དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་དང་མཇལ་འཕྲད་གནང་།

2025-05-15 09:03:10   |   17

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5པའི་ཚེས14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྐབས་བཞི་པའི་པུ་ཀྲང་རིམ་པའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་མཇལ་འཕྲད་གནང་ཡོད།

微信图片_20250515091013.jpg

      ཞི་ཅིན་ཕིང་གིས། ཁོ་ལོམ་པི་ཡ་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཕན་གྱི་ལྟ་ཕྱོགས་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ལྟ་སྟངས་འཛིན་གྱི་ཡོད། ད་ལོ་ནི་ཀྲུང་གོ་དང་ཁོ་ལིམ་པི་ཡའི་དབར་ཕྱི་འབྲེལ་འཛུགས་ནས་ལོ་ངོ45འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག ཀྲུང་གོས་ཁོ་ལོམ་པི་ཡ་དང་ལྷན་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་གྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱ་དགོས། ཁོ་ལོམ་པི་ཡ་ཉིད་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་ཁྱིམ་ཚང་ཆེ་མོའི་ནང་དངོས་སུ་ཞུགས་པ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་རིམ་པ་སྤོར་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཁོ་ལོམ་པི་ཡའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་དང་། ཀྲུང་གོའི་ཁེ་ལས་ཁོ་ལོམ་པི་ཡར་བསྐྱོད་ནས་མ་འཇོག་ལས་དར་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་འདོད་ཡོད། ཕྱོགས་གཉིས་པོས་རླུང་ནུས་དང་། ནུས་རྒྱུ་གསར་པའི་རླངས་འཁོར། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་རྒྱ་སྐྱེད་བཏང་ནས། མཉམ་དུ་ལྗང་མདོག་ཐཱན་ཉུང་གི་བརྗེ་སྒྱུར་ཐུབ་པ་བྱེད་དགོས། ཕྱི་འབྲེལ་བཙུགས་ནས་ལོ་ངོ45འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་དགོས་པ་དང་། སློབ་གསོ་དང་། རིག་གནས་། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མཛའ་བཤེས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།

      ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཉམ་ལས་ནི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཉམ་ལས་བྱེད་པའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་ལ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་མོ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པ་མ་ཟད། ཀྲུང་གོ་དང་ལ་ཏིང་མེ་གླེང་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུ་ཀྲང་རིམ་པའི་གྲོས་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས། འཛམ་གླིང་ལ་ཐུན་མོང་ཐོག་གོང་འཕེལ་དང་དར་རྒྱས་བརྩོན་ལེན་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད། ཁོ་ལོམ་པི་ཡ་ནི་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ད་ཐེངས་ཀྱི་གྲོས་ཚོགས་བདེ་བླག་ངང་གཉེར་ཐུབ་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་ཁོ་ལོམ་པི་ཡ་ཚུད་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་དང་ལྷན་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་དང་དངོས་གཉེར་གྱི་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཐོག ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

      ཕེ་ཐེ་ལུའོ་ཡིས། ཁོ་ལོམ་པི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་བཤེས་བཟང་པོ་ནི་སྔོན་མོའི་ཆུ་ལས་རིང་བ་ཡོད་ཅིང་། ཁོ་ལོམ་པི་ཡའི་ཕྱོགས་ནས་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏིང་ཟབ་གཏོང་རྒྱུའི་རེ་སྒུག་ཞུ་བཞིན་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཉོ་ཚོང་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ་གསར་པ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་བཏང་ནས། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་དགོས། མིག་སྔར། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ་པའི་བྱེད་སྟངས་དེས་འཛམ་གླིང་ལ་གནོད་སྲིད་པས། རྒྱལ་ཁབ་ཁག་དབར་མཐུན་སྒྲིལ་བྱས་ནས་དེར་ཁ་གཏད་གཅོག་དགོས། ཁོ་ལོམ་པི་ཡས་ཀྲུང་གོ་དང་ལྷན་དུ་གཞོགས་འདེགས་དམ་ཟབ་བྱེད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་འདོད་ཡོད་ཅེས་བསྟན་ཡོད།

      མཇལ་འཕྲད་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་21ཀྱི་མཚོ་ཐོག་དར་གོས་ལམ་བུའི་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་འགོད》ལ་བདེན་དཔང་དང་མཚན་རྟགས་བཀོད་ཡོད།

      ཝང་དབྱི་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད།


མཉམ་སྤྱོད།