དེ་རིང་ནི2026ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》སྤེལ་བ།

2026-01-16 11:42:35   |   55

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན། ཟླ1པའི་ཚེས16ཉིན་དཔེ་སྐྲུན་བྱེད་པའི《བདེན་འཚོལ》དུས་དེབ་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》སྤེལ་བ་རེད།

རྩོམ་ཡིག་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏུ། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་གྲོང་ཁྱེར་དེ་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དེ་སྐྱེ་ལྡན་ཚེ་སྲོག་གི་མ་ལག་ཅིག་ཏུ་བརྩིས་ནས་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱེད་པ། རང་རྒྱལ་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་ཆུ་ཚད་དང་གྲོང་ཁྱེར་འཕེལ་རྒྱུས་ཀྱི་ནུས་སྟོབས། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་གི་ཆུ་ཚད། གནས་འཕྲོད་ལས་འཚམ་གྱི་ཆུ་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་གྱི་ཆུ་ཚད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་གོང་མཐོར་ཆེན་པོ་སོང་ཡོད། དུས་མཚུངས་སུ། རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་བར་ཡང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་འཕྲད་ཡོད། སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་གྱི་མཁར་གྲོང་ཅན་དུ་འགྱུར་ཚད་མགྱོགས་མྱུར་འཕར་བ་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་དུས་སྐབས་སུ་འགྱུར་བཞིན་ཡོད་པ་དང་། གྲོང་ཁྱེར་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་ཁྱོན་ཆེ་བའི་འཕར་ཚད་དང་རྒྱ་སྐྱེད་ཀྱི་དུས་མཚམས་ནས་གསོག་འབོར་དང་སྤུས་ཚད་མཐོར་གཏོང་གཙོ་བོར་བྱེད་པའི་དུས་མཚམས་སུ་འགྱུར་བཞིན་ཡོད། 

རྩོམ་ཡིག་ནང་བསྟན་དོན། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ། མི་དམངས་ཀྱི་གྲོང་ཁྱེར་ཞེས་པའི་འདུ་ཤེས་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་།  བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཛིན་དང་། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ། གསར་བཏོད་དང་སྡོད་ལ་འཚམ་པ། མཛེས་སྡུག་ལྡན་པ། མཉེན་གཤིས་འཛོམས་པ། དཔལ་ཡོན། ཤེས་དཔལ་བཅས་ཡིན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་དམིགས་འབེན་དུ་འཛིན་པ་དང་། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་དུ་འཛིན་པ། གྲོང་ཁྱེར་གྱི་ནང་སྙིང་ཅན་གྱི་འཕེལ་རྒྱས་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་གསར་སྒྱུར་ལ་སྐུལ་འདེད་བྱེད་པ་འཛིན་ཐག་བྱས་ནས་ཤུགས་ཆེན་པོས་གྲོང་ཁྱེར་གྱི་གྲུབ་ཚུལ་ལེགས་སྒྱུར་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་འདེགས། ལྗང་མདོག་རིགས་སྒྱུར། རིག་གནས་རྒྱུན་མཐུད་དང་བཅོས་སྐྱོང་ཕན་འབྲས་ཆེར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། གྲོང་ཁྱེར་གྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་དགོས།

རྩོམ་ཡིག་ནང་བསྟན་དོན། སྤྱིའི་བླང་བྱ་དེ་དོན་འཁྱོལ་བྱེད་པའི་འགག་རྩ་ནི་གྲོང་ཁྱེར་གྱི་ནང་སྙིང་ཅན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དང་།  དོན་དངོས་ནས་རྩ་དོན་གལ་ཆེན་འགའ་ཞིག་སྟངས་འཛིན་ཏན་ཏིག་བྱ་རྒྱུར་ཐུག་ཡོད། གཅིག་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འདུ་ཤེས་བསྒྱུར་ནས་མི་རྩ་བར་འཛིན་རྒྱུར་དེ་བས་སྣང་ཆེན་བྱེད་པ། གཉིས་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་བཏང་ནས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བར་དེ་བས་མཐོང་ཆེན་བྱེད་པ། གསུམ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་བྱེད་པ། བཞི་ནས་གྲོང་ཁྱེར་གྱི་ལས་ཀའི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་གི་མ་དངུལ་འཇོག་རྒྱུར་དེ་བས་དོ་སྣང་བྱེད་པ། ལྔ་ནི་གྲོང་ཁྱེར་གྱི་ལས་ཀ་བྱེད་སྟངས་བསྒྱུར་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཡོང་བར་སྔར་བས་མཐོང་ཆེན་བྱ་བྱེད་པ་བཅས་ཡིན།

རྩོམ་ཡིག་ནང་གྲོང་ཁྱེར་ལས་དོན་གྱི་ཕྱོགས7གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད། གཅིག་ནི་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སྒྱུར་གང་ཐུབ་བྱ་དགོས། མི་འབོར་དང་དཔལ་འབྱོར། སྤྱི་ཚོགས་གོང་དུ་སྤེལ་བའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བར་དམིགས་ནས་ཚོགས་སྒྲིག་རྣམ་པ་དང་དྲ་རྒྱ་ཅན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཁྱབ་ཁོངས་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་མཁར་གྲོང་ཆུང་གྲས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། གཉིས་ནི་གསོན་ཤུགས་ཀྱིས་ཕྱུག་པའི་གསར་གཏོད་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆ་དང་རྨང་གཞིའི་ཆ་རྐྱེན་ལ་གཞི་ཚུགས་ཏེ་སྐྱེ་ཁམས་སྐྱེད་སྲིང་ཞིབ་ཚགས་དང་གསར་གཏོད་བྱས་ཏེ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་དགོས། སྔོན་ཆད་གྲོང་ཁྱེར་འཕར་ཚད་རྒྱ་སྐྱེད་གཏོང་བའི་དུས་སྐབས་སུ་གྲུབ་པའི་སྲིད་ཇུས་དང་ལམ་ལུགས་དེ་བསྒྱུར་བཅོས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱེད་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཁྲོད་ཀྱི་གྲོང་ཁྱེར་གྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནི་སྐྱིད་སྣང་དོད་ལ་སྟབས་བདེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། མི་འབོར་དང་། ཐོན་ལས། མཁར་གྲོང་། འགྲིམ་འགྲུལ་བཅས་གཞི་གཅིག་ཏུ་འགྱུར་བའི་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་ལེགས་སྒྱུར་དང་འགྲིམ་འགྲུལ་སྒྲིག་བཀོད་མ་ལག་འཐུས་ཚང་དུ་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་ནས་མང་ཚོགས་ཀྱི་འགྱུར་མེད་རང་བཞིན་དང་སྣ་མང་ཅན་གྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ་དང་། གྲོང་ཁྱེར་ནང་གི་གྲོང་སྡེ་དང་ཉེན་ཡོད་ཁང་པ་བསྒྱུར་བཀོད་བརྟན་བརླིང་གིས་སྐུལ་འདེད་གཏོང་དགོས། བདེ་ཐང་དང་ཁྱིམ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གསོའི་ཐོན་ཁུངས་སྔོན་མཐོང་རང་བཞིན་གྱི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བཅས་བྱ་དགོས། བཞི་ནི་ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། ནུས་ཁུངས་དང་སྦུག་དྲ། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལྗང་མདོག་ཐཱན་ཉུང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་གཙང་པོ་དང་མཚེའུའི་ཆུ་རྒྱུད་དང་། འདམ་ར། ཆུའི་ཁོར་ཡུག་བཅས་སྲུང་སྐྱོང་བྱས་ཏེ། གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་མཐོ་རུ་གཏོང་དགོས།  ལྔ་ནི་བདེ་འཇགས་དང་བློས་འགེལ་ཆོག་པའི་མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཚེ་སྲོག་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་རང་བྱུང་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ཁང་པའི་བདེ་འཇགས་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གྲོང་ཁྱེར་དོ་དམ་མ་ལག་ནང་བཅུག་ནས་གྲོང་ཁྱེར་བདེ་འཇགས་ཀྱི་ཉེན་ཁའི་མ་ལག་བསྐྲུན་དགོས། དྲུག་ནི་སྤྱོད་བཟང་དད་གུས་དང་ཡར་བརྩོན་གྱི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་། མི་ཆོས་དང་ས་ཁམས། རང་བྱུང་མཛེས་ལྗོངས་བཅས་སྲུང་སྐྱོང་བྱེད་པར་མཐོང་ཆེན་བྱ་དགོས། གྲོང་ཁྱེར་གྱི་དཔལ་ཡོན་འཛུགས་སྤེལ་ཧུར་ཐག་བྱས་ནས་གྲོང་ཁྱེར་གྱི་སྙིང་སྟོབས་གསར་སྐྲུན་བྱ་དགོས། བདུན་ནི་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། གྲངས་རིག་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་གྲོང་ཁྱེར་བཅོས་སྐྱོང་བློ་རིག་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་དམ་འཛིན་དང་། རྨང་གཞི་བརྟན་དུ་གཏོང་བ། རྩ་བ་བརྟན་པོ་ཡོང་བ་བཅས་མངོན་གསལ་དོད་པོ་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཕན་ནུས་ཆེ་བའི་སྒོ་ནས་ཐག་གཅོད་བྱེད་དགོས།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་ཐད་ཀྱི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་གྱི་ལས་དོན་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།


མཉམ་སྤྱོད།