དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི《མཐོ་སྒང་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ》ཞེས་པའི་མིང་བཀོད་རྩོམ་ཡིག་སྤེལ།

2025-11-17 17:49:36   |   604

སྒྲིག་སྒྱུར།   སངས་དོན།   སངས་རྒྱས་སྐྱིད།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་ཏེ། ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ཕྱུགས་རིགས་ཐོན་ཁུངས་ལྡན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དེ་སྣེ་ཁྲིད་དུ་བཟུང་སྟེ་མཐོ་སྒང་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན་གྱི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཤིང་། བྱེད་ཐབས་གསར་གཏོད་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་མཐོ་སྒང་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས། 

གཅིག འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། 《མཚོ་བྱང་ཁུལ་གྱི་བོད་ལུག་འཕེལ་རྒྱས་འཆར་འགོད》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཏོན་ནས་ནོར་གནག་དང་བོད་ལུག  ནས། ལོག་དཀར། གཟན་རྩྭ་བཅས“ཐོན་ལས་ཆེན་པོ་ལྔའི”དར་རྒྱས་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཚན་རྩལ་ཞིབ་སྤེལ་དང་འདེབས་འཛུགས་ལས་རིགས་དར་རྒྱས་སོགས་ཞིང་ཕྱུགས་སྒྱུར་བཅོས་ལས་དོན་ཁག10ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འཇུ་ལག་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བདམས་པ་དང་མདའ་བཞི་རྫོང་རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་རྫོང་དང་རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་དུ་བདམས། མདོ་ལ་རྫོང་རྒྱལ་ཁབ་ཀྱི་བོད་ལུག་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དགེ་མཚན་ལྡན་པའི་ས་ཁུལ་དུ་བདམས། རྐང་ཚ་རྫོང་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་ཏུ་བདམས། མཚོ་བྱང་ནི་ཞིང་ཆེན་ཡོངས་ཀྱི་ནས་དང་། ལོག་དཀར། བོད་ལུག ཆུ་འཁྱག་ཉ་བཅས་མཁོ་འདོན་དང་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། དེའི་ནང་། ནས་སོན་ཏུན་ཁྲི1.1མཁོ་འདོན་བྱས་པའི་བསྡུར་གྲངས35%ཟིན་ཡོད། ལོག་དཀར་ཏུན4000མཁོ་འདོན་བྱས་ལ། བསྡུར་གྲངས45%ཟིན་ཡོད། བོད་ལུག་ལུག་རྒྱུད་ཁྲི1.2མཁོ་འདོན་བྱས་ལ་བསྡུར་གྲངས35.5%ཟིན་ཡོད། ཆུ་འཁྱག་ཉ་ཕྲུག་ཁྲི320མཁོ་འདོན་བྱས་པ་དང་། བསྡུར་གྲངས85%ཟིན་ཡོད། 

གཉིས། རྨང་གཞིའི་སྒྲིག་བཀོད་ཁ་ཚང་དུ་བཏང་སྟེ། ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གསར་པ་བརྟན་དུ་བཏང་བ། རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར35ཙམ་བསྡུ་སྒྲིལ་བྱས་ནས་རོང་འབྲོག་ཁུལ་གྱི་ཆུ་དང་གློག ལམ་སོགས་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ། མ་དངུལ་སྒོར་དུང་ཕྱུར17བཏང་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་ལག་བསྟར་བྱས་པས་ཕྱོགས་བསྡུས་ཕན་འབྲས་སྒོར་དུང་ཕྱུར4.25མངོན་འགྱུར་བྱུང་ཡོད། གཟན་རྩྭ་ལས་སྣོན་གསོག་ཉར་དང་སྡེབ་སྐྱེལ་མ་ལག9བསྐྲུན་པ་དང་། གཟན་རྩྭ་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི20.7ལ་སླེབས་ཡོད། ཕྱུགས་རིགས་ཉོ་ཚོང་ཁྲོམ་ར6ཡོད་པ་དང་། རིམ་རྩིས་བྱས་ན་ཕྱུགས་རིགས་མགོ་གྲངས་ཁྲི40ཉོ་ཚོང་བྱས་ཤིང་། བཤའ་བ་དང་ལས་སྣོན་བྱེད་པའི་བཟོ་གྲྭ7ཡོད་པ་དང་། རིམ་རྩིས་བྱས་ན་ནོར་ལུག་མགོ་གྲངས་ཁྲི32བཤས་ཡོད། སྐྱེ་ལྡན་ལུད་ཐོན་སྐྱེད་ལས་སྣོན་བཟོ་གྲྭ10ཡོད་པ་དང་། ལོ་རེར་ཏུན་ཁྲི25ཐོན་སྐྱེད་བྱེད་བཞིན་ཡོད། འཁྱག་སྦྲེལ་ཟོག་འགྲེམས་མཛོད་ཉར་རྟེན་གཞི10དང་། ནོར་ལུག་གི་རྒྱུད་བཟང་གསོ་སྤེལ་རྟེན་གཞི10ཡོད། ཀོ་རིགས་དང་ལུག་བལ་བེད་སྤྱོད་ལས་སྣོན་བཟོ་གྲྭ6ཡོད། ནོར་ལུག་གསོ་ཚགས་རྟེན་གཞི74ཡོད་ཅིང་། གཞི་ཁྱོན་ཁྲི12.2ལ་སླེབས་ཡོད། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་སྒྲིག་བཀོད་ཅན་གྱི་བསྡུར་ཚད99%ཡན་ལ་སླེབས་པ་དང་། ཕྱུགས་རིགས་ཀྱི་ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་ཚགས་བསྡུར་ཚད36.5%སླེབས་ཡོད། ཕྱུགས་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད90%ཡན་དུ་སླེབས་ཡོད། 

གསུམ། སྣེ་འདྲེན་གྱི་སྐུལ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཟོས་པ། སྲིད་ཇུས་དང་ལམ་ལུགས། མ་དངུལ་སོགས་ཀྱི་ཐད་ནས་གནད་སྨིན་ཤུགས་འདོན་བྱས་ཏེ། ཁུལ་རིམ་པ་ཡན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས45སྐྱེད་སྲིང་བྱས་པ་དང་། ཤ་སྐམ་དང་འབྲིའི་འོ་མའི་ཆང་། ཁུ་ལུའི་སྟོད་ཐུང་། སྲོལ་རྒྱུན་བོད་ལྭ་སོགས་ཞིབ་ཚགས་ལས་སྣོན་ཐོན་རྫས་རིགས41ཡོད། ནོར་ལུག་བཤས་གཏོང་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི2050དོན་འཁྱོལ་བྱས་པ་དང་། 2024ལོ་ནས་བཟུང་། རིམ་རྩིས་བྱས་ན་ནོར་ལུག་མགོ་གྲངས་ཁྲི309བཤས་གཏོང་བྱས། ཞིང་ཆེན་ཡོངས་སུ་མཚོ་སྐོར་བོད་ལུག་གི་རིན་གོང་སྟོན་གྲངས་འགན་བཅོལ་ཚོད་ལྟའི་ལས་དོན་ཐོག་མར་སྒྲུབ་པས་བོད་ལུག་དང་ནོར་གནག་གི་འགན་བཅོལ་ཁ་གསབ་ཁྱོན་ཡོངས་སུ་ཁྱབ་པར་བྱས་ཡོད། “ཞིང་ཕྱུགས+ཁམས་གསོའི”ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་གྲོ་མ་དང་། ཧོ་ཡན་ཧྲིན། ནོར་ལུག་གི་ཐེ་མང་ཐོན་རྫས། མུའུ་ཅའོ་ཐུད་སོགས“སྨན་ཟས་གཉིས་བསྟེན”གྱི་བདེ་ཐང་ཐོན་རྫས་སྣ་ཁ142ཞིབ་འཇུག་གསར་སྤེལ་བྱས། 2024ལོར་བོད་ལུག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.95སླེབས་ལ། ཁུལ་ཡོངས་ཀྱི་རོང་འབྲོག་དུད་ཚང་ཁྲི1.7ནོར་གནག་དང་བོད་ལུག་གི་ཐོན་ལས་ནང་ཞུགས་ཏེ་ཡོང་སྒོ་འཕར་སྣོན་བྱུང་བ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་སྒོ་སྒོར9461འཕར་ཡོད།

བཞི། སྤུས་རྟགས་གཏོད་རྒྱུར་དང་དོད་བྱས་ནས་ནོར་གནག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་སྐུལ་སྤེལ་བྱས་པ།  “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོ”ཡི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་དེ། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་སྐྱེད་རྟེན་གཞི20བསྐྲུན་པ་དང་། ཐོན་རྫས་རིགས1085ཞིབ་འཇུག་གསར་སྤེལ་བྱས། ཁུལ་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི2930དང་། ནོར་ལུག་མགོ་གྲངས་ཁྲི216དང་། རྨོ་ཞིང་མུའུ་ཁྲི1.42བཅས་ལ་སྐྱེ་ལྡན་དཔང་ཡིག་ཐོབ་ཡོད།  “མདོ་ལའི་བོད་ལུག”དང་“མདོ་ལའི་ནོར་གནག”སོགས་ཞིང་ཕྱུགས་ཐོན་རྫས24ལ་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་མཚན་སྙན་ཐོབ་པ་དང་། “འཇུ་ལག་གི་ལོག་དཀར་ཆུང་བ”དང་“མདོ་ལའི་བོད་ལུག”ཀྲུང་གོའི་ཞིང་ལས་སྤུས་རྟགས་ཀྱི་དཀར་ཆག་ཏུ་བདམས་ཐོན་བྱུང་། མདོ་ལ་དང་རྐང་ཚའི་བོད་ལུག་གི་ཤ་དང་། མདོ་ལའི་སྐམས་ཤར་ཤང་ཀངSTCཡི་དཔང་ཡིག་ཐོབ་ཡོད། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོ”དང“ལོག་དཀར་མེ་ཏོག་གི་སྦྲང་རྩིའི་ཐོན་རྫས”ཀྱི་སྤྱི་སྤྱོད་སྤུས་རྟགས་དེ2025ལོའི་ལོ་འཁོར་གྱི“རྨ་ཆུའི་ཐོན་རྫས་གྲགས་ཅན”ནང་བདམས། ཁུལ་དང་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་དང་ཁུངས་འདེད་མ་ལག་བཙུགས་ནས་ནོར་གནག་དང་བོད་ལུག་མགོ་གྲངས་ཁྲི199ལ་འབྱུང་ཁུངས་ཁུངས་འདེད་དོ་དམ་བྱེད་ཐུབ། 

ལྔ། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ནོར་ལུག་ཐོན་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ། ས་བོན་ལས་རིགས་དར་རྒྱས་དང་རིགས་རྒྱུད་ལེགས་སྒྱུར་བྱ་སྤྱོད་ལག་བསྟར་བྱས་ནས《མཚོ་བྱང་ཁུལ་གྱི་མཐོ་སྒང་རྣམ་པའི་བོད་ལུག་སྲུང་སྐྱོང་སྲོལ་ཡིག》བཟོས་པ་དང་། མདོ་ལའི་ནོར་གནག་ལ་རྒྱལ་ཁབ་ཕྱུགས་རིགས་རྒྱུད་འདེད་ཐོན་ཁུངས་ཀྱི་ཡུལ་དངོས་ཀྱི་བརྟག་བཤེར་ངོས་ལེན་ཐོབ། “མདོ་ལའི་ལུག”རྒྱལ་ཁབ་ཀྱི་ཕྱུགས་རིགས་རྒྱུད་འདེད་ཐོན་ཁུངས་ཀྱི་མིང་གཞུང་ནང་དངོས་སུ་བཅུག་ཡོད།  ཞིང་ཆེན་ཡོངས་ཀྱི་བོད་ལུག་ཞིབ་འཇུག་ཁང་དང་པོ་མདོ་ལ་རུ་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར2ཙམ་བཏང་ནས་མཚོ་བོད་མཐོ་སྒང་གི་གྲོང་ཁྱེར(ཁུལ)རིམ་པའི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གཅིག་པུ་དེ་ལེགས་འགྲུབ་བྱུང་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སོགས་ཚན་ཞིབ་ཁང་དང་སུའོ18དང་མཉམ་ལས་གཏིང་ཟབ་བྱས་ཏེ།  ཚན་ཞིབ་ཁྱབ་གདལ་ས་ཚིགས40ལྷག་ཙམ་སྐྱེད་སྲིང་བྱས་པར་རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་བྱ་དགའི་རྣམ་གྲངས22ཐོབ་ཡོད། བོད་ལུག “ལོ་གཉིས་ལ་མངལ་ཐེངས་གསུམ་སྦྲུམ་པ”དང་ནོར་གནག“ལོ་གཅིག་ལ་མངལ་གཅིག་སྦྲུམ་པའི”ལག་རྩལ་ཁྱབ་གདལ་བཏང་ནས“མངལ་མང་བོད་ལུག”རྒྱུད་སྤེལ་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་གྲས་སུ་སླེབས་ཡོད།

དྲུག ཕྱིར་གཏོང་ཐབས་ལམ་རྒྱ་ཆེར་བཏང་ནས་ནོར་ལུག་གི་ཐོན་རྫས་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་བཏང་བ། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་ཆེར་བཏང་བ་སྟེ། ཞིང་ཆེན་ཕྱི་རུ“ས་ཁུལ་གསུམ་དང་ཚོང་སྒྲོམ་བརྒྱའི”ཚོང་ཁང50བཙུགས་ནས་ཧྲན་ཏུང་ཞིང་ཆེན་དང་ཁ་གཏད་ཀྲུང་དབྱང་ཁེ་ལས་དང་འཛད་སྤྱོད་རོགས་སྐྱོར་ལམ་སྲོལ་བཙུགས། 2023ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་ཚོང་བྱེད་ཚད་ཀྱི་སྡོམ་འབོར་སྒོར་དུང་ཕྱུར10.63སླེབས་ཡོད། “མདོ་ལའི་བོད་ལུག”ཨའོ་མོན་ལ་ཐད་ཚོང་བྱས་པ་དང་། འཇུ་ལག་གི་སྦྲང་རྩི་འཇར་པན་ལ་ཕྱིར་གཏོང་དང་ཤ་མོ་ལྷ་ཁོ་རེ་ཡར་ཕྱིར་གཏོང་བྱས་པས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་ཁྲི1808སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། “མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར”དང“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ”སོགས་ལ་བརྟེན་ནས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཟི་ལིང་དུ་ཐད་ཚོང་ཚོང་ཁང28བཙུགས་པ་དང་། ལོའི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར1ལས་བརྒལ་ནས“ཞིང་ཆེན་ནང་ཁུལ་དུ་བྲིན་འཚོང་དང་། ཞིང་ཆེན་ལས་བརྒལ་བའི་ཁྲོམ་ར་རྒྱ་སྐྱེད་བྱེད་ཚད་མྱུར་བ། རྒྱལ་མཚམས་སྒྲོལ་བའི་བྲིན་འཚོང་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པའི” ལངས་གཟུགས་ཅན་གྱི་ཁྲོམ་རའི་རྣམ་པ་ཞིག་ཆགས་ཡོད།

མིག་སྔར། མཚོ་བྱང་གི་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་གོ་རིམ་ཁྲོད། རྨང་གཞིའི་ལེ་ལག་བལྟོས་བཅས་ཀྱིས་ཞན་པ་དང་། རྩ་འཛུགས་ཅན་གྱི་ཚད་གཞི་ཅུང་དམའ་བ། ཐོན་ལས་ཅན་གྱི་ཆུ་ཚད་མཐོན་པོ་མེད་པ། སྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་སོགས་ཀྱི་མི་འདང་ས་སྔར་བཞིན་ཡོད། 2025ལོའི་ཟླ10པའི་ཚེས10ཉིན་མཚོ་བྱང་ཁུལ་གྱིས་མཐོ་སྒང་ནོར་གནག་དང་བོད་ལུག་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་དགེ་རྒན་ཆེ་མོ་བས་མཐོ་སྒང་ནོར་གནག་དང་བོད་ལུག་ཐོན་ལས་ཀྱི་སྤུས་ལེགས་འཕེལ་རྒྱས་ལ་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་ཏེ། མཚོ་བྱང་ལ་ཞན་ཆར་དབྱེ་ཞིབ་བྱེད་རོགས་བྱས་ནས་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས། མ་འོངས་པར་ང་ཚོས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”གྱི་ལས་འགན་ལ་དམིགས་ཏེ་མཐོ་སྒང་ནོར་གནག་དང་བོད་ལུག་ཐོན་ལས་སྤུས་ལེགས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གཏོད་ཆེད་ལེགས་སྐྱེས་གསར་པ་དང་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུ།

ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་རྩྭ་ཐང་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྩྭ་ཕྱུགས་དོ་སྙོམས་དང་ཕྱུགས་འཚོ་མཚམས་འཇོག་ལམ་ལུགས་དོན་འཁྱོལ་ནན་མོ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བ་དང་། ས་ཆ་གཞན་དུ་སྐྱས་སྤོ་བ། ས་ཁོངས་དབྱེ་ནས་ཕྱུགས་འཚོ་རེས་བྱེད་པ་སོགས་ཀྱི་སྐྱེ་ཁམས་གསོ་ཚགས་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས“འཚོ་སྐྱོང་དང་གསོ་ཚགས་ཟུང་འབྲེལ”དང“རྩྭ་ཕྱུགས་མཉམ་འགུལ”གྱི་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། རོང་འབྲོག་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་ལེགས་སྒྱུར་དང་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། ཕྱུགས་ལས་ཐོན་ཁུངས་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་སྣོན་ཞིབ་ཚགས་བྱེད་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་སྐྱེད་སྲིང་གང་མགྱོགས་བྱས་ནས་ཤ་སྐམ་དང་། ལུག་ཤ འཁྱག་སྦྲེལ་སྔོན་བཟོའི་ཚལ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་སྤེལ་ཤུགས་ཆེན་དང་། འབྲིའི་འོ་མ་དང་། རུས་པ། ཁྲག་དང་པགས་པ། ཁུ་ལུ་སོགས་ཐོན་རྫས་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་བྱས་ནས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་ལས་སྣོན་གཞན་སྒྱུར་བྱེད་ཚད་མཐོ་རུ་གཏོང་རྒྱུ།

“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཐོན་རྫས། ས་ཁམས་མཚོན་རྟགས་བཅས་ཀྱི་ཁས་ལེན་དཔང་འདོན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་འཛད་སྤྱོད་ཁྲོམ་ར་ཧུར་ཐག་གིས་རྒྱ་སྐྱེད་བཏང་སྟེ“ལྗང་མདོག་དང་། སྐྱེ་ལྡན། བདེ་འཇགས། སྤུས་ལེགས”བཅས་མཚོ་བྱང་ཕྱུགས་ལས་ཐོན་རྫས་ཀྱི་མཚོན་རྟགས་སུ་འགྱུར་རྒྱུའི་འགན་ལེན་བྱ་རྒྱུ། མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་རྫོང་བཞིའི་རྒྱལ་ཁབ་རིམ་པའི་ཐོན་ལས་གླིང་ཁུལ་བེད་སྤྱོད་ཡག་པོ་བྱས་ནས་ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་སྒྲིག་གཞི་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་སློབ་གླིང་། ཚན་རྩལ་ཁེ་ལས་བཅས་དང་ཚན་ཞིབ་འགག་སྒྲོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ནོར་གནག་དང་བོད་ལུག་གི་རྒྱུད་འདེད་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བྱང་གི་རིགས་རྒྱུད་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

“ཕྱུགས་ལས་དང་གནས་སྐོར་ཟུང་འབྲེལ”དང“ཕྱུགས་ལས་དང་རིག་གནས་མཉམ་འདྲེས”སོགས་ཀྱི་ལས་རྣམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྩྭ་ཐང་ལྟ་སྐོར་དང་། འབྲོག་ཁུལ་ཉམས་ལེན། དམངས་སྲོལ་རིག་གནས་འགྲེམས་སྟོན་སོགས་ཁྱད་ལྡན་རྣམ་གྲངས་འཕེལ་རྒྱས་བཏང་སྟེ། ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་། རིན་ཐང་སྦྲེལ་ཐག་མཐོར་འདེགས། ཁེ་ཕན་སྦྲེལ་ཐག་མཉམ་སྤྱོད་བཅས་བྱ་རྒྱུ། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། “དམའ་སྲུང་ཉོ་སྒྲུབ+ཁེ་སྤོགས་བགོ་བཤའ”དང་། “མངགས་ཐོའི་ཕྱུགས་ལས”དང་། “ཚབ་གཉེར་ཚབ་གསོ”སོགས་ཀྱི་རྣམ་པ་ཁྱབ་གདལ་བཏང་ནས་ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་སྤྱོད་ཀྱི་ཐུན་མོང་ཚོགས་པ་འཛུགས་རྒྱུ། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་ཞིང་ཕྱུགས་ཐོན་རྫས་བྲིན་ཚོང་ཐབས་ལམ་མུ་མཐུད་དུ་རྒྱ་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བ་བཅས་བྱ་རྒྱུ་ཡིན། 


མཉམ་སྤྱོད།