབས་དང་ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་ཀྱི་གདོང་བསུ་བའི་གྲ་སྒྲིག་བྱེད་དགོས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་ངེས་པར་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁག་དམ་འཛིན་བྱེད་དགོས་ཏེ།

—— ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་མགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ཀྱི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ནས། ཏང་ཐོག་མཐའ་བར་གསུམ་དུ་ཆར་རླུང་དྲག་པོ་ལྡང་སྐབས་མི་དམངས་ཡོངས་ཀྱི་ཆེས་ཡིད་རྟོན་རུང་བའི་གཞི་རྐང་དུ་འགྱུར་བར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཡང་དག་པ་འགན་ལེན་ཏན་ཏིག་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེན་པོ་འཕེལ་བའི་འགན་ལེན་ཏན་ཏིག་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་ངལ་མཉམ་སེལ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

—— ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས། བགྲོད་ལམ་མི་འགྱུར་བ་དང་ཕུགས་བསམ་མི་འགྱུར་བ་རྒྱུན་འཁྱོངས་བཅས་བྱས་ཏེ་བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་སྐྱོད་པར་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་པ་རྒྱུན་འཁྱོངས་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།

—— མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་དགོས།

—— བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཅོས་སྒྱུར་གསར་སྐྲུན་ཟབ་སྤེལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། གཏིང་རིམ་ཟབ་མོའི་ལམ་ལུགས་དང་རྐྱེན་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་རྒྱུན་ཆད་མེད་པར་མངོན་པར་མཚོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས།

—— འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བསྐྱེད་དེ། ལོག་བཤད་ལ་ཡིད་མི་ཆེས་པ་དང་། ངན་རེངས་ལ་དཔའ་མི་ཞུམ་པ། གནོན་ཤུགས་ལ་བློ་མི་འཇིགས་པ་བཅས་དང་། དཀའ་ངལ་ལ་མི་འཛེམ་པར་གདོང་བསུས་ཏེ་མདུན་དུ་སྐྱོད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གཏོད་པ་བཅས་བྱེད་དགོས།

བློ་མཐུན་རྣམ་པ། དེ་རིང་། ང་ཚོ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་དམིགས་འབེན་འགྲུབ་པར་ཐག་ཉེ་བ་དང་། ཡིད་ཆེས་དང་ནུས་པ་སྔར་ལས་ཆེན་པོས་ཁེངས་ཡོད། དུས་མཚུངས་སུ་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེན་པོ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱེད་པའི་གྲ་སྒྲིག་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། རང་འགུལ་གྱིས་འགྱུར་ལྡོག་ལ་ངོས་འཛིན། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། རང་འགུལ་གྱིས་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་རྒྱལ་ཁ་གསར་བ་ལེན་དགོས།



མཉམ་སྤྱོད།