དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་དང་བལ་བོའི་སྲིད་འཛིན་པའོ་ཏི་ཨེར་གཉིས་ཀྱིས་ཀྲུང་བལ་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

2025-08-04 15:21:42   |   479

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བལ་བོའི་སྲིད་འཛིན་པའོ་ཏི་ཨེར་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ཏེ། ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་བལ་བོའི་རི་ཆུ་འབྲེལ་ཞིང་། མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པའི་རིང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ། གཉིས་ཕན་མཉམ་ལས་བཅས་བྱས་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཆེ་ཆུང་བར་གྱི་མཛའ་མཐུན་མཉམ་གནས་ཀྱི་དཔེ་མཚོན་བཙུགས་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་བལ་བོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཇེ་དྲག་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་བཞིན་རྒྱ་ཆེར་སོང་ནས། ཀྲུང་གོ་དང་བལ་བོ་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་བལ་བོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བལ་བོ་དང་མཉམ་དུ་འབད་པ་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ70འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དང་། ཀྲུང་གོ་དང་བལ་བོའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་པར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཆེད་སྟོབས་ཤུགས་འབུལ་འདོད་ཡོད།

པའོ་ཏི་ཨེར་གྱིས་བསྟན་དོན། བལ་བོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པའི་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། བདག་དབང་འདྲ་མཉམ། ཞི་བདེ་མཉམ་གནས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་ཡུན་རིང་ཉམས་སད་ཐེག་ཡོད། ཀྲུང་གོ་ནི་བལ་བོའི་ཡིད་ཆེས་བྱེད་འོས་པའི་ཁྱིམ་མཚེས་དང་འཕེལ་རྒྱས་ཀྱི་གྲོགས་པོ་ཡིན། བལ་བོ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོར་བལ་བོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་བལ་བོའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། བལ་བོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ཏུ་བསྟར་ནས། ཀྲུང་གོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་རྒྱུའི་རེ་བ་བཅངས་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། ཞི་བདེ་དང་ཡར་ཐོན། དར་རྒྱས་བཅས་ཀྱི་ཐུན་མོང་གི་རེ་འདུན་མངོན་འགྱུར་བྱ་རྒྱུ་ཡིན།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་བལ་བོའི་ཙུང་ལི་ཨའོ་ལི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས། ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བལ་བོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བལ་བོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་བལ་བོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར70ལོན་པ་གོ་སྐབས་སུ་བཟུང་ནས། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་བལ་བོའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཨའོ་ལི་ཡིས་བསྟན་དོན། བལ་བོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་ཐོག་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། བལ་བོ་ཕྱོགས་ཀྱིས་ཀྲུང་ཕྱོགས་ཀྱིས་བལ་བོའི་བདག་དབང་དང་རང་བཙན། རང་བརྟེན་གདམ་ག་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོས་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་ཆེན་བླངས་པར་ཡིད་སྨོན་བྱེད་བཞིན་ཡོད། མ་འོངས་པར་རྒྱང་ལྟ་བྱེད་སྐབས། བལ་བོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བར་བཞག་པའི་གྲོས་མཐུན་དོན་འཁྱོལ་བྱེད་པར་མུ་མཐུད་དུ་གཞོལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན།


མཉམ་སྤྱོད།