དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མེ་ཟོན་ལས་རེས་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ལ་འཚམས་འདྲི་གནང་།

2025-08-03 12:17:51   |   363

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ8པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་བཅངས་ནས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་། དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག མཚོ་བྱང་ཡན་ལག་དམག་ཁུལ་ཁང་བཅས་སུ་ཕྱིན་ནས་ལས་རེས་ལས་སྒྲུབ་གྱི་གྲ་སྒྲིག་བྱེད་མཁན་མེ་ཟོན་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་བླ་ན་མེད་པའི་གུས་འདུད་ཞུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་གཤིན་ས་དང་། “ས་མཐོའི”སྙིང་སྟོབས་རྒྱུན་འཛིན་བྱེད་ས། ཀྲུང་གོའི་བཟོ་ཞིང་དམར་དམག་གི་ནུབ་ལམ་དམག་དཔུང་གིས་འཐབ་འཛིང་བྱེད་པའི་ས་གནས་ཤིག་ཡིན་ཞིང་། བཅའ་སྡོད་དམག་དཔུང་གིས་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཁག་ཏུ་ལས་འགན་གལ་ཆེན་འཁུར་ཡོད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་དམག་དཔུང་གི་འཕེལ་རྒྱས་དང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ནས་རྒྱ་ཆེའི་དཔོན་དམག་དང་དེ་བཞིན་ཁོང་ཚོའི་ཁྱིམ་མིའི་སེམས་ཁྲལ་སེལ་རྒྱུ་ཡིན་ཟེར།

000001.jpg

ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ“ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་སྟོད” ཀྱི་འབྲུབ་འགོག་གེགས་སེལ་གྱི་འགག་རྩའི་དུས་སྐབས་ཀྱི་མེ་ཟོན་བཀོད་འཐབ་པའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་མེ་ཟོན་བཀོད་འདོམས་པ་ཚོས“དཀའ་ངལ་གདོང་གིས་བསུ་བའི”ལྷག་བསམ་རྣམ་དག་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་། ཁོང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་རེད། མེ་ཟོན་འཐབ་འཛིང་པས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱས་ཏེ་འཇོན་ནུས་སྦྱོང་བརྡར་དང་། འགག་རྩའི་དུས་སུ་སྦྱོང་བརྡར་དོན་ཐོག་ཏུ་འབབ་ཐུབ་པ་དང་མདུན་སྐྱོད་བྱེད་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་བདེ་པོ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད་ཟེར།

དྲག་ཆས་ཉེན་རྟོག་མཚོ་བྱང་ཉིང་ལག་རུ་ཁག་ཏུ། དྲག་ཆས་ཉེན་རྟོག་དཔོན་དམག་གི་སྦྱོང་བརྡར་དང་སློབ་སྦྱོང་། འཚོ་བའི་བྱ་ཡུལ་བཅས་ལ་གཟིགས་ཞིབ་གནང་ནས་སྦྱོང་བརྡར་ཚན་པ་དང་སློབ་གསོ་དོ་དམ་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ས་གནས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་བྱེད་སྒོ་གལ་ཆེན་ནང་། དྲག་ཆས་ཉེན་རྟོག་དཔོན་དམག་གིས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་བྱས་ཤིང་། དྲག་ཆས་ཉེན་རྟོག་དཔོན་དམག་གིས་དྲག་ཆས་ཉེན་རྟོག་དཔུང་སྡེས221རྟེན་གཞི་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་སྔོག་འདོན་ཤུགས་ཆེན་བྱས་ཏེ། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་རྒྱུན་མཐུད་ངང་ཕུན་སུམ་ཚོགས་པར་བཏང་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། མུ་མཐུད་སྦྱོང་བརྡར་བྱས་པ་བརྒྱུད་དཔུང་སྡེའི་འཐབ་ནུས་ཆེ་རུ་གཏོང་བ་དང་ཉམས་སད་ཐེག་ཐུབ་པའི་དམག་དོན་བྱང་ཚད་མངོན་པར་བྱས་ཏེ། ལྷག་བསམ་རྣམ་དག་དང་ཉམས་སད་ཐེག་ཐུབ་པའི་འགན་འཁྲི་འཁུར་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དུས་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

000002.jpg

མཚོ་བྱང་ཡན་ལག་དམག་ཁུལ་དུ་དཔུང་སྡེའི་དཔོན་དམག་དང་བརྗེ་རེས་གཏིང་ཟབ་བྱས་ནས་དཔུང་སྡེའི་དམག་གྲབས་ལས་སྒྲུབ་སོགས་ཀྱི་རྒྱུན་གཏན་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། དུས་ཡུན་རིང་པོའི་ནང་། ཁུལ་ཏུ་སྡོད་པའི་དཔོན་དམག་གིས་ཁུལ་ཡོངས་ཀྱི་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ། ཉེན་སེལ་གེགས་སེལ་གྱི་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་། འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད། དམག་དམངས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་རྒྱུན་གཏན་ལག་ལེན་ཁྲོད་མངོན་གསལ་དོད་པོའི་སྟོབས་ཤུགས་བཏོན་ཡོད། ས་མཐོའི་སྙིང་སྟོབས་འགྲེམས་སྟོན་ཁང་མུ་མཐུད་དུ་བེད་སྤྱོད་ཡག་པོ་བྱེད་པ་དང་། དཔུང་སྡེའི་ཐོན་ཁུངས་དང་སྟེགས་བུའི་ལེགས་ཆ་འདོན་སྤེལ་བྱེད་པ། བཅིངས་འགྲོལ་དམག་གིས221རྟེན་གཞིར་ཕུལ་བའི་ལེགས་སྐྱེས་སྔོག་འདོན་ཤུགས་ཆེན་བྱེད་པ། མཚོ་བྱང་གིས་རྒྱལ་སྲུང་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ཕུན་སུམ་ཚོགས་པའི་ནང་དོན་མཁོ་འདོན་དང་། མཚོ་བྱང་གིས་གསར་བརྗེའི་སྙིང་སྟོབས་ཀྱི་མཐོ་ས་གཏོད་པར་རོགས་རམ་བྱེད་པའི་རེ་བ་ཡོད་ཅེས་གསུངས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་རང་རྟོགས་ངང་མངོན་གསལ་དོད་པའི་གནས་སུ་འཇོག་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་བཅུག་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། བཅའ་སྡོད་དམག་དཔུང་དང་ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་སྒྲིག་འཛུགས་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས། ཤེས་དཔལ་འཛུགས་སྐྲུན། དུས་བདེ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན།

ཁུལ་གྱི་མགོ་ཁྲིད་ཀྲོ་ཧེ་ཕིང་དང་། ཀྲང་ཐོ། ཁྲང་ལིན་བཅས་ཀྱིས་མཉམ་དུ་འཚམས་འདྲི་གནང་།


མཉམ་སྤྱོད།