དེ་རིང་ནི2025ལོའི་ཟླ09པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་བལྟས།

2025-09-04 14:55:38   |   62

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་སྤྲོ་སྣང་གིས་ཁེངས་ཤིང་། བརྙན་འཕྲིན་དང་རླུང་འཕྲིན། སྦྲེལ་དྲ། ལག་ཁྱེར་ཁ་པར་གྱི་སྤྱོད་སྣེ་སོགས་རྣམ་པ་སྣ་མང་བརྒྱུད་དེ་ཚོགས་ཆེན་ལ་བལྟས་པ་དང་། མཉམ་དུ་རླབས་ཆེན་མེས་རྒྱལ་གྱི་འབྱོར་ཕྱུག་སྟོབས་ལྡན་ལ་མྱོང་རྟོགས་བྱས་ནས་རླབས་ཆེན་ལོ་རྒྱུས་ཀྱི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་ཤིང་། དྲང་བདེན་དང་ཞི་བདེའི་སྟོབས་ཤུགས་གཅིག་སྡུད་བྱས།

1~2.jpg

མཚོ་བྱང་ཁུལ་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་འཕྲུལ་སྒུལ་རུ་ཆེན་དུ། དཔོན་དམག་རྣམས་སྔ་མོ་ནས་ཚོགས་འདུ་ཁང་དུ་ཡོང་ནས་བརྙན་འཕྲིན་གྱི་མདུན་དུ་གྲལ་འགྲིག་པོར་བསྡད་དེ་ཚོགས་ཆེན་མགོ་རྩོམ་རྒྱུར་སྒུག་ཡོད། བརྗིད་ཉམས་ལྡན་པའི་རྒྱལ་གླུ་གྲགས་སྐབས། དཔོན་དམག་ཚང་མ་མཉམ་དུ་ཡར་ལངས་ནས་རྒྱལ་གླུ་བླངས་ཤིང་། ཚོགས་འདུ་ཁང་དུ་སྙན་འཇེབས་ཀྱི་གླུ་སྒྲས་ཁྱབ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་མཚོ་བྱང་ཡན་ལག་རུ་ཁག་གི་དཔོན་དམག་ཅིན་ཡོན་ཧའོ་ཡིས་བློ་བརྟན་འགྱུར་མེད་ངང་བཤད་རྒྱུར། ཐེངས་འདིའི་དམག་གཟིགས་ཁྲོད་འགྲེམས་སྟོན་བྱས་པའི་སྒྲིག་ཆས་གསར་པ་སྣ་ཚོགས་ཀྱིས་མི་རྣམས་ཧང་སངས་དགོས་པ་ཞིག་བྱེད་ཅིང་། རང་རྒྱལ་གྱི་དུས་རབས་གསར་པའི་དམག་དཔུང་གི་རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་ཡོད། འདི་ནི་འཇར་འགོག་སྙིང་སྟོབས་དེ་དུས་རབས་གསར་པའི་ནང་ཁྱབ་པའི་བརྗིད་ཉམས་ལྡན་པའི་བྲག་ཅ་ཞིག་རེད། མེས་པོ་རྣམས་ཀྱི་ཁྲག་དྲོན་ལ་བརྗེ་བའི་ཞི་བདེ་ལ་ང་ཚོའི་མི་རབས་འདིའི་དཔོན་དམག་རྣམས་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད། དུས་རབས་གསར་པའི་དྲག་ཆས་ཉེན་རྟོག་དཔོན་དམག་ཞིག་ཡིན་པའི་ཆ་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འཇར་འགོག་སྙིང་སྟོབས་དེ་དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་གི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།

2~1.jpg

རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དཔེ་སྟོན་རྟེན་གཞི་སྟེ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ལས་སྒྲུབ་མི་སྣ་རྣམས་མཉམ་དུ་འཛོམས་ནས་ཐད་གཏོང་ལ་ལྟ་བཞིན་ཡོད། བརྙན་ཤེལ་སྟེང་གི་བརྗིད་ཉམས་ལྡན་པའི་རྣམ་པར་བལྟས་ཚེ། ཁོ་ཚོའི་བསམ་ཚུལ་ནི་བརྩེ་སེམས་ཀྱི་དཔལ་འབར་བའི་ལོ་ཟླ་དེར་ཕྱིར་ལོག་ཡོད་པ་དང་འདྲ། འགྲེལ་བཤད་པ་ཅིན་ཧྭ་ཡིས་བཤད་རྒྱུར། ང་ཚོའི་དེ་རིང་གི་བདེ་སྐྱིད་ཀྱི་འཚོ་བ་འདི་ནི་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱི་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་བྱུང་བ་ཞིག་རེད།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཡུལ་སའི་འགྲེལ་བཤད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་རླབས་ཆེན་གྱི‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱས་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

3~1.jpg

འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་ཐང་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུའུ་ཧུའེ་མིན་གྱིས་བརྙན་ཤེལ་ལ་ལྟ་བཞིན་ཡིད་སེམས་འགུལ་བའི་སྐད་ཆ་གང་མང་བཤད་བྱུང་སྟེ། དེ་རིང་གི་དམག་གཟིགས་མཛད་སྒོ་དངོས་གནས་རྔམ་བརྗིད་ལྡན་ཞིང་ཧ་ལས་པ་ཞིག་རེད། ངའི་ལུས་ཡོངས་ལ་སྟོབས་ཤུགས་ཀྱིས་ཁེངས་འདུག མ་འོངས་པར་ངས‘སྡེ་བའི་ཨུ་ལྷན་གཉིས’ཀྱི་སྣེ་ཁྲིད་དེ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ང་ཚོའི་སྡེ་བ་འདི་ཉིད་སྡེ་མི་ཚོའི་ཡིད་སེམས་བདེ་ཞིང་ཕྱི་ཕྱོགས་ཀྱི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

4~1.jpg

མཚོ་བྱང་ཁུལ་སྤྱི་བདེ་ཅུའི་ཚོགས་འདུ་ཁང་དུ་བརྗིད་ཉམས་དང་སྤྲོ་སེམས་ཀྱིས་ཁེངས་ཤིང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ལས་གོས་གྲལ་དག་གྱོན་ཞིང་མིག་མདངས་སུ་རེ་སྒུག་དང་གུས་བཀུར་གྱིས་ཁེངས་ཡོད། དྲན་གསོ་ཚོགས་ཆེན་གྱི་མགོ་བརྩམས་མ་ཐག་ཚང་མ་རང་འགུལ་ངང་དྲང་མོར་བསྡད་དེ་ཐད་གཏོང་ལ་ལྟ་བཞིན་ཡོད་ཅིང་། རང་ཉིད་ཀྱང་པེ་ཅིང་གི་ཚོགས་ཆེན་གྱི་ཡུལ་དངོས་སུ་ཡོད་པ་དང་གཉིས་སུ་མ་མཆིས། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དམག་གཟིགས་མཛད་སྒོར་ལྟ་བ་ནི་གཏིང་ཟབ་པའི་བསམ་པའི་ཞུན་བརྡར་དང་ལས་རིགས་ཀྱི་དད་སེམས་ཇེ་མཐོར་གཏོང་བ་ཞིག་ཡིན་པས་ཀྲུང་ཧྭའི་བུ་བུ་མོ་ཚང་མར་སྤོབས་པ་ཆེན་པོ་སྐྱེས་ངེས། དུས་རབས་གསར་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་ཕྲག་ཏུ་བབས་པའི་འགན་འཁྲི་ཧ་ཅང་ལྕི་ནའང་། ང་ཚོས་ངེས་པར་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ཏེ། འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་།  སྔར་ལས་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། སྔར་ལས་སྟོབས་ལྡན་གྱི་ནུས་པ། སྔར་ལས་ཕུལ་དུ་བྱུང་བའི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་སེམས་ཤུགས་ཡོད་ཚད་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་བའི་ཁྲོད་འདོན་རྒྱུ་ཡིན་ཞེས་ཁུལ་སྤྱི་བདེ་ཅུའི་མི་དམངས་ཉེན་རྟོག་པ་ཀན་ཧུའེ་ཀྲིན་གྱིས་བཤད།

5~1.jpg

མདོ་ལ་རྫོང་ཨུའི་དྲིལ་སྒྲོག་པུའི་གཞུང་ལས་ཁང་གི་ལས་བྱེད་པ་ཧོ་ཡུས་ཚའེ་ཡིས་བཤད་རྒྱུར། གྲལ་འགྲིག་པའི་རུ་བསྟར་དང་སྔོན་ཐོན་སྤུས་ལེགས་ཀྱི་སྒྲིག་ཆས་དེ་དག་ཚང་མས་མེས་རྒྱལ་གྱི་སྟོབས་ཤུགས་དང་གཟི་བརྗིད་མངོན་ཡོད། དྲིལ་སྒྲོག་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པའི་འདུ་ཤེས་ཟབ་མོ་བྱུང་སོང་། ངས་མ་འོངས་པར་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་ནས་མི་སྔར་ལས་མང་བོར་གཟི་བརྗིད་དང་སྤོབས་པ་འདི་ཚོར་དུ་འཇུག་རྒྱུ་ཡིན་ཟེར།

6~1.jpg

སྤོབས་པ་དང་སྙིང་རུས་ཆེན་པོས་འགན་འཁྲི་ཁུར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ་མཁོ་བསྟུན་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་དམ་བཅའ་ལག་བསྟར་བྱེད། མཚོ་བྱང་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དམག་འཐབ་འགན་ལེན་ས་ཚིགས་ཀྱི་ས་ཚིགས་དཔོན་གཞོན་པ་ལི་ཧྲི་ཧྥུའུ་ཡིས་བཤད་རྒྱུར། དེ་རིང་གི་དམག་གཟིགས་མཛད་སྒོའི་འགྲེམས་སྟོན་ཐོག་ཀྲུང་གོའི་སྟོབས་ལྡན་གྱི་དམག་དོན་སྟོབས་ཤུགས་དང་དེང་རབས་ཅན་གྱི་རྒྱལ་སྲུང་གྲུབ་འབྲས་མངོན་ཡོད་པས་མེས་རྒྱལ་ལ་སྟོབས་འབྱོར་མངའ་ཐང་རྒྱས་པར་ངའི་སེམས་སུ་གཟི་བརྗིད་ཀྱིས་ཁེངས་ཡོད། དུས་རབས་གསར་པའི་མེ་ཟོན་རོགས་སྐྱོབ་མི་སྣ་ཞིག་ཡིན་པའི་ཆ་ནས་ངས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་ཆེན་དེ་ཉེན་དོན་གཏོང་ཐེངས་རེ་རེ་དང་རོགས་སྐྱོབ་འགུལ་སྐྱོད་རེ་རེའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་སྐྱིད་བདེ་ཐང་འགན་ལེན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཟེར།

7~1.jpg

མཚོ་བྱང་ཁུལ་གྱི་སློབ་གྲྭ་སོ་སོ་རུ་དགེ་སློབ་ཚོས་སློབ་གྲྭའི་རྒྱང་སྒྲོག་དང་སློབ་ཁང་གི་སྨྱན་མང་གཟུགས་སྒྲིག་ཆས་བརྒྱུད་དེ་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ལྟ་ཉན་བྱེད་བཞིན་ཡོད། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་བརྙན་ཤེལ་ལ་ལྟ་བཞིན་གྲལ་དག་པའི་དམག་དཔུང་རེ་རེ་གནམ་བདེ་སྒོ་མོ་ཆེ་བརྒྱུད་པ་མཐོང་སྐབས་ཁོ་ཚོའི་མིག་ནང་དུ་གུས་བཀུར་དང་སྤོབས་པས་ཁེངས་འདུག མདའ་བཞི་རྫོང་མདོ་ལ་རི་བོ་སློབ་འབྲིང་གི་ལོ་རིམ་དགུ་པའི་འཛིན་གྲྭ་དང་པོའི་སློབ་མ་ཅང་ཝུན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། དེ་རིང་གི་དམག་གཟིགས་མཛད་སྒོ་ནི་ཧ་ཅང་ཧང་སངས་ཤིང་མཁའ་དམག་དང་སྐམ་དམག མཚོ་དམག་གསུམ་གྱི་དཔོན་དམག་ཚོ་གྲལ་དག་ཅིང་གོམ་སྟབས་བརྟན་པོས་བསྐྱོད་པའི་བརྗིད་ཉམས་དེ་མཐོང་སྐབས། ང་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་བྱུང་། ད་དུང་སྒྲིག་ཆས་གསར་པ་དེ་དག་འགྲེམས་སྟོན་བྱེད་སྐབས་དེ་ནི་སློབ་དེབ་ཐོག་བྱུང་མྱོང་མེད་པའི་སྤོབས་པ་དང་ཚོར་བ་དངོས་ཤིག་རེད། ང་རང་དུས་རབས་གསར་པའི་སློབ་འབྲིང་སློབ་མ་ཞིག་ཡིན་པའི་ཆ་ནས་སེམས་འགུལ་ཐེབས་པ་དང་སྤོབས་པ་ཁོ་ནས་མི་ཆོག་པས། ང་ཚོས་ངེས་པར་དུ་ལོ་རྒྱུས་བློ་ལ་ངེས་པ་དང་། ད་ལྟའི་དུས་ཚོད་སྐར་མ་རེ་རེར་གཅེས་སྤྲས་བྱས་ཏེ་སློབ་སྦྱོང་ཡག་པོ་བྱས་ནས་རང་ཉིད་ཀྱི་ཤེས་བྱ་དང་སྟོབས་ཤུགས་སྤྱད་དེ་ང་ཚོའི་མེས་རྒྱལ་སྔར་ལས་སྟོབས་འབྱོར་མངའ་ཐང་རྒྱས་སུ་འཇུག་དགོས་ཟེར།

9~1.jpg

རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་ལ། ལྷག་པར་དུ་གཟིགས་ཞིབ་དང་ལེན་རུ་བསྟར་དང་སྤུས་ལེགས་རྩེར་སོན་གྱི་དམག་དོན་སྒྲིག་ཆས་སྣ་ཚོགས་གནམ་བདེ་སྒོ་མོའི་ཐང་ཆེན་བརྒྱུད་སྐབས་ང་ཚོའི་མིག་ལམ་དུ་མཆི་མ་འཁོར་བྱུང་། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མཁར་ལྷོ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིའམ་ཀྲུའུ་རིན་ལི་ཡ་ཆིང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་བཤད་རྒྱུར། མི་དམངས་དམག་དཔུང་སྔར་ལས་སྟོབས་ཆེར་འགྲོ་བ་མཐོང་སྐབས་ང་ཚོ་ནི་ཞི་བདེའི་དུས་སྐབས་ཁྲོད་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཞིང་རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་ཚད་མེད་སྐྱེས་བྱུང་། གཞི་རིམ་སྡེ་ཁུལ་གྱི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་སྡེ་ཁུལ་གྱི་ཞབས་ཞུའི་ལས་གནས་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་སྔར་ལས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་སྔར་ལས་ཏན་ཏིག་གི་སྤྱོད་ཚུལ། སྔར་ལས་འགན་འཁུར་བའི་འགན་འཁྲིའི་ཐོག་ནས་སྡེ་ཁུལ་གྱི་སྡོད་དམངས་ཚང་མར་སེམས་ནུས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུས་ཏེ་སྡེ་ཁུལ་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་ལས་གནས་ཐོག་རླབས་ཆེན་གྱི་བྱ་གཞག་དེར་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

10~1.jpg

མདའ་བཞི་རྫོང་གསར་བརྗེའི་ཉམས་ཞིབ་ལག་ལེན་ལྟེ་གནས་ཀྱི་ཀྲུའུ་རིན་ནམ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་སུང་ཅི་ཧྥུ་ཡི་སེམས་ལ་སྤྲོ་སྣང་གིས་ཁེངས་ཤིང་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། དེ་རིང་གི་དམག་གཟིགས་མཛད་སྒོར་བལྟས་རྗེས་ང་ལ་སྤོབས་པ་བསྩལ་ཞིང་ངར་ཤུགས་ཆེ་རུ་ཕྱིན་ཡོད། དམག་གཟིགས་མཛད་སྒོ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་འགྲེམས་སྟོན་བྱས་པ་ཞིག་ཡིན་པར་མ་ཟད། སྔར་ལས་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཁྲིད་ཅིག་ཀྱང་རེད། མདའ་བཞི་རྫོང་ལ་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། གསར་བརྗེའི་ཉམས་ཞིབ་ཀྱི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཐོན་ཁུངས་དེ་དག་སྔར་ལས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ། མི་སྔར་ལས་མང་བོར་ལོ་རྒྱུས་ཤེས་རྟོགས་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྒྱལ་གཅེས་ཀྱི་སེམས་ཤུགས་དང་འབད་འཐབ་ཀྱི་སྙིང་སྟོབས་སྐུལ་སྤེལ་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

12.jpg

མཚོ་བྱང་ཁུལ་ཡོངས་ཏེ། ལས་ཁུངས་དང་སྡེ་ཁག ཞིང་སྡེ་དང་འབྲོག་ཁུལ། དཔུང་སྡེ་དང་སློབ་གྲྭ་སོ་སོ་གང་ཡིན་ཡང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚང་མ་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད་ཞུགས་ཡོད་ལ། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་གསར་དུ་གཏོད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་ཧུར་ཐག་བྱེད་རྒྱུ་ཡིན་ཟེར།


མཉམ་སྤྱོད།