དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་ཁ་པར་བཏང་།

2025-06-20 15:16:08   |   240

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁ་པར་བཏང་ནས་གཙོ་བོ་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་།

ཕུའུ་ཅིང་གིས་མིག་སྔའི་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་ཨུ་རུ་སུ་ཕྱོགས་ཀྱི་ལྟ་ཚུལ་བརྡ་ཁྱབ་བཏང་བ་དང་། དབྱི་སི་རལ་གྱིས་དབྱི་རན་གྱི་ཉིང་རྡུལ་སྒྲིག་བཀོད་ལ་འཇབ་རྒོལ་བྱེད་པར་ཉེན་ཁ་ཧ་ཅང་ཆེ་བ་དང་གདོང་ཐུག་ཛ་དྲག་ཏུ་འགྲོ་བ་དེ་ཕྱོགས་གང་ཞིག་གི་ཁེ་ཕན་དང་ཡང་མཐུན་གྱི་མེད་ཅིང་། དབྱི་རན་གྱི་ཉིང་རྡུལ་གནད་དོན་དེ་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཐག་གཅོད་བྱ་དགོས། གདོང་ཐུག་ཕྱོགས་གཉིས་པོས་རྒྱལ་ཁབ་གསུམ་པའི་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་དགོས། མིག་སྔའི་དུས་བབ་ད་དུང་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་དམ་ཟབ་བྱས་ཏེ། དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ཐུན་མོང་ཐོག་འབད་བརྩོན་ཧུར་ཐག་བྱེད་པ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་དང་འབྲེལ་མིག་སྔའི་དབུས་ཤར་ས་ཁུལ་གྱི་དུས་བབ་ཧ་ཅང་ཉེན་ཁའི་གནས་སུ་གྱར་བ་དེས་འཛམ་གླིང་གཡོ་འགུལ་གྱི་དུས་སྐབས་གསར་པར་སླེབས་པ་སླར་ཡང་ར་སྤྲོད་བྱས་ཡོད། གལ་ཏེ་གདོང་ཐུག་སྔར་བས་ཇེ་སྡུག་ཕྱིན་ཚེ། གདོང་ཐུག་ཐོན་པའི་ཕྱོགས་གཉིས་ཀར་གྱོང་གུན་ཆེན་པོ་ཕོག་རྒྱུ་མ་ཟད། ས་ཁུལ་གྱི་རྒྱལ་ཁབ་ལའང་གནོད་འཚེ་ཚབས་ཆེན་བཟོ་རྒྱུ་རེད། མིག་སྔའི་གནས་ཚུལ་ལ་དམིགས་ནས་ང་རང་ནས་འདོད་ཚུལ་བཞི་འདོན་རྒྱུ་ཡིན་ཏེ།

དང་པོ། དམག་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན། དྲག་ཤུགས་ནི་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་པའི་ཡང་དག་པའི་བྱེད་ཐབས་ཤིག་མིན་པས། དེས་འཁོན་འཛིན་དང་འགལ་ཟླ་ཇེ་དྲག་ཏུ་གཏོང་སྲིད། གདོང་ཐུག་སློང་མཁན་ཕྱོགས་དང་ལྷག་པར་དུ་དབྱི་སི་རལ་གྱིས་གང་མགྱོགས་དམག་མཚམས་འཇོག་དགོས་པ་དང་། དུས་བབ་རིམ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུར་སྔོན་འགོག་བྱས་ནས། དམག་འཁྲུག་རྒྱ་ཇེ་ཆེར་འགྲོ་བ་ལས་མཐའ་གཅིག་ཏུ་གཡོལ་དགོས།

གཉིས་པ། མི་སེར་གྱི་བདེ་འཇགས་འགན་སྲུང་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན། དུས་གང་ཞིག་ཡིན་རུང་དམག་དོན་གདོང་ཐུག་ཁྲོད་མི་སེར་ལ་སྲུང་སྐྱོང་བྱེད་པའི་དམར་ཐིག་ལས་བརྒལ་མི་རུང་བ་དང་། དབྱེར་མེད་དྲག་ཤུགས་བྱ་སྤྱོད་ཀྱང་དེ་བས་དང་ལེན་བྱ་ཐབས་མེད། གདོང་ཐུག་སློང་མཁན་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས། ཉེས་མེད་མི་སེར་ལ་མཐའ་གཅིག་ཏུ་གནོད་འཚེ་མི་ཕོག་པ་བྱེད་པ་དང་འབྲེལ་རྒྱལ་ཁབ་གསུམ་པའི་སྤྱི་དམངས་ཕྱིར་འཐེན་བྱ་རྒྱུར་སྟབས་བདེ་མཁོ་འདོན་བྱ་དགོས།

གསུམ་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་ནི་རྩ་བའི་ཐར་ལམ་ཡིན། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ནི་ཡུན་རིང་གི་ཞི་བདེ་མངོན་འགྱུར་ཡོང་བའི་ཡང་དག་པའི་ཐབས་ལམ་ཡིན། ཆབ་སྲིད་ཐོག་ནས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོར་འགྱུར་བ་མི་གཏོང་བ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་དབྱི་རན་གྱི་ཉིང་རྡུལ་གནད་དོན་སླར་ཡང་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་པའི་བགྲོད་ལམ་ཐོག་ལོག་རྒྱུར་སྐུལ་འདེད་གཏོང་དགོས།

བཞི་པ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཞི་བདེ་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ནི་མེད་དུ་མི་རུང་བ་ཞིག་ཡིན། དབུས་ཤར་བརྟན་ལྷིང་མིན་ཚེ། གནམ་འོག་ཞི་བདེ་ཡོང་མི་སྲིད། དབྱི་སི་རལ་དང་དབྱི་རན་གྱི་གདོང་ཐུག་ལས་དབུས་ཤར་ས་ཁུལ་གྱི་ཛ་དྲག་དུས་བབ་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོའི་བདེ་འཇགས་ལའང་ཕོག་ཐུག་ཚབས་ཆེན་ཕོག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་གདོང་ཐུག་སློང་མཁན་ཕྱོགས་ལ་དམིགས་བསལ་ཤུགས་རྐྱེན་ཐེབས་ཐུབ་པའི་རྒྱལ་ཁབ་ཆེན་པོས་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་འབད་བརྩོན་བྱེད་དགོས་པ་ལས་དེ་ལས་ལྡོག་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེའི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱ་དགོས་པ་བཅས་ཡིན་ཞེས་གསུངས་ཡོད། 

ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ནས་མུ་མཐུད་དུ་ཕྱོགས་ཁག་བར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཀུན་ཤུགས་གཅིག་སྒྲིལ་དང་དྲང་བདེན་གཙོ་སྐྱོང་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུའི་བར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་མོས་མཐུན་གནང་ཡོད།


མཉམ་སྤྱོད།