དེ་རིང་ནི2026ལོའི་ཟླ04པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

2026-03-06 11:42:40   |   581

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་གཙོ་སྐྱོང་གནང་ནས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས116པ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་ཞིང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་བ་དང་ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དང་དེ་བཞིན་ཀྲུང་དབྱང་ཆབ་སྲིད་ཅུའི་ཚོགས་འདུའི་དགོངས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཏང་ཙུའུ་བྱ་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་སོགས་ལས་འགན་གཙོ་བོ་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་ལ། དེར་ཆབ་སྲིད་རང་བཞིན་དང་སྣེ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་ཆེན་པོ་ལྡན་ཡོད་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས"གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས"འདུ་ཤེས་བཞི"ཟབ་ཏུ་གཏོང་བ་དང་། "གདེང་ཚོད་བཞི"བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས"སྒྲུབ་ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱ་དགོས། ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། མ་འོངས་ཐོན་ལས་སྐྱེད་སྲིང་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ནུས་ཤུགས་ཡོད་རྒུས་དུས་ཚིགས་དང་པོར"མགོ་ཡག་པོ་རྩོམ་ཐུབ་པ"བྱས་ཏེ"ལོ་ལྔའི་འཆར་གཞི་བཅོ་ལྔའི"མགོ་འཛུགས་རྒྱུར་རྨང་གཞི་བརྟན་དུ་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཏེ་སེམས་པ་རྣམ་པར་དག་པ་ལ་བརྟེན་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བཅས་བྱས་ཏེ་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱོད་ཚུལ་ནན་མོ་དར་སྤེལ་བཏང་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། གནས་སྟངས་ནན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་རྒྱུན་མཐུད་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དེ་སྤྱིའི་དམ་འཛིན་བྱ་གཞིར་བྱས་ནས་ཐོན་འབབ་འགན་ལེན་དང་མཐའ་ཚད་སྲུང་བ། ལས་ཞུགས་བརྟན་པོ། ཐོན་ལས་སྟོབས་ཆེར་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་སྒྲུབ་སྟེ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རོང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རོང་འབྲོག་པའི་འཚོ་བ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས། ངེས་པར་དུ་མཚོ་བྱང་ཁུལ་གྱི《ལག་བསྟར་བསམ་འཆར》དོན་འཁྱོལ་དང་ཕན་འབྲས་ཐོན་པར་དམ་འཛིན་ནན་མོ་བྱས་ཏེ། སྲིད་ཇུས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་བྱ་བའི་འགན་འཁྲི་ཏན་ཏིག་འཁུར་དགོས།“གཞི་རིམ་དུ་བསྐྱོད་པ་བཞིའི”ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་གྱི་སྤྱོད་ཚུལ་གྱི་ཐོག་ནས་མཚོ་བྱང་གི་ཞིང་སྡེ་དང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། ཐོན་ལས་འཕེལ་རྒྱས་དང་ཚོང་འགུགས་མ་འདྲེན། ཚོང་གཉེར་ཁོར་ཡུག་སོགས་ཀྱི་བྱ་བ་སོ་སོ་དམ་འཛིན་ཡག་པོ་བྱས་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་མུ་མཐུད་འཕེལ་བར་བྱེད་དགོས། ལྗང་མདོག་རྩིས་ནུས་དང་དག་གཙང་ནུས་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་ལས། རིག་གནས་གནས་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། དགེ་མཚན་ལྡན་པའི་བཟོ་ལས་ཇེ་ལེགས་སུ་གཏོང་བ་དང་ཁྱད་ལྡན་ཞིང་ཕྱུགས་ལས་སྟོབས་ཆེར་གཏོང་བ། རིག་གནས་གནས་སྐོར་མཉམ་འདྲེས་ལ་གསོན་ཉམས་དོད་པ། གཞི་གྲངས་ཆེན་པོ་ཏན་ཏིག་སྒྲུབ་པ་ལ་བརྟེན་ནས་མཚོ་བྱང་འདི་ལྗང་མདོག་དང་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།“བདེ་འཇགས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་དང་། བདེ་འཇགས་དམ་འཛིན་བྱེད་པ་ནི་དམངས་འཚོ་དམ་འཛིན་བྱེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་བཅངས་ནས“ཏང་སྲིད་འགན་མཉམ་དང་། གནས་གཅིག་འགན་གཉིས། མཉམ་འཛིན་མཉམ་སྒྲུབ། ལས་འཛོལ་འགན་འདེད”དང“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་གཞི་ཐིག་དམ་པོར་སྲུང་དགོས། གཙོ་གནད་འགག་སྒྲོལ་ལ་དམིགས་པ་དང་། གཏེར་རི་དང་ཉེན་ཡོད་རྫས་འགྱུར་དངོས་རྫས་སོགས་གཙོ་གནད་ཁྱབ་ཁོངས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། བྱེད་ཐབས་ནན་མོ་སྤྱད་དེ་བདེ་འཇགས་བཅོས་སྐྱོང་དེ་དོན་རྐྱེན་མ་བྱུང་སྔོན་ནས་སྔོན་འགོག་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། མཁོ་བསྟུན་ལས་རེས་བརྟན་སྲུང་དང་། མཁོ་བསྟུན་ཐག་གཅོད་ནང་སྦྱོང་། དངོས་ཟོག་འགན་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གནས་ཚུལ་ཐོན་ཚེ་མགྱོགས་མྱུར་ཁ་གཏད་གཅོག་པ་དང་ཐག་གཅོད་ནུས་ལྡན་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུ་ཀྲང་དང་། དྲིལ་སྒྲོག་པུ་ཀྲང་། འཐབ་ཕྱོགས་གཅིག་གྱུར་པུ་ཀྲང་། སྤྱི་ཚོགས་ལས་དོན་པུའི་པུ་ཀྲང་། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་བྱ་བ་སོགས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།


མཉམ་སྤྱོད།