དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རང་ཚུགས་རང་དར་རྒྱུན་འཁྱོངས་དང་བཀོལ་སྤྱོད་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ་མི་ཐབས་རིག་ནུས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

2025-04-27 15:35:28   |   115

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་དང་ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉི་ཤུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། རབས་གསར་པའི་མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་པར་གདོང་གཏོད་དུས། རྒྱལ་ཡོངས་ཀྱི་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ཚུགས་རང་དར་རྒྱུན་འཁྱོངས་དང་བཀོལ་སྤྱོད་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། རང་རྒྱལ་གྱི་མི་ཐབས་རིག་ནུས་དེ་ཕན་ལྡན་དང་བདེ་འཇགས། འདྲ་མཉམ་གྱི་ཁ་ཕྱོགས་བརྒྱུད་ནས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བློ་མཐུན་ཀྲིན་ནན་ཉིང་གིས་གནད་དོན་དེའི་ཐད་ནས་གསལ་འགྲེལ་བྱས་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུ་ཡི་བློ་མཐུན་གྱིས་ནན་ཏན་སྒོས་ཉན་པར་མ་ཟད་བགྲོ་གླེང་བྱས།

ཞི་ཅིན་ཕིང་གིས་གསལ་འགྲེལ་དང་བགྲོ་གླེང་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མི་ཐབས་རིག་ནུས་དེ་རབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལག་རྩལ་ཡིན་པའི་ཆ་ནས་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་པས། ཏང་ཀྲུང་དབྱང་གིས་མི་ཐབས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེ་བའི་ལོ་འགའི་རིང་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་བཏང་བ་དང་། བྱ་བའི་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ནས། རང་རྒྱལ་གྱི་མི་ཐབས་རིག་ནུས་ཕྱོགས་བསྡུས་དངོས་ཤུགས་ཀྱི་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག རྨང་གཞིའི་གཞུང་ལུགས་དང་གནད་འགག་སྲོག་ཤིང་ལག་རྩལ་སོགས་ཕྱོགས་སུ་ད་དུང་ཞན་ཆ་དང་མི་འདང་ས་གནས་ཡོད་པས། བར་ཁྱད་ལ་མཐོང་ཆེན་བྱེད་པ་དང་། ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ་མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས། ནུས་སྤྲོད་ཉེར་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་ལྟ་སྐུལ་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱིས་གོ་སྐབས་སྔོན་ལ་དམ་འཛིན་དང་ཁྱད་སྟོབས་ལྡན་པར་བྱེད་ན་ངེས་པར་དུ་རྨང་གཞིའི་གཞུང་ལུགས་དང་བྱེད་ཐབས། ཡོ་བྱད་སོགས་ཕྱོགས་ནས་ཚད་བརྒལ་བྱེད་དགོས་ལ། རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་ངང་ཤུགས་སྣོན་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུ་བྱས་ནས་རྩེར་སོན་ཉིང་ལྷེབ་དང་རྨང་གཞིའི་མཉེན་ཆས་སོགས་སྲོག་ཤིང་ལག་རྩལ་ཐད་དུ་ཐོལ་བརྒལ་བྱེད་པ། རང་བདག་ཚོད་འཛིན་དང་མཐུན་སྦྱོར་འཁོར་སྐྱོད་ཀྱི་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་མཉེན་ཆས་དང་སྲ་ཆས་མ་ལག་འཛུགས་སྐྲུན་བྱེད་དགོས། མི་ཐབས་རིག་ནུས་ཀྱིས་ཚན་ཞིབ་དཔེ་དབྱིབས་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་ཚན་རྩལ་གསར་སྐྲུན་མགྱོགས་མྱུར་ངང་ཚད་བརྒལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་གྱི་གཞི་གྲངས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཐོན་ལས་མ་ལག་འཐུས་ཚང་ཡིན་ཞིང་། བཀོལ་སྤྱོད་མདུན་ལྗོངས་རྒྱ་ཆེ་ལ། ཁྲོམ་རའི་བར་སྟོང་ཧ་ཅང་ཆེ་བས། མི་ཐབས་རིག་ནུས་ཀྱི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་བཀོལ་གྱི་མཐུན་སྦྱོར་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་ཐོན་ལས་བཅོས་སྒྱུར་རིམ་སྤོར་ལ་རོགས་རམ་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་བཏོད་དགོས། རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས་གཞི་གྲངས་ཐོན་ཁུངས་གསར་སྤེལ་བཀོལ་སྤྱོད་དང་སྒོ་འབྱེད་མཉམ་སྤྱོད་གཏིང་ཟབ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་དེ་ལག་རྩལ་གསར་པ་དང་ཁྱབ་ཁོངས་གསར་པ་ཡིན་པའི་ཆ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེ། ཤེས་བྱའི་ཐོན་དབང་དང་ནོར་སྲིད་ཁྲལ་བསྡུ། སྲིད་གཞུང་གི་ཉོ་སྒྲུབ། སྒྲིག་ཆས་སྒོ་འབྱེད་སོགས་ཀྱི་སྲིད་ཇུས་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ནས་ཚན་རྩལ་དངུལ་རྩའི་བྱ་བ་ལེགས་པོར་སྒྲུབ་དགོས། མི་ཐབས་རིག་ནུས་ཀྱི་བརྒྱུད་རིམ་ཡོངས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཡོངས་ཀྱི་ཀུན་ཤེས་སློབ་གསོར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་བྱེད་དགོས། མི་ཐབས་རིག་ནུས་ཀྱི་ཚན་ཞིབ་འགན་སྲུང་དང་ལས་རིགས་རྒྱབ་སྐྱོར། འཇོན་མིའི་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་རིགས་སོ་སོའི་འཇོན་མིས་འཇོན་ཐང་མངོན་པར་སྟེགས་བུ་དང་ཆ་རྐྱེན་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་ཐབས་རིག་ནུས་ཀྱིས་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་སྲིད་ལ། སྔར་བྱུང་མ་མྱོང་བའི་ཉེན་ཁ་དང་འགྲན་སློང་ཡང་བཟོ་སྲིད་པས། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་གནས་བབ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། འབྲེལ་ཡོད་བཅས་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས། བཀོལ་སྤྱོད་ཚད་གཞི། མི་ཆོས་ཚད་གཞི་བཅས་མགྱོགས་མྱུར་ངང་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ། ལག་རྩལ་ལྟ་སྐུལ་དང་ཉེན་ཁའི་སྔོན་བརྡ། འཕྲལ་བསྟུན་དང་ལེན་མ་ལག་འཛུགས་སྐྲུན་བྱས་ནས་མི་ཐབས་རིག་ནུས་བདེ་འཇགས་དང་ཡིད་ཆེས་བྱེད་ཆོག་པ། ཚོད་འཛིན་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་དེ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་རྒྱལ་སྤྱིའི་སྤྱི་ཐུན་ཐོན་རྫས་ཤིག་ཡིན་ཆོག་པས། མི་ཐབས་རིག་ནུས་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་རྩལ་ནུས་པ་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེ། གོ་ལ་ཧྲིལ་བོའི་རིག་ནུས་ཀྱི་བར་ཁྱད་སེལ་བར་ཀྲུང་གོའི་བྱས་རྗེས་འཇོག་དགོས། ཕྱོགས་སོ་སོས་འཕེལ་རྒྱས་འཐབ་ཇུས་དང་བཅོས་སྐྱོང་སྒྲིག་སྲོལ། ལག་རྩལ་ཚད་གཞིར་ཤུགས་སྣོན་བྱེད་པའི་སྦྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ཐུན་མོང་གི་ངོས་འཛིན་ལྡན་པའི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་སྒྲོམ་གཞི་དང་ཚད་ལྡན་གྱི་ཚད་གཞི་གྲུབ་པར་བྱེད་དགོས།


མཉམ་སྤྱོད།