དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

2023-01-13 09:52:19   |   486

རྩོམ་སྒྲིག  སངས་དོན།      ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་དྲ་བ།     ལོ་ཙཱ།  བན་དེ་སྐྱབས།


(2023ལོའི་ཟླ1པོའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར་པེ་ཅིང་དུ་བསྡུས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བརྒྱ་དང་ཉེར་བདུན་ཡོད་པ་དང་། མི་ཉིས་བརྒྱ་དང་བདུན་ཟུར་ཞུགས་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཞུགས།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚང་འཛོམས་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་ལས་གཞན། བློ་མཐུན་ལིས་ཞི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཕུལ་བའི། 《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་སྐྱོད་ལམ་གསར་པའི་སྟེང་བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས》ཞེས་པའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས། ཚང་མས་བལྟས་ན། གསུང་བཤད་ཀྱིས་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཀྱི་འབྱུང་རྐྱེན་དང་དེའི་རྣམ་པ་གཙོ་བོ། དཀའ་གནད་སེལ་ཐབས་བཅས་ལ་དབྱེ་ཞིབ་ཟབ་མོ་མཛད་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་འཛུགས་པའི་དམིགས་འབེན་ལས་འགན་དང་། ལག་ལེན་བླང་བྱ་རྒྱས་བཤད་ཟབ་མོ་མཛད་ཡོད་ལ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱིས་མཐོ་འགྱིང་ཐུར་གཟིགས་གནང་བ་དང་། དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། དཔྱད་བརྗོད་གནད་ལ་འཁེལ་བ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་པ་དང་། སྒེར་སེམས་མེད་པའི་བླ་མེད་ཀྱི་མཛད་པ། མི་དམངས་ཐུགས་སུ་འཛིན་པའི་བརྩེ་བ་ཟོལ་མེད། གནད་དོན་ལ་ཐད་ཀར་གདོང་གཏོད་པའི་འགན་འཁྲིའི་ཁག་ཁུར་བཅས་ལེགས་པར་མཚོན་ཡོད་པར་མ་ཟད། དེར་ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྩ་བའི་བསྲུང་བྱ་ཡིན་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བའི་རྩ་བའི་ཁྲིད་སྟོན་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེར་ཐུགས་རེ་ནན་མོ་བཅོལ་ནས་བླང་བྱ་གསལ་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་བར་བྱེད་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་སྐད་ཅིག་ཙམ་ཡང་མཚམས་མ་བཞག་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་བཏང་ནས། ཏང་གི་རླབས་ཆེན་གྱི་རང་ངོས་གསར་བརྗེ་མཐའ་འཁྱོངས་བྱེད་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོར་བརྩིས་ཏེ། སློབ་སྦྱོང་གཏིང་ཟབ་དང་བརྟག་དཔྱད་ཞིབ་འཇུག དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་དེའི་གོ་དོན་མཐིལ་རྟོགས་བྱེད་པ། དོན་འཁྱོལ་མཐར་ཕྱིན་བཅས་བྱས་ཏེ། ལས་དོན་འདི་ཉིད་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་པ་དང་། སྤྱོད་ཚུལ་ཡོ་བསྲང་དང་སྤྱོད་བཟང་སྒྲིག་ནན་གྱི་རུལ་སུངས་ལ་རྒོལ་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྔོན་ཐོན་བབ་གཙང་ལ་སྲུང་སྐྱོབ་བྱེད་པ་དང་། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཡུན་ནས་ཡུན་དུ་གནས་པར་བྱེད་པའི་ཕན་འབྲས་དངོས་ལ་བསྒྱུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་བརྟན་འགྱུར་མེད་ངང་འཁུར་དགོས། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལས་དོན་མཐའ་དག་ལ་སྤྱི་འདོམས་བྱེད་པ་དང་། ཏང་གི་སྒྲིག་ཡིག་་སློབ་སྦྱོང་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་སྒྲིག་ཡིག་གིས་བཅོལ་བའི་འགན་འཁྲི་ལག་ལེན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། སྤྱོད་ཚུལ་ཡོ་བསྲང་དང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་སྔར་ལས་ལེགས་པར་འཁུར་དགོས།

ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་གནད་འགག་གི་ལོ་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་འདིང་བའི་ལོ་ཞིག་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བའི་ལས་འགན་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་བཟང་བོ་རྩོམ་པར་འགན་ལེན་ནུས་ལྡན་བྱེད་དགོས།

གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་དམིགས་ནས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་དགོས། གཉིས་ནས་ཏང་གི་རང་ངོས་གསར་བརྗེ་ཡི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་དགོས། གསུམ་ནས་ཆབ་སྲིད་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་ཆེན་པོ་བྱེད་དགོས། བཞི་ནས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་མུ་མཐུད་དོན་འཁྱོལ་ནན་མོ་བྱེད་པ་དང་། “སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱེད་དགོས། ལྔ་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། དྲུག་ནས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།  བདུན་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། བརྒྱད་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ལས་འགན་ལྗིད་མོ་ཕྲག་སྟེང་དུ་ལེན་ཕོད་ཅིང་། བྱང་ཚད་མཐོ་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེ་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མཛུབ་སྟོན་གནང་བའིཁ་ཕྱོགས་བརྒྱུད་དེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་རྟོན་རང་བརྩོན་དང་དག་སྲུང་གསར་གཏོད་བྱེད་པ། སྙིང་སྟོབས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། འབད་འཐབ་ལྷོད་མེད་ཀྱི་རྣམ་འགྱུར་དང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་བསམ་བློའི་འཁྱེར་སོར་བརྟེན་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏོན།


མཉམ་སྤྱོད།