དེ་རིང་ནི2026ལོའི་ཟླ01པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་ཁ་ཉི་དང་མཇལ་འཛོམས་གནང་བ།

2026-01-16 16:31:34   |   91

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁ་ཉི་དང་མཇལ་འཛོམས་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤེ་ཧོང་ཁྲེ་ཡིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པོའི་ཚེས16ཉིན་གྱི་གློག་འཕྲིན། ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁ་ཉི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཟླ10པར་ང་ཚོས་ལྷོ་ཁོ་རེ་ཡའི་ཆིང་ཀྲོའུ་རུ་མཇལ་འཕྲད་གནང་ནས་ཀྲུང་ཁའི་འབྲེལ་བ་ལེགས་སུ་འགྲོ་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་སླར་གསོ་བྱ་རྒྱུའི་ཐད་གྲོས་བསྡུར་གཏིང་ཟབ་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་ཁའི་འབྲེལ་བ་བདེ་བརྟན་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལའང་ཕན་པ་ཡོད་ཅེས་གསུངས། ཕྱོགས་གཉིས་པོས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁྲི་འཁུར་བའི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་ཁ་ན་ཏའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཁ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བདེ་ཐང་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་ཐད་དགོངས་འཆར་ཁག4བཏོན་པ་སྟེ། གཅིག་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་རོགས་ཟླ་བྱེད་དགོས། ཀྲུང་གོ་དང་ཁ་ན་ཏའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ55སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དཀའ་ངལ་མང་པོ་འཕྲད་པ་དང་འགྱུར་ལྡོག་མང་པོ་བྱུང་ནས་ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་དང་དོན་དངོས་ཀྱི་བློ་སྒོ་ཕྱེ་ཡོད། ཀྲུང་གོ་དང་ཁ་ན་ཏའི་རྒྱལ་ཁབ་གཉིས་པོའི་གནས་ཚུལ་མི་འདྲ་ཡང་ཚང་མས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག རང་རང་སོ་སོས་བདམས་པའི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག རྒྱལ་ཁབ་དང་རྒྱལ་ཁབ་དབར་ཡང་དག་པའི་མཉམ་གནས་བྱེད་པའི་ཐབས་ལམ་མཐའ་འཁྱོངས་བཅས་བྱེད་དགོས། གཉིས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རོགས་ཟླ་བྱ་དགོས། ཀྲུང་གོ་དང་ཁ་ན་ཏའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ་དང་ཕྱོགས་གཉིས་པོར་མཉམ་ལས་ཁྲོད་ནས་ཕན་པ་ཐོབ་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་ཡིས་རྒྱུན་མཐུད་ངང་ཀྲུང་གོ་དང་ཁ་ན་ཏའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་བར་མཐོངས་གསར་པ་རྒྱ་ཆེར་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་གང་ལེགས་འདོན་པ་དང་། ལྡོག་ཕྱོགས་ཀྱི་གསལ་ཐོ་ཇེ་ཉུང་དུ་བཏང་ནས་དེ་བས་གཏིང་ཟབ་དང་རྒྱ་ཁྱབ་ཀྱི་མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་ཁེ་ཕན་གྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་གཏོང་དགོས། གསུམ་ནས་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བྱེད་དགོས། དམངས་སེམས་གཅིག་མཐུན་ནི་རྨང་གཞི་དང་ཆེས་ཕྱི་ཐག་རིང་བའི་འབྲེལ་བ་ཡིན་པས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སློབ་གསོ་དང་། རིག་གནས། གནས་སྐོར། ལུས་རྩལ། ས་གནས་སོགས་ལས་རིགས་ཁག་གིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། བཞི་ནས་ཕན་ཚུན་རོགས་ལས་ཀྱི་རོགས་ཟླ་བྱེད་དགོས། ཁ་ཕྲལ་གྱི་འཛམ་གླིང་ཞིག་གིས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཐབས་བྲལ་བ་དང་། འགྲོ་ལམ་ཡང་དག་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་དེ་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།

02.jpg

ཟླ1པོའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁ་ཉི་དང་མཇལ་འཛོམས་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་གིས་པར་བླངས།

ཁ་ཉིས་ཁ་ན་ཏ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚད་མཐོའི་གསབ་རེས་བྱས་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་པ་དང་གོ་སྐབས་ཀྱིས་ཁེངས་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཤུགས་ཆེ་ལ་རྒྱུན་མཐུད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་ནས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་མཁོ་འདོན་བྱས་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་དང་། ཕན་ཚུན་བརྩི་འཇོག ལྷན་དུ་འབད་བརྩོན་བཅས་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། དངུལ་རྩ། སློབ་གསོ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱ་ཆེར་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུའི་བསྐྱར་བསྒྲགས་བྱས་ཡོད། ཕྱོགས་མང་རིང་ལུགས་ནི་འཛམ་གླིང་བདེ་འཇགས་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཡིན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་མགོ་བཏོན་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཟང་ཟིང་དུ་འགྱུར་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་པ་རེད།

མཇལ་འཛོམས་གནང་རྗེས་ཕྱོགས་གཉིས་པོས《ཀྲུང་གོ་དང་ཁ་ན་ཏའི་མགོ་ཁྲིད་པའི་ཐུག་འཕྲད་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

ཝང་དབྱི་མཇལ་འཛོམས་ལ་ཞུགས།


མཉམ་སྤྱོད།