དེ་རིང་ནི2025ལོའི་ཟླ09པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཚོགས་འདུའི་ཐོག་གནང་བའི་གསུང་བཤད།  

2025-09-01 20:24:04   |   229

སྒྲིག་སྒྱུར། ཀླུ་མོ་མཚོ། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


གུས་པར་འོས་པའི་ལས་གྲོགས་རྣམ་པ།
    ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཞིག་ཡིན་ལ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ80ཡི་ཡར་སྔོན་དུ་འཛམ་གླིང་འཁྲུག་ཆེན་གཉིས་ཀྱི་གོད་ཆག་ཚབས་ཆེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སེམས་སྡུག་ཆེན་པོ་མྱངས་སུ་བཅུག་ཅིང་། དེ་དང་བསྟུན་ནས་མཉམ་འབྲེལ་རྒྱལ་ཚོགས་བྱུང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལེའུ་གསར་པ་ཞིག་གི་མགོ་བརྩམས། ལོ80ཡི་རྗེས་སུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་མོད། འོན་ཀྱང་འཇམ་འཐབ་ཀྱི་བསམ་བློ་དང་བཙན་དབང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཀྱི་སྨུག་རྡུལ་དྭངས་མེད་ལ། འཇིགས་སྐུལ་གསར་པ་དང་འགྲན་སློང་གསར་པ་མང་དུ་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་འདི་ཉིད་གཡོ་འགུལ་གྱི་དུས་སྐབས་གསར་པར་སླེབས་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་ལམ་མདོ་གསར་པར་སླེབས་ཡོད།
    ལོ་རྒྱུས་ཀྱིས་ང་ཚོར་དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་ཞི་བདེ་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་དེ་ཙམ་གྱིས་རྒྱུན་འཁྱོངས་དང་། མཉམ་ལས་གཉིས་ཕན་གྱི་ཡིད་ཆེས་བརྟན་དུ་གཏོང་བ། ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་བཤད་ཡོད།
    དེར་བརྟེན། ངས་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་པའི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གྲོས་མགོ་འདོན་འདོད།
    དང་པོ། བདག་དབང་འདྲ་མཉམ་ལག་བསྟར་བྱེད་པ། རྒྱལ་ཁབ་ཁག་ཆེ་ཆུང་དང་དྲག་ཞན། དབུལ་ཕྱུག་བཅས་གང་ཡིན་རུང་ཚང་མ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འདྲ་མཉམ་ངང་ཞུགས་པ་དང་། འདྲ་མཉམ་གྱིས་ཇུས་ཐག་གཅོད་པ། འདྲ་མཉམ་གྱི་ཕན་པ་ཐོབ་པ་བཅས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་གཏོང་དགོས།
    གཉིས་པ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་སོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཕྱོགས་ཡོངས་དང་གང་ལེགས། ཆ་ཚང་བཅས་ཀྱི་སྒོ་ནས་བརྩི་སྲུང་བྱས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་འདྲ་མཉམ་དང་གཅིག་གྱུར་ཐོག་སྤྱོད་རྒྱུར་འགན་ལེན་བྱེད་པ་ལས། “ཚད་གཞི་གཉིས”མི་སྤེལ་བ་དང་། རྒྱལ་ཁབ་ཉུང་ཤས་ཀྱི“ཁྱིམ་སྲོལ”གཞན་ལ་བཙན་འགེལ་བྱེད་མི་རུང་།
    གསུམ་པ། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་གནས་དང་དབང་ཐང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱེད་དགོས།
    བཞི་པ། མི་རྩ་བར་འཛིན་པ་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲུབ་འབྲས་མཉམ་སྤྱོད་བྱེད་པ་འགན་ལེན་བྱེད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་སྔར་ལས་ལེགས་པར་འཇལ་བ། ལྷོ་བྱང་འཕེལ་རྒྱས་ཀྱི་འགལ་རྐྱེན་སྔར་ལས་ལེགས་པར་སེལ་བ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་སྔར་ལས་ལེགས་པ་བྱེད་དགོས།
    ལྔ་པ། བྱ་སྤྱོད་ཀྱི་ཁྲིད་ཕྱོགས་ལ་དོ་སྣང་བྱེད་པ། རྒྱུད་རིམ་ལྡན་པའི་ཇུས་འགོད་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་བྱ་སྤྱོད་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ། ཕྱོགས་ཁག་གི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱེད་པ། མཐོང་ཐུབ་པའི་གྲུབ་འབྲས་སྔར་ལས་མང་བ་གཏོད་པ་བཅས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་བཅོས་སྐྱོང་རྗེས་ལུས་དང་ཁ་ཐོར་ཅན་དུ་མི་འགྱུར་བ་བྱེད་དགོས།
    ལས་གྲོགས་རྣམ་པ།
    ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་པའི་བསྒྲགས་གཏམ་དང་རྩ་འཛུགས་ཀྱི་རྩ་ཁྲིམས་ཁྲོད། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་དེ་བས་དམངས་གཙོ་དང་དྲང་གཞག ལུགས་མཐུན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསལ་བོར་བསྟན་ཡོད། ལོ24ཡི་རིང་། རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱེད་པའི“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་ལས་དོན་མཉམ་གྲོས་དང་ལས་སྟེགས་རྐྱེན་སྲོལ་མཉམ་སྐྲུན། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་གསར་པ་མང་པོ་བཏོན་པ་དང་ལག་བསྟར་བྱས་པས། ཉིན་རེ་ལས་ཉིན་རེར་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མ་ལག་འཛུགས་སྐྱོང་དང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ལེགས་པོ་ཞིག་ཏུ་གྱུར་ཡོད།
    འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་མགོ་ལག་ལེན་དུ་བསྟར་བའི་མིག་དཔེ་ཡག་པོ་ཞིག་བྱེད་དགོས།
    ང་ཚོས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་དགོས། ཁོངས་མིའི་རྒྱལ་ཁབ་ཁག་གིས་ཐུན་མོང་གི་བདེ་འཇགས་ལ་དམིགས་ནས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཆིངས་ཡིག་བཞག་པ་དང་། ལས་ཆོད་ཆེ་བའི་སྒོ་ནས་བདེ་འཇགས་མཉམ་ལས་བྱས་པས་ས་ཁོངས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱས་ཡོད། ང་ཚོས་མནའ་འབྲེལ་དུ་མི་ཞུགས་པ་དང་། འགྲན་རྒོལ་མི་བྱེད་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་རྩ་དོན་མུ་མཐུད་མཐའ་འཁྱོངས་བྱས་ཏེ། འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་། བཙུགས་མ་ཐག་པའི་བདེ་འཇགས་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་ལྟེ་གནས་དང་དུག་འགོག་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་ཐུན་མོང་ཚོགས་པ་བཙུགས་ནས་འགྱུར་ལྡོག་ཆེ་བའི་འཛམ་གླིང་ཁྲོད་ཀྱི་བརྟན་བརླིང་གི་སྟོབས་ཤུགས་བྱེད་དགོས།
    ང་ཚོས་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགན་འཁྲི”མངོན་པར་བྱེད་དགོས། ཁོངས་མིའི་རྒྱལ་ཁབ་ཁག་གི་ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཁྲོམ་རའི་གཞི་ཁྱོན་ཆེ་བ། ནང་གནས་སྒུལ་ཤུགས་ཆེ་བས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མཉམ་འདྲེས་ལས་འབྲེལ་ཐག་མི་གཅོད་པ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་ཀུན་ཕན་ཁོང་ཡངས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
    ཀྲུང་གོ་ཕྱོགས་ཀྱིས་གཞི་ཁྱོན་ཆེན་པོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་ཧུར་ཐག་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེ་མོར་ཕྱོགས་པའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་རྒྱུ་དང་། ལྗང་མདོག་ཐོན་ལས། གྲངས་འཛིན་དཔལ་འབྱོར་བཅས་ཀྱི་མཉམ་ལས་ལས་སྟེགས་ཆེན་པོ་གསུམ་དང་དེ་བཞིན་ཚན་རྩལ་གསར་གཏོད་དང་། མཐོ་རིམ་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ་བཅས་མཉམ་ལས་ལྟེ་གནས་ཆེན་པོ་གསུམ་འཛུགས་རྒྱུ་དང་འབྲེལ་འབྱུང་འགྱུར་ལོ་ལྔའི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་གཞན་དག་དང་མཉམ་དུ“སྟོང་ཝ་ཁྲི་སྟོང་གི་འོད་ཤུགས”དང“སྟོང་ཝ་ཁྲི་སྟོང་གི་རླུང་གློག”རྣམ་གྲངས་གསར་སྣོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མི་ཐབས་རིག་ནུས་བཀོལ་སྤྱོད་མཉམ་ལས་ལྟེ་གནས་བསྐྲུན་ནས་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་ཁག་གིས་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་སྤྱོད་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་འཛུགས་སྐྲུན་ནང་ཞུགས་རྒྱུའི་རེ་བ་ཡོད།
    ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔེ་སྟོན”བྱེད་དགོས། ཁོངས་མིའི་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཁྱད་ཆོས་ཡོད་པ་དང་དམངས་ཁྲོད་འགྲོ་འོང་ཟབ་ཏུ་ཕྱིན་ཡོད་ལ། ཤེས་དཔལ་སྣ་མང་འགྲན་རྩོད་ཀྱིས་བཞད་ཡོད། ང་ཚོས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ལོ་རྒྱུས་རིག་གནས་མི་འདྲ་བ་དང་། སྤྱི་ཚོགས་ལམ་ལུགས་མི་འདྲ་བ། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་རྒྱལ་ཁབ་ཁག་ཞི་བདེ་འཆམ་མཐུན་མཉམ་གནས་བྱེད་པའི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་དགོས།
    ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཏང་གླེང་སྟེགས་དང་། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས། སྲོལ་རྒྱུན་གསོ་རིག་གླེང་སྟེགས་བཅས་ཡག་པོ་གཉེར་རྒྱུ་དང་། འབྱུང་འགྱུར་ལོ་ལྔའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་གཞན་དག་ལ་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ500ལ་སྨན་བཅོས་དང་། སྐྱ་གྲིབ་གཤགས་བཅོས5000ལག་ལེན་བསྟར་རྒྱུ་དང་། སྐྲན་ནད་ཁྲི1ལ་བརྟག་དཔྱད་བྱ་རྒྱུ་ཡིན།
    ང་ཚོས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་ཆེད“ཧྲང་ཧའེ་མཉམ་ལས་བྱ་སྤྱོད”སྤེལ་དགོས། ཁོངས་མིའི་རྒྱལ་ཁབ་ཁག་གིས་དྲང་གཞག་དྲང་བདེན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དགེ་མཚན་ལྡན་པའི་ངང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ཞུགས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ང་ཚོས་མུ་མཐུད་དུ་དར་ཆ་གསལ་སྟོན་གྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་སོགས་ཕྱོགས་མང་ལམ་སྲོལ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོ་དང་ས་ཁོངས་བཅོས་སྐྱོང་ཐུན་མོང་ཐོག་འཐུས་ཚང་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
    ལས་གྲོགས་རྣམ་པ།
   ཉིན་གཉིས་ཀྱི་རྗེས་སུ་ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་དུ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པས་ལས་གྲོགས་མང་པོ་ཞིག་ཞུགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་བདེན་དོན་འཁུར་ཕོད་པའི་སྒོ་ནས་ལམ་ཆེན་སྟེང་དཔའ་ངར་གྱིས་བསྐྱོད་དེ། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་དར་སྤེལ་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་དེ་བས་མང་བ་དང་ལེགས་པ་སྐྲུན་འདོད་ཡོད།
    ཚང་མར་བཀའ་དྲིན་ཆེ་ཞུ།


མཉམ་སྤྱོད།