དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་བ་འཚོགས།

2023-02-17 09:40:54   |   128

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


a.jpg

ཟླ2པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་བ་ནུབ་མཚོ་གྲོང་རྡལ་དུ་འཚོགས།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལྟ་ཞིབ་དཔོན་ཀྲང་ཡུང་ཧྲན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་། ཁུལ་གྱི་མགོ་ཁྲིད་དབྱང་ཧེ་ལུང་དང་། གཡུ་སྒྲོན་མཚོ། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། མ་ཁྲེང་ཧྥང་། ལི་ཞུ་ཀྲེན་བཅས་ཚོགས་འདུར་ཕེབས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཚོགས་འདུ་གཙོ་སྐྱོང་གནང་། 

ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ལ། ཁོས་བསྟན་དོན་ཏེ། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞིབ་མོའི་བློ་ཡི་མཛུབ་ཁྲིད་དང་། ཁུལ་ཡོངས་ཀྱི་གོང་འོག་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་འོག རང་འགུལ་ངང་དུས་བབ་གསར་བ་དང་ལས་འགན་གསར་བར་འཚམ་པ་བྱས་ནས་མང་ཚོགས་ཀྱི་དགོས་མཁོ་གསར་བ་དང་རེ་སྒུག་གསར་བར་ཉེ་བར་བཅར་ཞིང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་རང་ཁུལ་གྱི་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཟེར། ཁོས་ཐེངས་འདིའི་ཚོགས་ཆེན་ནི་མགོ་འཛུགས་སར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་གྲམ་དམར་པོ་ཚོགས་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཉེན་སེལ་རྒུད་སྐྱོབ་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། དུས་མཚམས་གསར་བ་དང་འཐབ་ལམ་གསར་བའི་ཐོག་སྐྱོད་པ་དང་། རྒྱ་གྲམ་དམར་པོའི་བྱ་བས“243”འཕེལ་རྒྱས་ཀྱི་རྣམ་པ་བཙུགས་ནས“མཚོ་བྱང་ལྔ”སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་གཤམ་གསལ་གྱི་བྱ་བ་འདི་ཡག་པོར་བསྒྲུབ་དགོས་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་རྒྱ་གྲམ་དམར་པོའི་སྐོར་གྱི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་མཚོ་སྔོན་གྱི་བྱ་བར་བརྟག་ཞིབ་གནང་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས“རྒྱ་གྲམ་དམར་པོ་ཚོགས་པ་ཏང་མི་ཡིན་པ་དང་རྒྱ་གྲམ་དམར་པོ་ཚོགས་པ་ཏང་ལ་དགའ་ཞེན་ཡོད་པ། རྒྱ་གྲམ་དམར་པོ་ཚོགས་པས་ཏང་ལ་བརྩི་བཀུར་བྱེད་པ”བཅས་ཀྱི་ཆབ་སྲིད་བླང་བྱ་ལག་བསྟར་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་འགན་འཁྲི་གཙོ་བོ་གཅིག་སྡུད་བྱས་ནས་ངེས་པ་དོན་གྱིས་རྒྱ་གྲམ་དམར་པོ་ཚོགས་པའི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས། གཉིས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་བྱེད་པའི་བྱ་བའི་སྟོན་ཕྱོགས་རྒྱུན་འཁྱོངས་དང“རོགས་སྐྱོར་གསུམ་དང་འབུལ་བ་གསུམ”གྱི་ལྟེ་བའི་ལས་སྒོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། བདེ་ཐང་མཚོ་བྱང་། རིམས་ནད་འགོག་སྡོམ། སྤྱི་ཚོགས་རོགས་སྐྱོབ། ཡོམ་འགོག་གེགས་སེལ་སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་ནས་རྒྱ་གྲམ་དམར་པོ་ཚོགས་པའི་མི་ཆོས་ལས་འགན་ཡག་པོར་སྒྲུབ་དགོས། གསུམ་ནས་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་དགོས། མཁོ་བསྟུན་རོགས་སྐྱོབ་དང་དང་བླངས་སྟོབས་ཤུགས་མཉམ་འདྲེས་ལམ་སྲོལ་ལ་མུ་མཐུད་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཡོམ་འགོག་གེགས་སེལ་ཆུ་ཚད་ཇེ་ལེགས་སུ་གཏོང་དགོས་ལ། རྒྱ་གྲམ་དམར་པོའི་མཁོ་བསྟུན་མྱུར་སྐྱོབ་གསོ་སྦྱོང་ལ་ཤུགས་བསྣན་ནས་མཚོ་བྱང་ཁུལ་རྒྱ་གྲམ་དམར་པོའི་མཁོ་བསྟུན་མྱུར་སྐྱོབ་གསོ་སྦྱོང་ལྟེ་གནས་དང་མཁོ་བསྟུན་མྱུར་སྐྱོབ་གསོ་སྦྱོང་རྟེན་གཞི་ཧུར་ཐག་སྒོས་བསྐྲུན་དགོས། མང་ཚོགས་ཚོགས་པའི་མཐུན་སྦྱོར་ཅན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་རྒྱ་གྲམ་དམར་པོའི་བྱ་བ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་དང་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ནང་ཁུལ་གྱི་བཅོས་སྐྱོང་གྲུབ་ཆ་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ཏེ་རྒྱ་གྲམ་དམར་པོའི“མི་ཆོས་དང་བྱམས་བརྩེ། ལེགས་སྐྱེས”བཅས་ཀྱི་འདུ་ཤེས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ནས་དྲང་ནུས་དར་སྤེལ་དང་དར་སྲོལ་གསར་བར་སྣེ་ཁྲིད་བྱེད་དགོས། བཞི་ནས་གོང་བུ་སྒྲིལ་ཤུགས་རྒྱུན་འཁྱོངས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱ་གྲམ་དམར་པོ་ཚོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་ཆ་རྐྱེན་བསྐྲུན་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་སོ་སོས་མཉམ་ལས་ལ་ཤུགས་སྣོན་པ་དང་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བ་སྤེལ་རྒྱུར་སྟབས་བདེ་བསྐྲུན་ཞིང་རྒྱབ་སྐྱོར་བྱས་ཏེ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཀྲང་ཡུང་ཧྲན་གྱིས་མཚོ་བྱང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་ལ་ཁས་ལེན་གང་ལེགས་གནང་ལ། ཁོས་མཚོ་བྱང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས། རྒྱ་གྲམ་དམར་པོའི་ལས་འགུལ་གྱི་དམིགས་ཡུལ་དང་ལས་འགན་ལ་བསྟུན་ནས“གསར་བརྗེའི་ཡིས་རྒྱ་གྲམ་དམར་པོ་ཚོགས་པ་སྣེ་ཁྲིད”དེ་ཏང་འཛུགས་སྐྱོང་གི་ཆས་རྟགས་གྲགས་ཅན་ཧུར་ཐག་སྒོས་བསྐྲུན་པ་དང་། འགན་ཁུར་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་འཕྲལ་སྡོམ་རོགས་སྐྱོབ་དང་། མཁོ་བསྟུན་སྐྱོབ་བཅོས། མི་ཆོས་རོགས་སྐྱོབ། རིན་མེད་ཁྲག་འབུལ། མི་ལུས་ཀྱི་དབང་བོ་དང་ཁྲག་གསོའི་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་བ། དང་བླངས་ཞབས་ཞུ་སོགས་མི་ཆོས་རིང་ལུགས་ཀྱི་བྱ་བ་སྤེལ་སྐབས་རོགས་རམ་བྱེད་དགོས་པའི་མི་དམངས་མང་ཚོགས་ལ་དོན་བཟང་དང་དོན་དངོས་མང་པོ་བསྒྲུབས་ནས་མི་ཆོས་ཁྱབ་ཁོངས་ཀྱི་ཏང་དང་སྲིད་གཞུང་གི་ལས་རོགས་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན།

d.jpg

གུང་གཞོན་ཚོགས་པ་ཁུལ་ཨུའི་ཧྲུའུ་ཅི་ཏེ་རིན་ཆེན་གྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་ལ། ཁུལ་ཡོངས་ཀྱི་ཁུལ་ཐད་གཏོགས་དང་། ཁེ་ལས་དང་དོན་ལས་སྡེ་ཁག་གི་རྒྱ་གྲམ་དམར་པོ་ཚོགས་པའི་འཐུས་མི། གཞི་རིམ་རྒྱ་གྲམ་དམར་པོ་ཚོགས་པའི་འཐུས་མི། རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པའི་འཐུས་མི་དང་། དེ་བཞིན་ཁུལ་ཐད་གཏོགས་ཀྱི་མང་ཚོགས་ཚོགས་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 



མཉམ་སྤྱོད།