དེ་རིང་ནི2025ལོའི་ཟླ07པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་ཚོགས་མགོ་བརྩམས།

2025-07-09 10:18:51   |   52

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ་བདུན་པའི་ཉི་འོད་དང་ལྷན་དུ་རྩེན་པའི་ལུས་རྩལ་འགྲན་སྡུར། དབྱར་མགོ་བའི་བསིལ་རླུང་དང་ལྷན་དུ་འགྲོགས་པའི་ལང་ཚོའི་ཟིལ་ཤུགས། ཟླ7པའི་ཚེས8ཉིན། “ལུས་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད། ལང་ཚོའི་རྩལ་ནུས་ཀུན་ལ་ངོམ།”ཞེས་པ་བརྗོད་དོན་ཡིན་པའི་མཚོ་བྱང་ཁུལ་གྱི་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་ནུབ་མཚོ་ལུས་རྩལ་ར་བར་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་ཀོ་ཆིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སི་ཅི་ཧྲེན།  དེ་བཞིན་ཁུལ་གྱི་མགོ་ཁྲིད་ཀྲའོ་ཧའེ་ཕིང་དང་ཀྲང་ཐའོ། ལི་ཞུས་ཀྲེན། ཝན་བཀྲ་ཤིས་དོན་གྲུབ།  ཝང་ཞིན་ཧུའེ། ཧྭ་ཝུན་ཞུག ཁྲང་ལིན། པོ་ཀྲིན་ཆིན། ཝུའུ་ཧྲུའུ་རུང་། ཞོ་རོས་ཞིན་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཀྲང་ཐའོ་ཡིས་མགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་ཧྭ་ཝུན་ཞུག་གིས་ཤིས་ཚིག་ཕུལ།

མགོ་རྩོམ་མཛད་སྒོའི་ཐོག་ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་དམ་བཅའ་བཞག་པ་དང་།  མདའ་བཞི་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་འཁྲབ་སྟོན་བྱས་པའི་ཞབས་བྲོ《འགུལ་སྣང་སྟོང་གི་གཞོན་ནུའི་ཚོགས》དང་མདའ་བཞི་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་འཁྲབ་སྟོན་བྱས་པའི་ཐང་ཆེན་ཞབས་བྲོ《མདུན་སྐྱོད་ཀྱི་ལང་ཚོ།》མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོས་འཁྲབ་སྟོན་བྱས་པའི་ཞབས་བྲོ《སྤྲོ་སྣང་གི་ཟིལ་ཤུགས》བཅས་ཀྱིས་མགོ་རྩོམ་མཛད་སྒོར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གྱི་ལེགས་སྐྱེས་ཕུལ།

རྒྱུས་ལོན་བྱུང་པ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན3ཡིན་པ་དང་། སྐྱེས་པ་དང་སྐྱེས་མའི་ན་གཞོན་ཚན་ཆུང་དང་གཞོན་ནུའི་ཚན་ཆུང་། བྱིས་པའི་ཚན་ཆུང་། དགེ་རྒན་དང་ལས་བཟོ་པའི་འགྲན་སྡུར་བཅས་ཡོད། ཁུལ་ཡོངས་ཀྱི་རྫོང་བཞི་ནས་ཡོང་བའི་འཐུས་ཚབ་རུ་ཁག9དང་ལུས་རྩལ་པ800ལྷག་ཙམ་རྐང་རྒྱུག་དང་མཐོ་ལྡིང་། རྒྱང་ལྡིང་། ཁྲོ་རྡོ་སོགས་རྣམ་གྲངས31གི་འགྲན་སྡུར་ནང་ཞུགས་རྒྱུ་རེད།

ཐེངས་འདིའི་སློབ་མའི་ལུས་རྩལ་འགྲན་སྡུར་སྤེལ་བ་ནི་མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ལུས་རྩལ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ལག་ལེན་གཙོ་བོ་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་དམ་ཟབ་བྱས་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། འདི་ནི་མཚོ་བྱང་ཁུལ་གྱི་སློབ་གྲྭའི་ལུས་རྩལ་བྱ་བའི་གྲུབ་འབྲས་དང་སློབ་མའི་ལུས་ཕུང་བྱང་ཚད་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ཞིབ་བཤེར་བྱེད་སྟངས་གལ་ཆེན་ཞིག་ཡིན་པར་མ་ཟད། རྫོང་སོ་སོའི་སློབ་གསོའི་གྲུབ་འབྲས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས་རྫོང་སོ་སོས་མི་འདང་ཞན་ཆ་གསབ་ནས་སློབ་གསོའི་སྤུས་ཚད་ཐུན་མོང་ཐོག་མཐོར་འདེགས་སུ་བཏང་སྟེ་མཚོ་བྱང་ཁུལ་གྱི་སློབ་གསོའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཆེན་པོ་ལྡན་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་བྱང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་དང་སློབ་གྲྭའི་ལུས་རྩལ་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་ཚད་མཐོའིའཐབ་ཇུས་བཞག་སྟེ་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀུན་སྤྱོད་མི་གཞི་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་དེར་དམ་པོར་དམིགས་ནས་སློབ་གྲྭའི་ལུས་རྩལ་དེ་ཀུན་སྤྱོད་དང་རིག་གནས། ལུས་སྦྱོང་། མཛེས་རྩལ། ངལ་རྩོལ་གྱི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཏུ་བརྩིས་ནས་མ་ལག་ལྡན་པའི་འཆར་འགོད་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། རིམ་རྩིས་བྱས་ན་སྒོར་དུང་ཕྱུར6.58བཏང་ནས་ནུས་ཤུགས་ཡོད་རྒུས་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། རྒྱལ་ཡོངས་གཞོན་ནུ་ལོ་ཆུང་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་ལྡན་པའི་སློབ་གྲྭ14དང་ཞིང་ཆེན་རིམ་པའི་མདའ་འཕེན་རྣམ་གྲངས་ཚོད་ལྟའི་སློབ་གྲྭ1འབུར་དུ་བཏོན་ནས་མཚོ་བྱང་ཁུལ་གྱི་ལུས་རྩལ་སློབ་གསོའི་ཚད་གཞི་དང་དཔེ་སྟོན་དུ་གྱུར། ཕུལ་བྱུང་རྩོམ་པ་པོ་ཆུང་ཆུང33རྒྱལ་ཁབ་ཀྱི“སྙིང་སྟོབས་ཆེན་པོའི་འཆར་གཞིའི”རྗེས་གྲབས་ཤེས་ལྡན་མི་སྣའི་བང་མཛོད་དུ་བདམས། ཆོས་དབྱིངས་སྐྱིད་དང་མཚོ་མོ་སྐྱིད་སོགས་ཕུལ་བྱུང་ལུས་རྩལ་པ་ཚོས་ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སོགས་རྩེར་སོན་འགྲན་སྡུར་ཁྲོད་གསེར་དང་དངུལ་གྱི་རྟགས་མ་བླངས་པ་དང་ཕུལ་བྱུང་ལུས་རྩལ་པ་ཁག་ཅིག་གིས་དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུ་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་ལ་བརྟེན་ནས་ངོ་མཚར་བའི་གཏམ་རྒྱུད་མང་པོ་བྲིས་ཟིན།


མཉམ་སྤྱོད།