དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལའོ་ཏུང་ཁྲོན་གྱིས་མཚོ་བྱང་ཁུལ་མདོ་ལ་རྫོང་དང་འཇུ་ལག་རྫོང་དུ་རྟོག་ཞིབ་བྱས།

2025-05-09 15:50:56   |   69

རྩོམ་སྒྲིག ཀླུ་མོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ5པའི་ཚེས7ཉིན་ནས་ཚེས8ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལའོ་ཏུང་ཁྲོན་སྔ་རྗེས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དང་འཇུ་ལག་རྫོང་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བ། ཁྱད་ལྡན་ཐོན་ལས་མུ་མཐུད་དུ་རྒྱ་བསྐྱེད་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ཞིག་འབད་པས་བསྐྲུན་དགོས་པ་ནན་གྱིས་བསྟན།

མདོ་ལ་རྫོང་ཨ་མྱེས་སྟོང་སོ་སྒར་འདེབས་རྟེན་གཞི་རུ། ལའོ་ཏུང་ཁྲོན་སྦྲ་གུར་སྒར་ས་དང་སྐྱེ་ཁམས་སྲང་ལམ་དུ་སོང་ནས་རྫོང་ཡོངས་ཀྱི་གནས་སྐོར་འཆར་འགོད་དང་ལྗོངས་ཁུལ་ནུས་པའི་སྒྲིག་བཀོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གནས་སྐོར་བ་དང་ཁ་བརྡ་བྱས་པ་དང་། ཁོ་ཚོའི་ཉམས་ལེན་དང་འོས་སྦྱོར་བརྒྱུད་དེ་མི་མང་པོས་མདོ་ལའི་མཛེས་ལྗོངས་ལ་རྒྱུས་ལོན་ཐུབ་པ་དང་རབ་མཛེས་མཚོ་སྔོན་དུ་ཕེབས་པའི་རེ་བ་བཅངས་ཡོད། ཁོས་བསྟན་དོན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བསྐྱེད་པ་དང་། དམིགས་བསལ་གྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ཀྱི་དགེ་མཚན་སྔོག་འདོན་ཟབ་མོ་བྱས་ཏེ། སྤྱིའི་འཆར་འགོད་ཇུས་འགོད་དང་གནས་སྐོར་ལམ་ཐིག་བསྐྲུན་པར་ཤུགས་སྣོན་པ་དང་། ལྗོངས་ཁུལ་གྱི་བྱེད་ནུས་སྒྲིག་གཞི་སྔར་ལས་ལེགས་བཅོས་བྱེད་པ། དམིགས་བསལ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱེད་པ། ཁུལ་ཁོངས་ཡོངས་ཀྱི་གནས་སྐོར་དང་དུས་བཞིའི་གནས་སྐོར་གྱི་བྱ་བ་ལེགས་པོར་བསྒྲུབ་པ། སྐྱེ་ཁམས་ཀྱི་དགེ་མཚན་ལ་བརྟེན་ནས་གནས་སྐོར་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། གནས་སྐོར་སྤུས་ཀར་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ལྗོངས་ཁུལ་དོ་དམ་གྱི་སྤུས་ནུས་དང་སྤྱིའི་སྣང་བརྙན། ཞབས་ཞུའི་ཕན་ནུས་བཅས་མཐོར་འདེགས་གཏོང་བ། འཛད་སྤྱོད་ཁྲོམ་ར་དང་གནས་སྐོར་ལས་སྒོ་ཕུན་སུམ་ཚོགས་པར་བཏང་སྟེ། གནས་སྐོར་དགོས་མཁོ་སྣ་ཚོགས་སྐོང་བ་དང་། དག་ཞིང་མདོ་ལའི་གནས་སྐོར་ཆས་རྟགས་བསྐྲུན་དགོས།

མདོ་ལ་རྫོང་གི་བརྒྱད་གཅིག་འཁྱག་ཀླུང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་བྱེ་རླུང་ཐང་ལྟ་སྲུང་ས་ཚིགས་སུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་སྐྱེ་ཁམས་ཁོར་ཡུག་དང་འཁྱགས་རོམ་སྲུང་སྐྱོབ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལྟ་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིན་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཆུ་ཁུངས་གསོག་སྐྱིལ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། ས་ཆུ་སྲུང་འཛིན་སོགས་ཀྱི་སྐྱེ་ཁམས་ཕན་ནུས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་རགས་བརྟན་པོར་བསྐྲུན་དགོས། རང་བྱུང་ཁམས་ལ་གོང་བཀུར་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་དང་། མདོ་ལ་རི་བོའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་པར་གཅིག་འདོམས་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཚན་ཞིབ་ཚད་ལེན། རང་བྱུང་སློབ་གསོ། དམངས་ཚིས་ལེགས་སྒྱུར་སོགས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་དགོས།

འཇུ་ལག་རྫོང་གི་རྒྱལ་ཁབ་དེང་རབས་ཐོན་ལས་གླིང་གི་ཞིང་ཕྱུགས་ལས་ཚད་ལྡན་ཅན་གྱི་རྟེན་གཞི་རུ། ལའོ་ཏུང་ཁྲོན་སྔ་རྗེས་སུ་མཚོ་སྔོན་ཁྲིན་ཁོན་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་དབྱང་ཁྲོན་སྦི་རག་ཚད་ཡོད་སྤྱི་གཉེར་ཁང་དུ་སོང་ནས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བརྗེ་རེས་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ཐོན་ལས་འཕེལ་རྒྱས། ཞིང་སྐྱོར་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པ་དེ་བརྟེན་སར་བྱེད་པ་དང་། ནས་དང་སྣུམ་ཚལ། ནོར་གནག་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། གསར་གཏོད་གསར་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པར་སྐུལ་འདེད་གཏོང་བ། ཕྲེང་སྦྲེལ་ལ་ཁ་གསབ་དང་ཇེ་རིང་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་ཕྱུགས་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་གཙོ་ཁྲིད་ཁེ་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཆས་རྟགས་མགྱོགས་མྱུར་ངང་བསྐྲུན་པ། ཞིང་འབྲེལ་ཞིང་ཁྲིད་རྐྱེན་སྲོལ་འཐུས་ཚང་ཞིག་བཙུགས་ཏེ། ཞིང་ཕྱུགས་ལས་ཀྱི་སྤུས་འདེགས་ནུས་འཕར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་སྲ་བརྟན་གཏོང་བ་དང་། ཕྱོགས་ཡོངས་ནས་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།


མཉམ་སྤྱོད།