དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་སྲོལ་ཡིག》དཔར་འགྲེམ་བྱས།

2025-05-15 09:36:43   |   374

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཀྲུང་གོའི་སྲིད་གཞུང་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དཔར་འགྲེམ་བྱས་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲོལ་ཡིག་གཞིར་བཟུང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་བ་དང་། དུས་རབས་གསར་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་ཆ་ཚང་དུ་གཏོང་བ་བཅས་བྱས་ཡོད་པས། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་སུ་དོན་སྙིང་གལ་ཆེན་ལྡན་ཡོད།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》སློབ་སྦྱོང་ལག་བསྟར་ནན་ཏན་དང་། དྲིལ་བསྒྲགས་གསལ་འགྲེལ་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ནན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་ལམ་ལུགས་ཀྱི“སྣ་ཐིག”འདི་དམ་པོར་འཛིན་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ནན་པོའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། བདེན་འདོན་མཁྲེགས་གཏུག་བྱེད་ཕོད་པ། རྒྱུན་མཐུད་ངང་གནད་དོན་ཤེས་རྟོགས་དང་། ནན་ཏན་སྒོས་གནད་དོན་ཐག་གཅོད་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་གྲོས་མགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས།


མཉམ་སྤྱོད།