དེ་རིང་ནི2026ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་རྐང་ཚ་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས།

2026-01-16 14:26:06   |   72

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


        ཟླ1པོའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་རྐང་ཚ་ཚན་ཆུང་གི་ཁག་བགོས་གྲོས་སྡུར་ནང་ཞུགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཁུལ་ཨུའི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་གསུང་བཤད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དཔེ་བསྡུར་བྱེད་པ། རྫོང་ཁོངས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་གོ་སྐབས་དམ་འཛིན་དང་ཞན་ཆ་ཁ་གསབ། ལེགས་ཆ་དར་སྤེལ་བཅས་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

01.png

ཀྲང་ཧྲིང་ཡོན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བསྟན་དོན། 2025ལོའི་ཚུན་ལ་ཁུལ་ཨུའི་སྲ་ཞིང་བརྟན་པའི་མགོ་ཁྲིད་འོག ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། ཐོན་ལས་ཕྱོགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ། མཁར་གྲོང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བྱུང་བ། དམངས་འཚོའི་བདེ་རྩ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡིན་པ། དཔལ་འབྱོར་འཁོར་བསྐྱོད་རྒྱུན་མཐུད་བརྟན་ཐོག་ལེགས་སུ་ཕྱིན་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང5%འཕར་ཡོད་པས་གྲུབ་འབྲས་འདི་དག་ཐོབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན། རྐང་ཚ་རྫོང་གིས་རང་འགུལ་སྒོས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་བྱས་ནས་དཔལ་འབྱོར་འཁོར་བསྐྱོད་བརྟན་ལྷིང་ཁྲོད་ཡར་རྒྱས་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང7%ཡས་མས་སུ་ཅུང་མགྱོགས་པོའི་སྒོ་ནས་འཕར་ཡོད། གནས་སྐོར་བ་སྣེ་ལེན་བྱས་པའི་སྤྱི་འབོར་དང་གནས་སྐོར་གྱི་སྤྱིའི་འགྲོ་གྲོན25%ཡས་མས་འཕར་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚད50%ཡས་མས་ཟིན་ནས། མཚོ་བྱང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྒུལ་ཤུགས་དྲག་པོའི་བྱས་རྗེས་བཞག་ཡོད། རྐང་ཚ་རྫོང་གི་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་ལྷག་པར་དུ་སྐྱེ་ལྡན་རྩྭ་ཐང་གི་ས་ཁོངས་ཡོངས་ཀྱི་ཁས་ལེན་དཔང་འདོན་མངོན་འགྱུར་བྱུང་ཡོད་ལ། ཁུལ་ཡོངས་ཀྱི་རིག་ལྡན་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་ཐོག་མ་བསྐྲུན་ཞིང་། མཐོ་སྒང་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ལག་ལེན་རྒྱལ་ཡོངས་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་ཁག་གསུམ་པའི་ནང་བདམས་ནས་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། ཁུལ་ཡོངས་ཀྱི་ནུས་གསོག་གློག་ཁང་དང་པོ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་བརྩམས་པ་དང་། སྟོང་ཝ་ཁྲི320ཡི"ཁུངས་དྲ་ནུས་གསོག"དང་སྟོང་ཝ་ཁྲི100ཡི"འཕར་ཚད་མཉམ་བཅོས"ལས་གཞི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་ཏེ། མཚོ་བྱང་འདི་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་གཅིག་བསྡུས་ཁུལ་འཛུགས་སྐྲུན་བྱེད་པའི་འཕར་སྣེ་གཙོ་བོར་གྱུར་ཡོད། དགོ་དམར་ཚན་རྩལ་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་དེ་ཞིང་ཆེན་རིམ་པའི་ཉམས་ཞིབ་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་རིམ་སྤོར་བྱས་པ་དང་ལྷ་ཆབ་ཁུག་སྒར་འདེབས་རྟེན་གཞི་དེ་ཞིང་ཆེན་རིམ་པའི་སྐར་བཞི་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་སུ་བདམས་ནས་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་སུ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུར་མཉམ་འདྲེས་དང་ཞབས་འདེགས་ཞུ་ཆེད་རོགས་རམ་བྱས་ཡོད་ལ། ཚེ་ཐར་གཏེར་ཁའི་སྐྱེ་ཁམས་བཅོས་སྐྱོང་གི་ལོ་འཁོར་མོའི་ལས་འགན་ལེགས་སྒྲུབ་བྱས་པ་དང་ཁུལ་ཡོངས་ཀྱི་རྩྭ་ཐང་ཐཱན་འདུས་ཉོ་ཚོང་ལས་གཞི་ཐོག་མ་ལེགས་སྒྲུབ་བྱས་ནས་མཚོ་བྱང་ཁུལ་འདི་མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འདེམས་སྒུག་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད་ཟེར།

02.png

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། རྐང་ཚ་རྫོང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་ཏེ་མདོ་ལ་རིང་མོ་དང་མཚོ་སྔོན་པོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་རི་ཆུ་དང་མཛེས་ལྗོངས། གངས་འཁྱགས། ནོར་ལུག ཉ་དང་འདབ་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་འདོན་སྤེལ་བྱས་ནས། སྲུང་སྐྱོབ་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པ་དང་། དམངས་འཚོ་དང་བདེ་འཇགས་གཉིས་ཀར་ལྟ་རྟོག་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ནི་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས།"རི་བོ་གཅིག་དང་མཚོ་གཅིག ཆུ་བོ་གསུམ"སྲུང་སྐྱོབ་བྱ་རྒྱུར་དམིགས་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་སོ་སོ་བཅོས་སྒྲིག་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་དམ་འཛིན་ནན་མོ་བྱས་ཏེ། ཚེ་ཐར་གཏེར་ཁའི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་འཁྱགས་རོམ་བཅས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། མཚོ་སྔོན་པོའི་འགྲམ་གྱི"རི་ཆུའི"ལས་གཞི་ལག་བསྟར་ཡག་པོ་བྱས་ཏེ། རྩྭ་ཐང་གི་ཐཱན་འདུས་ཉོ་འཚོང་གི་མུ་མཐུད་འཚོལ་ཞིབ་བྱས་ནས་གླ་ཁེའི་ཕན་ནུས་ཆུང་བའི་ནགས་ཚལ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་དང་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་ཐིག་ཏུ་བཟུང་སྟེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་དགོས། འོད་ཤུགས་དང་རླུང་ནུས་ཐོན་ཁུངས་ཀྱི་ལེགས་ཆར་གཙོ་གནད་ཐོག་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེའི་རྫོང་གཏོད་པ་དང་། ཧའེ་དར་དང་ཚེ་ཐར་སོགས་གཏེར་རིའི་ལས་ཐོན་བསྐྱར་ཚུགས་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ནུས་རྒྱུ་གཙང་མ་དང་ལྗང་མདོག་གཏེར་རིར་བརྟེན་ནས་རྐང་ཚའི་བཟོ་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་། ཆབས་ཅིག་ཞིང་ཕྱུགས་ཐོན་རྫས་ལས་སྣོན་མ་ལག་རིམ་སྤོར་འགག་སྒྲོལ་བྱས་ནས། ནོར་ནག་དང་བོད་ལུག་གི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་སྟོབས་ཆེར་གཏོང་བ་དང་། མཚོ་སྔོན་པོ-མེ་ལྷ་གངས་དཀར་མཐོ་སྒང་ཕྱི་རོལ་ལུས་རྩལ་བྱ་ཡུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། མཚོ་སྔོན་པོ་དང་ལྷ་ཆབ་ཁུག གཉན་ཆེན་ཞལ་དཀར། རྫ་སྔོ་ལྡང་སོགས་རི་ཆུའི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་གནས་སྐོར་དང་མཐོ་སྒང་མདའ་འཕེན། ཕྱི་རོལ་རྐང་བགྲོད་སོགས་ཀྱི་ལས་སྒོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། "ཉ་གཟིགས་དུས་ཚིགས"ཀྱི་ཆས་རྟགས་གྲགས་ཅན་སྟོབས་ལྡན་དུ་གཏོང་བ། སྤུས་ཚད་མཐོ་བའི"བྱ་གཟིགས་གྲོང་རྡལ་ཆུང་ངུ"གཏོད་དེ"ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས"ཐོན་ལས་ཀྱི་གཏིང་ཟབ་པའི་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བརྩིས་ནས། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། “1+10”གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དང“4+1+N”འགན་གཙང་སྦྲེལ་གྱིས་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་སོགས་སྒྲིག་སྲོལ་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། དམངས་འཚོའི་དོན་དག་དངོས་ཀྱི་བཟོ་སྐྲུན་ཁག་གཅིག་མུ་མཐུད་ལག་བསྟར་བྱས་ནས། ལས་ཞུགས་ལས་གཏོད་སྔར་ལས་གང་ལེགས་གཏོང་བ་དང་སློབ་གསོ་དོ་སྙོམས་སྤུས་ལེགས་སུ་འཕེལ་རྒྱས་འགྲོ་བ། གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་གཏོང་བཅས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་ཁྱབ་སྤེལ་ཀུན་ཕན་རྫོང་དུ་སྔོན་ལ་བདམས་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས“སྐྱེ་ཁམས་གནས་སྐོར་ཁྲིད་སྟོན་པའི”ཁུལ་རིམ་པའི་ངལ་ལས་ཆས་རྟགས་སྟོབས་ཆེར་གཏོང་བ་དང་། “རྒན་པ་གཅིག་བྱིས་པ་གཅིག”ལ་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་རོགས་སྐྱོབ་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ནས་མང་ཚོགས་ལ་ཕན་འབྲས་དེ་བས་མང་བ་ཐོབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གཙོ་གནད་དུ་བཟུང་སྟེ། མཁར་གྲོང་མཐུན་སྦྱོར་གོང་སྤེལ་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྣང་བརྙན་དོ་དམ་དམ་འཛིན་བྱས་ཏེ་རྫོང་མཁར་གྱི་ཆད་སྐྱོན་དང་ཞན་ཆ་སྔར་བས་ཁ་གསབ་དང་སྟོབས་ཆེར་གཏོང་བ། འོམ་ཆུ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་མུ་མཐུད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། དཔལ་དགེ་གྲོང་རྡལ་དང་མཚོ་འཁྱིལ་ཡུལ་ཚོའི་གནད་འགག་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་པ། སྐྱིད་སྨོན་ཡུལ་ཚོའི་གྲོང་འདུས་འཛུགས་སྐྲུན་དང་ཚེ་ཐར་བཟོ་ལས་གླིང་ཁུལ་བསྒྱུར་བཀོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཀོན་ལོ་ཚང་གོང་མ་སྡེ་བ་སོགས་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་བེད་སྤྱོད་དང་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱིས་ཡུལ་ཚོ་སྣེ་ཁྲིད་བྱེད་པར་བརྟེན་ནས་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ལ་བདེ་སྣང་མཆིས་པ་དམིགས་འབེན་དུ་བཟུང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། “གོམ་ལྔའི་བརྟག་དཔྱད་བཅོས་ཐབས”དང“ཉིང་ལག་གཅིག་དང་རུ་ཁག་ལྔས་བདེ་འཇགས་ལ་སྐུལ་འདེད་གཏོང་བའི”གཞི་རིམ་བཅོས་སྐྱོང་བྱེད་སྟངས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྲུན་དང་བདེ་འཇགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ། གཏེར་རི་དང་འགྲིམ་འགྲུལ། གནས་སྐོར། ཆོས་ལུགས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་གཙོ་གནད་ཐོག་དམ་འཛིན་བྱས་ཏེ་རྫོང་ཡོངས་ཀྱི་མང་ཚོགས་ཁྲི4.6བདེ་སྡོད་ཡོང་བར་འགན་ལེན་ཧུར་ཐག་བྱེད་དགོས་ཟེར། 


མཉམ་སྤྱོད།