དེ་རིང་ནི2025ལོའི་ཟླ05པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གྲོས་ཚོགས་འདིའི་མགོ་ཚུགས་མཛད་སྒོར་ཞུགས།

2025-05-14 09:27:33   |   56

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་། 


图片1.png

སྤྱི་ཟླ5པའི་ཚེས13ཉིན་གྱི་སྔ་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་གནང་བ་དང་འབྲེལ་གཙོ་དོན་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ཏེ་ལས་གྲྭ་ཆེན་པོ་ལྔ་སྤེལ་མགོ་ཚུགས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་འཚོལ་ཞིབ་བྱས་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་བ་རེད།

རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་། ལ་ཏིང་མེ་གླིང་། ཅ་ལེ་པེའི་རྒྱལ་ཁབ་བཅས་ཀྱི་རྒྱལ་དར་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་སྒྲིག་འཛུགས་ཀྱི་དར་ཆ་བཅས་བཀྲག་མདངས་རབ་ཏུ་འཚེར་བཞིན་མཆིས།

 ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་། པ་ཙེར་གྱི་ཙུང་ཐུང་ལུའུ་ལ། ཆི་ལིའི་ཙུང་ཐུང་པོ་ལི་ཆི། ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ། དེ་བཞིན་ས་ཁུལ་སྒྲིག་འཛུགས་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་ཐུན་མོང་ཐོག་དྲན་རྟེན་མཉམ་པར་བསྐྱོན་གནང་ཡོད་པ་རེད།

 སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་མགོ་བརྗོད་དུ《ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་གཏོད་》ཅེས་པའི་གཙོ་དོན་གསུང་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས། སྤྱི་ལོ2015ལོར། ང་རང་ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ་ཀྱི་འཐུས་མི་དང་མཉམ་དུ་པེ་ཅིང་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྐབས་དང་པོའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་བཙུགས་པའི་ཁྱབ་བསྒྲགས་ཞུས་པ་ཡིན། ལོ་10ཡི་རིང་ཕྱོགས་གཉིས་པོས་གཉེར་སྐྱོང་ཞིབ་ཚགས་བྱས་པར་བརྟེན། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དེ་མྱུ་གུ་ཆུང་ཆུང་ཞིག་ནས་སྡོང་པོ་ཆེན་པོ་ཞིག་ཏུ་འཚར་ལོངས་བྱུང་ཡོད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ། ལ་ཏིང་མེ་གླིང་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། ཕྱོགས་གཉིས་པོས་དཔའ་ངར་ཆེན་པོས་འགྲན་སློང་གི་མདུན་དུ་ལངས་ནས་མཉམ་ལས་མཉམ་རྒྱལ་ཡོང་བ་བྱས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས། ཉོ་ཚོང་དང་། མ་འཇོག དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པ་དང་། ཕྱོགས་གཉིས་པོས་ཕན་ཚུན་རོགས་རམ་དང་དཀའ་ངལ་མཉམ་བསད་བྱས་ཏེ་གནོད་འགོག་གེགས་སེལ་དང་། རོགས་སྐྱོབ་མཉམ་ལས་ཧུར་ཐག་བྱས་ཐོག་རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་རང་བྱུང་གི་གནོད་འཚེ་དང་དུས་རབས་ཀྱི་རིམས་ནད་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ། ཕྱོགས་གཉིས་པོས་མཐུན་སྒྲིལ་མཉམ་ལས་དང་འགན་འཁུར་ཕོད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་སྣེ་མང་ཅན་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་ནི་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཟིན་པ་དང་། དེའི་མངོན་གསལ་དོད་པའི་རྨང་གཞི་ནི་ཕན་ཚུན་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ་དང་། དེའི་སྒུལ་ཤུགས་ཆེན་པོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ། ཁོག་རྒྱ་དང་གཤིས་རྒྱུད་ནི་སྒོ་དབྱེ་ཁོག་ཡངས་ཡིན་པ། རྩ་བའི་དོན་གཉེར་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཡིན་པས། དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་དང་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་ཡོད་པ་དོན་དངོས་ཐོག་ར་སྤྲོད་བྱུང་ཡོད་ཅེས་ནན་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འགྲོ་བ་དང་བསྟུན་ཉེན་ཁ་མང་པོ་མཉམ་དུ་གནས་ཡོད་པས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ། སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མཁན་ཡོང་མི་སྲིད། བཙན་ཤེད་བཙན་བདག་གིས་རང་ཉིད་ཁེར་རྐྱང་དུ་ལུས་སྲིད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ་ཚང་མ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རང་བཙན་རང་བདག་ནི་ང་ཚོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡིན་པ་དང་། དར་རྒྱས་གཏོང་རྒྱུ་ནི་ང་ཚོའི་ལྷན་སྐྱེས་ཀྱི་ཁེ་དབང་ཞིག་ཡིན་པ། དྲང་གཞག་དྲང་བདེན་ནི་ང་ཚོའི་ཐུན་མོང་ཐོག་དོན་གཉེར་བྱ་ཡུལ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ནས་ལས་གྲྭ་ཆེན་པོ་ལྔ་སྤེལ་འགོ་འཛུགས་རྒྱུ་དང་། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་འཚོལ་ཞིབ་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་འདོད་ཡོད་ཅེས་ནན་གསུང་གནང་བ་སྟེ།

གཅིག་ནི་མཐུན་སྒྲིལ་ལས་གྲྭ་ཡིན། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་བྱ་དོན་ཐད་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཐུན་མོང་གི་འབོད་སྒྲ་འདོན་དགོས། འབྱུང་འགྱུར་ལོ་གསུམ་ནང་། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་ཏང་ལས་བྱེད་པ300ཀྲུང་གོར་རྟོག་ཞིབ་དང་འཚམས་འདྲི་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན།

གཉིས་ནི་འཕེལ་རྒྱས་ལས་གྲྭ་ཡིན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བརྟན་པོ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་པ། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱ་དགོས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏེང་མེ་གླིང་གི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ལ་ཏེང་མི་གླིང་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ།

གསུམ་ནི་ཤེས་དཔལ་ལས་གྲྭ་ཡིན། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་མགོ་ཐུན་མོང་ཐོག་དོན་འཁྱོལ་བྱས་ནས་འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ་བཙུགས་ནས་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་དགོས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་དུ་བཏང་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གཉེར་རྒྱུ་ཡིན་པ།

བཞི་ནི་ཞི་བདེའི་ལས་གྲྭ་ཡིན། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་ཐུན་མོང་ཐོག་དོན་འཁྱོལ་བྱས་ཏེ་གནོད་འཚེ་བཅོས་སྒྲིག་དང་། དྲ་རྒྱའི་བདེ་འཇགས། འཇིགས་སྐུལ་ལ་ངོ་རྒོལ། རུལ་སུངས་ལ་ངོ་རྒོལ། དུག་འགོག རྒྱལ་ཁོངས་ལས་བརྒལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱ་དགོས་པ།

ལྔ་ནི་དམངས་སེམས་ལས་གྲྭ་ཡིན། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ལ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་སྤྲོད་ཡུལ་མིང་ཐོབ3500དང་། ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་མིང་ཐོབ་ཁྲི1 རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་ཡུལ་མིང་ཐོབ500 དབུལ་པོ་ཉུང་དུ་གཏོང་བའི་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྦྱོང་མིང་ཐོབ300 རྒྱ་སྐད་སྦྲེལ་ཟམ་རྣམ་གྲངས་ཀྱི་ཀྲུང་གོར་ཡོང་བའི་ཚོགས་པའི་མིང་ཐོབ1000བཅས་མཁོ་འདོན་བྱེད་པ། ཆུང་ཞིང་མཛེས་པའི་དམངས་འཚོའི་རྣམ་གྲངས300ལག་བསྟར་བྱས་ནས་ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱ་ཡིག་སློབ་གསོ་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མར་ལ་ཏིང་མེ་གླིང་དང་ཅ་ལེ་པེ་ས་ཁུལ་གྱི་རྒྱལ་ཁབ་ལྔ་ལ་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་འབྲེལ་སྐབས་བསྟུན་དུ་ས་ཁུལ་དང་རྒྱལ་ཁབ་ལ་ཁྱབ་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པེའི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་བྱེད་པ་དང་། ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་རང་རང་སོ་སོའི་དེང་རབས་ཅན་གྱི་ལམ་བུའི་ཐོག་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་། པ་ཙིར་གྱི་ཙུང་ཐུང་ལུའུ་ལ། ཆི་ལིའི་ཙུང་ཐུང་པོ་ལི་ཆི། གསར་སྤེལ་དངུལ་ཁང་གསར་པའི་འགོ་འཛིན། པ་ཙིར་གྱི་ཙུང་ཐུང་ཟུར་པ་ལུའོ་སའེ་ཧྥུ་བཅས་ཀྱིས་ཁག་སོ་སོར་གསུང་བཤད་གནང་བ་རེད། ལ་ཏིང་མེ་གླིང་གི་གཅིག་མཐུན་ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་སྒུག་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིའི་དམིགས་བསལ་འཐུས་མིས་ཙུང་ཐུང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཡོད་ཅིང་། ཁོང་ཚོས་ལ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་ཀྱི་ལོ10ཡི་འཕེལ་རྒྱས་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དང་།

ལ་ཏིང་མེ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་རེད། ཕྱོགས་ཁག་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་བསྐྱར་བཤད་བྱས་པ་དང་། ཕྱོགས་ཁག་གིས། ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་འཛམ་གླིང་ལ་ཞི་བདེ་དང་། དར་རྒྱས། མདུན་སྐྱོད་བཅས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད་ཅེས་བརྗོད་ཡོད།

ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་གི་མདུན་དུ་ལ་ཏིང་མེ་གླིང་དང་ཀྲུང་གོས་ལག་གདང་སྦྲེལ་ནས་མཉམ་ལས་དང་། ཕྱར་བ་གྲུ་འདེགས་བྱས་ཏེ་ལ་ཏིང་མེ་གླིང་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་ལ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་བྱས་ཏེ་ཕ་རོལ་ནས་བདག་དབང་སྲུང་སྐྱོང་དང་རང་བདག་གི་འཕེལ་རྒྱས་འགྲོ་ལམ་འདེམས་རྒྱུར་རྒྱབ་སྐྱོར་བརྟན་པོ་བྱ་དགོས་པ། ལ་ཏིང་མེ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉོ་ཚོང་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད། ཞིང་ལས། ཚན་རྩལ། ནུས་རྒྱུ་གསར་པ། སློབ་གསོ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གཉིས་ཕན་གཉིས་རྒྱལ་ཡོང་བ་བྱ་དགོས་པ། ཤེས་དཔལ་ལྡན་པའི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་བཏང་ནས་ལ་ཏིང་མེ་གླིང་དང་ཀྲུང་གོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་ཟབ་ཏུ་གཏོང་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བརྟན་པོ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། བཙན་དབང་ཆབ་སྲིད། བཙན་ཤེད་བྱ་སྤྱོད་བཅས་ལ་ངོ་རྒོལ་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་དགོས་ཀྱི་ཡོད་པ་རེད།

ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་གིས་ཚོགས་ཞུགས་ལ་ཏིང་མེ་གླིང་ཕྱོགས་ཀྱི་མགོ་ཁྲིད་པ་དང་འཐུས་མི་ཚོགས་པ་ཁག་གི་ཚོགས་གཙོ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད་པ་རེད། །


མཉམ་སྤྱོད།