དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་སྒྲིག་འགལ་བཟའ་བཏུང་ཐད“གཏན་འགོག་བརྒྱད”བཏོན་འདུག

2023-03-30 18:39:00   |   195


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


     ཉེ་ཆར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྒྲིག་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་སྤྱོད་ངན་བཀག་འགོག་བྱ་ཆེད། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ། རྒྱལ་ཁབ་ཀྱི་གཞུང་སྒྲུབ་པ་བཅས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱ་ཐབས་ལ་བརྩི་སྲུང་ནན་མོ་ཞུས་ནས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་ཚུལ་མིན་སྤྱོད་ངན་རང་འགུལ་ངང་བཀག་འགོག་བྱས་ཏེ“གཏན་འགོག་བརྒྱད”ངེས་པར་དུ་བྱེད་དགོས་པའི་བླང་བྱ་བཏོན།    

  (གཅིག)བྱ་བ་སྒྲུབ་པའི་དུས་ཚོད་ནང་སྒྲིག་འགལ་ངང་ཆང་འཐུང་བ་གཏན་འགོག་བྱ་རྒྱུ། བྱ་བ་སྒྲུབ་པ་དང་ཚོགས་འདུ་འཚོག་པ།  སློབ་སྦྱོང་དང་གསོ་སྦྱོང་། ལས་རེས་སོགས་གཞུང་དོན་སྒྲུབ་སྐབས་ཆང་འཐུང་མི་ཆོག བྱ་བ་སྒྲུབ་པའི་དུས་ཚོད་ནང་ཆང་འཐུང་མི་ཆོག་ལ་ཆང་འཐུང་ནས་བྱ་བར་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་གཏན་འགོག་བྱ་རྒྱུ།    

  (གཉིས)གཞུང་དངུལ་སྤྱད་དེ་སྒྲིག་འགལ་ཟ་འཐུང་བྱེད་པ་གཏན་འགོག་བྱ་རྒྱུ། གཞུང་དོན་སྣེ་ལེན་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ་ཚད་གཞི་དང་ཚད་རིམ། ཁྱབ་ཁོངས་ལས་བརྒལ་བ་བཅས་ཀྱི་གཞུང་དོན་སྣེ་ལེན་དང་མཉམ་དུ་འཐུང་རོགས་བྱེད་པ་གཏན་འགོག་བྱ་རྒྱུ། གཏན་འབེབས་ལས་འགལ་ཏེ་ཟ་མ་གཟབ་རྒྱས་འཛད་སྤྱོད་དང་སྒྲིག་འགལ་ངང་ཆང་འཐུང་མི་ཆོག གཞུང་ཡིག་མེད་པ་དང་གཞུང་ཡིག་རྫུན་བཟོ། དེ་བཞིན“གཞུང་ཡིག་གཅིག་གིས་ཟ་མ་མང་བོ་ཟ་བ”སོགས་བྱེད་ཐབས་ལ་འགྱུར་ལྡོག་གཏོང་བའི“གཞུང་ཡིག་མེད་པར་ཟ་མ་ཟ་བའི”བྱེད་སྟངས་སྤྱད་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་གཏན་འགོག་བྱ་རྒྱུ། གཞུང་དངུལ་བཏང་ནས་མི་སྒེར་གྱིས་སྤྲོད་དགོས་པའི་ཟ་འཐུང་གྲོན་དངུལ་རྩིས་ཞུ་བྱེད་པ་གཏན་འགོག་བྱ་རྒྱུ་ཡིན་ལ། གཞུང་ལས་འགྲོ་གྲོན་དང་ཚོགས་འདུའི་གྲོན་དངུལ། གཞུང་དོན་ལམ་གྲོན། པར་འདེབས་འགྲོ་གྲོན་སོགས་མིང་སྣ་ཚོགས་སྤྱད་ནས་སྒྲིག་འགལ་ངང་ཟ་འཐུང་གི་འགྲོ་གྲོན་སྦ་གསང་ངང་གཏོང་སྤྲོད་བྱེད་པ་གཏན་འགོག་བྱ་རྒྱུ།

  (གསུམ)གཞུང་དོན་དྲང་གཞག་ཡོང་བར་ཤུགས་རྐྱེན་བཟོ་བའི་གསོལ་སྟོན་དང་ལེན་དང་རྩ་འཛུགས་བྱེད་པ་གཏན་འགོག་བྱ་རྒྱུ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་སྒྲུབ་པས་རྟོག་ཞིབ་དང་བརྟག་ཞིབ། ཞིབ་བཤེར་བཅས་ཀྱི་བྱ་བའི་མིང་ཐོག་ནས་སྒྲིག་འགལ་ངང་སྒེར་གཉེར་ཁེ་ལས་ཀྱི་བདག་པོ་དང་ལས་ཁུངས་ཀྱི་མངའ་འོག མངའ་འོག་ལས་ཁུངས་སོགས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱེད་པ་གཏན་འགོག་བྱ་རྒྱུ།   དགོངས་སྐོར་ཞུ་བ་དང་བྱ་བའི་སྙན་ཞུ་ཕུལ་བ་སོགས་ཀྱི་མིང་ཐོག་ནས་སྒྲིག་འགལ་ངང་གོང་རིམ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣར་གསོལ་སྟོན་རྩ་འཛུགས་བྱེད་པ་གཏན་འགོག་བྱ་རྒྱུ། 

  (བཞི)ལ་འོག་ནས་སྒྲིག་འགལ་ངང་ཟ་འཐུང་བྱེད་པ་གཏན་འགོག་བྱ་རྒྱུ། དོན་ལས་ལས་ཁུངས་དང་ཁེ་ལས་ནང་ཁུལ་གྱི་ཟ་ཁང་། སྒེར་གྱི་འདུ་གནས་སམ་ཡང་ན་ནང་ཁུལ་གྱི་འདུ་གནས་ཀྱི་ངོ་བོ་ལྡན་པའི“ཅོག་ཙེ་གཅིག་སྟེང་དུ་ཟ་མ་ཟ་བའི”བྱེད་སྒོ་སྤེལ་ཡུལ་དང་། སྡོད་ཁང་གཞིས་ཁུལ་དང་ཚོང་ལས་ཐོག་ཁང་སོགས་ལ་འོག་འདུ་གནས་སུ་སྒྲིག་འགལ་ཟ་འཐུང་བྱེད་པ་གཏན་འགོག་བྱ་རྒྱུ།

  (ལྔ)ཤོག་ཁག་ཆུང་བའི་ངོ་བོ་མངོན་གསལ་ལྡན་པའི་གསོལ་སྟོན་བྱེད་སྒོ་རྩ་འཛུགས་བྱེད་པའམ་ཞུགས་པར་གཏན་འགོག་བྱ་རྒྱུ། ཡུལ་གྲོགས་ལྷན་འཛོམས་དང་སློབ་གྲོགས་ལྷན་འཛོམས། འཐབ་གྲོགས་ལྷན་འཛོམས། ལྒང་གྲོགས་ལྷན་འཛོམས། ཤོ་སྤག་རྩེད་རོགས་ལྷན་འཛོམས་སོགས་ཀྱི་མིང་ཐོག་ནས་གཉེར་བའི་ཤོག་ཁག་ཆུང་བའི་ངོ་བོ་ལྡན་པའི་གསོལ་སྟོན་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་དེའི་ནང་ཞུགས་པ་གཏན་འགོག་བྱ་རྒྱུ། འབྲེལ་བ་འཛུགས་པ་དང་ཤོག་ཁག་ཆུང་བ་འཛུགས་རྒྱུ་དམིགས་ཡུལ་དུ་འཛིན་པའི་གསོལ་སྟོན་གཉེར་བ་གཏན་འགོག་བྱ་རྒྱུ།

  (དྲུག)སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་མཆོད་ཀྱི་གསོལ་སྟོན་གཉེར་རྒྱུ་གཏན་འགོག་བྱ་རྒྱུ། སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་མཆོད། སྐྱེས་སྐར་དང་གྱ་སྟོན། སློབ་འཕར་དང་ལས་ཞུགས། ཁང་སྟོན་བྱེད་པ། གོ་གནས་འཕར་བའི་གསོལ་སྟོན་སོགས་སྒྲུབ་པ་གཏན་འགོག་བྱ་རྒྱུ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་རྟེན་འབྲེལ་ལེགས་སྐྱེས་དང་ལེན་བྱས་མི་ཆོག་པ་དང་། རྒྱས་སྤྲོས་རྒྱས་གཤོམ་དང་རྒྱས་ཟ་རྒྱས་འཐུང་། རྒྱས་སྤྲོས་ཆུད་ཟོས་བཅས་བྱས་མི་ཆོག གསོལ་སྟོན་བཤམས་པ་བརྒྱུད་དམངས་གཙོའི་འོས་སྦྱོར་དང་འདེམས་བསྐོའི་ཁྲོད་འདེམས་ཤོག་འཕེན་པར་སྐུལ་བ་དང་། འབྲེལ་བ་བརྒྱུད་ནས་འདེམས་རོགས་སོགས་ཀྱི་བྱེད་སྒོ་སྤེལ་བ་གཏན་འགོག་བྱ་རྒྱུ།

  (བདུན)སྒྲིག་འགལ་ངང་བཟའ་བཏུང་གི་འགྲོ་གྲོན་རྩིས་ཞུ་དང་བགོ་འགྲེམས། རང་གྱོང་གཞན་འགེལ་བཅས་བྱེད་པ་གཏན་འགོག་བྱ་རྒྱུ། སྒེར་གཉེར་ཁེ་ལས་ཀྱི་བདག་པོས་རང་ཉིད་ཀྱི་སྤྲོད་དགོས་པའི་བཟའ་བཏུང་གི་འགྲོ་གྲོན་རྩིས་ཞུ་བྱེད་པར་ངན་སྐུལ་དང་། ལྐོག་བཀོད་དམ་ཡང་ན་དང་ལེན་བྱེད་རིགས་གཏན་འགོག་བྱ་རྒྱུ། འོག་རིམ་ལས་ཁུངས་དང་དེ་བཞིན་ལས་ཁུངས་གཞན་དག་དང་མི་སྒེར་བཅས་ལ་སྣེ་ལེན་བཟའ་འཐུང་གི་འགྲོ་གྲོན་གཞན་འགེལ་བྱེད་རིགས་གཏན་འགོག་བྱ་རྒྱུ།

  (བརྒྱད)ཆང་འཐུང་རྗེས་ཟིང་ཆ་སློང་བ་དང་རླངས་འཁོར་སྐོར་བ། ཆང་གིས་བཟི་ནས་རླངས་འཁོར་སྐོར་བ་བཅས་གཏན་འགོག་བྱ་རྒྱུ། བཙན་ཤེད་ཀྱིས་ཆང་སྡུད་པ་དང་ཆང་འཐུང་ནས་ཟིང་ཆ་སློང་བ། ཆང་འཐུང་རྗེས་ཚུལ་འཆོལ་སྤྱོད་ཉམས་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱ་རྒྱུ། ཆང་འཐུང་ནས་རླངས་འཁོར་སྐོར་བ་དང་ཆང་གིས་བཟི་ནས་རླངས་འཁོར་སྐོར་བ་གཏན་འགོག་བྱ་རྒྱུ།

  《བརྡ་ཐོའི》ནང་ད་དུང་འགན་ཁུར་ནན་མོ་ཁུར་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མངའ་ཁོངས་ལ་བདག་སྐྱོང་དོ་དམ་ནན་མོ་བྱེད་པ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རང་གཅུན་ནན་མོ་དང་དཔེ་སྟོན་སྣེ་ཁྲིད་བྱེད་པ། ཕྱོགས་ཡོངས་ནས་ནན་ཏན་དང་ཕྱོགས་བཞིའི་ཐད་ནས“གཏན་འགོག་བརྒྱད”ཀྱི་བྱ་བའི་འགན་ཁུར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད།

  《བརྡ་ཐོ》བཏང་བ་དང་དོན་འཁྱོལ་བྱས་པ་དེས་གོམ་གང་མདུན་སྤོས་སྒོས་ཁུལ་ཡོངས་ཀྱི་བློ་མཐུན་བར་གྱི་དྭངས་གཙང་གི་འབྲེལ་བ་དང་། གོང་འོག་བར་གྱི་སྒྲིག་ལམ་ལུགས་མཐུན་གྱི་འབྲེལ་བ། སྲིད་ཚོང་བར་གྱི་མཛའ་མཐུན་གཅིག་གྱུར་གྱི་འབྲེལ་བ་བཅས་འཛུགས་སྐྲུན་བྱ་རྒྱུ་དང་། ལས་བྱེད་པ་དང་ལས་བཟོ་བས་ལྟ་སྐུལ་གྱི་ཁོར་ཡུག་འོག་བྱ་བ་སྒྲུབ་པ་དང་འཚོ་བ་སྐྱེལ་བར་གོམས་སུ་འཇུག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གོམས་སྲོལ་དུ་འགྱུར་བ་དང་གོམས་གཤིས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།


མཉམ་སྤྱོད།