མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁྱོད་བདེ་མོ། ངའི་མིང་ལ་རྐང་ཚ་ཟེར།

2023-04-21 19:27:42   |   757

རྩོམ་སྒྲིག   སངས་དོན།  ཡོང་ཁུངས།  རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


མཐོ་སྒང་གི་མཛེས་རྒྱན། ཉ་བྱ་ཡི་ཞིང་ཁམས།

མཚོ་ངོགས་ཀྱི་བོད་མཁར། སྐྱེ་ཁམས་ཀྱི་གནས་མཆོག

མཐིང་མདོག་གི་མཚོ་མོ། གཡུ་མདོག་གི་རྩྭ་ཐང་།

  • ཁྱོད་བདེ་མོ། ངའི་མིང་ལ་རྐང་ཚ་ཟེར།

ང་རང་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་མཚེའུ་ཆེན་ལྔའི་མཆོག་གྱུར“མཚོ་སྔོན་པོའི”བྱང་ངོགས་སུ་གནས་ཡོད་ལ། ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ188ཀྱིས་ཆོད་ཡོད། ཤར་ཕྱོགས་དཔལ་དགེ་ཆུ་བོ་དང་མདའ་བཞི་རྫོང་གིས་བཅད་ཡོད་ཅིང་། ནུབ་ཕྱོགས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་བུ་ཧ་ཆུ་བོ་དང་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཡོད་ལ། བྱང་ཕྱོགས་ནི་རྟ་ཐང་ཆུ་བོ་དང་མདོ་ལ་རྫོང་ལ་ཐུག་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ཆགས་སའི་ནུབ་མཚོ་གྲོང་རྡལ་དང་བར་ཐག་སྤྱི་ལེ88ཡོད་ལ། མཚོ་སྔོན་པོ་དང་བར་ཐག་ཆེས་ཉེ་བའི་རྫོང་མཁར་དེ་ཡིན།

1.jpg

  • ངའི་མིང་ལ་རྐང་ཚ་ཟེར།

  • མིང་།   རྐང་ཚ་རྫོང་།

  • མིང་གཞན།  མཚོ་ངོགས་བོད་མཁར། ཉ་བྱའི་ཞིང་ཁམས།

  • དབྱིན་མིང་། Gangcha County

  • སྐད་རིགས།  ཨ་མདོའི་བོད་སྐད།

  • འཁོར་རྟགས་ཀྱི་ཚབ་ཨང་།  青C

  • ཁ་པར་ཡུལ་གྲངས།  0970

  • མཚམས་སྦྱོར་མདོར་བསྡུས། རྐང་ཚ་རྫོང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8138.07དང་ཁྱོན་བསྡོམས་མི་གྲངས་ཁྲི4.6ཡོད། བོད་རིགས་དང་རྒྱ་རིགས། སོག་རིགས། ཧུའེ་རིགས་སོགས་མི་རིགས14ཡོད་ལ། དེའི་ནང་བོད་རིགས་ཀྱིས་མི་གྲངས་སྤྱིའི76%ཟིན་པས། བོད་རིགས་གཙོ་བོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ཁུལ་ཞིག་ཡིན། རྫོང་ཁོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི3300ཡིན་ལ། ཁུལ་ཡོངས་ཀྱི་རིགས་ལྔ་བའི་རྫོང་ཁོ་ནར་གྱུར་ཡོད། 2020ལོར། རྒྱལ་ཁབ་རིམ་པའི་ཡུལ་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བདེ་བླག་ངང་གསར་སྐྲུན་བྱས། 

2.jpg

  • ངེད་ཚང་གི་གནས་ཚུལ། 

  • ས་གནས། ཤར་གྱི་གཞུང་ཐིག99.20′44″-100.37′24″དང་བྱང་གི་འཕྲེད་ཐིག36.58′06″-38.04′04″བར་དུ་གནས།

  • རྒྱ་ཁྱོན། སྤྱི་ལེ་གྲུ་བཞི་མ8138.07ཡོད་ལ། རྫོང་ཁོངས་ཤར་ནུབ་ཀྱི་སྲིད་ལ་སྤྱི་ལེ113.8དང་ལྷོ་བྱང་གི་ཞེང་ལ་སྤྱི་ལེ122.2ཡོད།

  • རྒྱུན་སྡོད་མི་གྲངས། ཁྲི4.6ཡོད་ཅིང་བོད་རྒྱ་སོག་གསུམ་སོགས་མི་རིགས14ཡོད་ལ། དེའི་ནང་བོད་ཀྱི་མི་གྲངས་ཀྱིས76%ཟིན།

  • ངེད་ཚང་གི་ཁོངས་མི། ཡུལ་ཚོ་གསུམ་དང་གྲོང་རྡལ་གཉིས་ཞིང་ར་གཅིག་ཡོད།(འོམ་ཆུ་གྲོང་རྡལ། གཡུ་དཀར་འོམ་ལུང་ཡུལ་ཚོ། མཚོ་འཁྱིལ་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ། དཔལ་དགེ་གྲོང་རྡལ། ཧོང་ཡུས་ཞིང་ར།)

3.jpg

  • འདི་ནི་ངའི་སྐྱེ་ཁམས་ཀྱི་ལེགས་ཆ་ཡིན།

ཡུལ་འདིའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་རྩྭ་ཐང་ཡངས་ཤིང་རྒྱ་ཆེ། སྐྱེ་ཁམས་ཀྱི་ལྟད་མོ་འདི་རུ་ཡོད་ཅིང་ལོངས་སྤྱོད་ཀྱི་འཁོར་ལོ་འདི་ནས་བསྐོར།

དཔྱིད་ཀར་དགོ་དམར་སྤང་ལ་བཀྲམ།

དབྱར་ཁར་གསེར་ཉས་འཁྱུག་འགྲོས་ངོམ།

སྟོན་ཀར་ཕྱུགས་ཁྱུར་ཤ་ཤེད་རྒྱས།

དགུན་ཁར་ངང་མོས་གར་སྟབས་བསྒྱུར།

  • ང་ཡི་ཡུལ་སྐོར་ལྗོངས་རྒྱུའི་ས་ཚིགས།

མཚོ་སྔོན་པོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་ཕྱོགས་དང་ཟི་ལིང་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་ཡོད་ལ། སོག་སྐད་དུ་ཁུ་ཁུ་ནོའར་དང་གནའ་དུས་རྒྱའི་ཡིག་ཚགས་ནང་ནུབ་མཚོ(西海)ཞེས་བཀོད་འདུག མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4337.48ཡོད་ཅིང་མཚོ་འཕགས་ལ་སྨི3190ལྷག་ཡོད། གཏིང་ཚད་ཟབ་ཤོས་ལ་སྨི32.8ཙམ་ཡོད་དེ་མཚོ་འདི་ནི་རང་རྒྱལ་གྱི་སྐམ་སའི་ཐོག་གི་ཆེས་ཆེ་བའི་ཚྭ་མཚོ་ཡིན། 

8.jpg

  • སྙིང་རྗེ་སྤྱན་གཟིགས་དྲིན་གཟོའི་མཆོད་རྟེན།  

མཆོད་རྟེན་འདི་བལ་བོའི་མཆོད་རྟེན་ཁ་ཤོར་དཔེ་གཞིར་བཅོལ་ནས་བཞེངས་པ་ཡིན་ལ། མིང་ཡང་སྙིང་རྗེ་སྤྱན་གཟིགས་དྲིན་གཟོའི་མཆོད་རྟེན་ཞེས་སུ་གསོལ། ས་འཇན་དང་ཐེམ་སྐས། གདོང་ཆེན། བང་རིམ། བུམ་པ། ཆར་ཁེབས། གཉྫིར་བཅས་ཀྱིས་གྲུབ་ཡོད།

9.jpg

  • ཚངས་དབྱངས་རྒྱ་མཚོ་རིག་གནས་ཐང་ཆེན།  

2012ལོར་གསར་དུ་བཙུགས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ51000ཡོད། ཚངས་མགུར་མཁར་གྱང་ལ་སྡོམ་པའི་གྱང་ལག་ལྔ་ཡོད་དེ། མཐོ་ཚད་ལ་སྨི3ཡོད་ཅིང་རིང་ཚད་ལ་སྨི28ཅན་གྱི་གྱང་ལག་གཉིས་དང་སྨི25ཅན་གྱི་གྱང་ལག་གཅིག སྨི14ཅན་གྱི་གྱང་ལག་གཅིག སྨི12ཅན་གྱི་གྱང་ལག་གཅིག་བཅས་ཡོད། མཁར་གྱང་གི་ངོས་སུ་བོད་རྒྱ་དབྱིན་གསུམ་གྱིས་མགུར་གླུ་ཤོ་ལོ་ཀ52བརྐོས་ཡོད་ལ། ཁོང་གི་མགུར་གླུའི་སྙན་པའི་བྲོ་མ་རྙིང་པར་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་སུ་ག་ལེར་བཞུགས་ཡོད།

ཤར་ཕྱོགས་རི་བོའི་རྩེ་ནས། །

དཀར་གསལ་ཟླ་བ་ཤར་བྱུང་། །

མ་སྐྱེས་ཨ་མའི་ཞལ་རས། །

ཡིད་ལ་འཁོར་འཁོར་བྱས་བྱུང་། །

10.jpg

  • གཉན་ཆེན་ཞལ་དཀར་རི་བོ། 

རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་འབྲེལ་མཚམས་ཀྱི་དཔལ་དགེ་རྩྭ་ཐང་དུ་ཡོད་ཅིང་མཚོ་འཕགས་ལ་སྨི4385ཡོད། རྐང་ཚ་རྫོང་མཁར་དང་སྤྱི་ལེ45ལྷག་གི་མཚམས་སུ་ཡོད་ལ། རྐང་ཚ་རྫོང་གི་གནས་རི་ཆེན་པོ་གསུམ(རྫ་དམར། བཱ་ཡན། གཉན་ཆེན་ཞལ་དཀར)གྱི་ཡ་གྱལ་ཡིན་ཞིང་། ཁུ་ནུ་རིག་གནས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཡོད།

11.jpg

  • གསེར་ཉའི་གཞིས་ཁྱིམ། 

2017ལོའི་ཟླ12པར་རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ལ། 2020ལོར་རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བདེ་བླག་ངང་བསྐྲུན་པའི་རམ་འདེགས་གཙོ་བོ་ཡིན།

12.jpg

  • ཁེ་རམ་ཐང་། 

མཚོ་སྔོན་པོའི་བྱང་ངོགས་སུ་གནས་ཤིང་། དེ་རུ་མཛེས་སྡུག་ལྡན་པའི་མཐོ་སྒང་གི་ན་སྤང་བརླན་ས་ཡོད་ལ་ངང་དཀར་གྱི་གཞིས་ཁྱིམ་ཡིན། 1992ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་ལག་དེབ་ཁྲོད་ཚུད་པ་དང་། 《ཆུ་བྱ་འཚོ་གནས་བྱེད་པའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྤྱི་ཆིངས》ནང་བཞག་ཡོད་པས་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེན་པོ་ལྡན།

13.jpg

  • རྟ་ཕྱུག་ལབ་ཙེ། 

མཚོ་སྔོན་པོའི་ལོ་རྒྱུས་སྟེང་གནའ་ནས“ལྷ་མཚོ”རུ་ངོས་བཟུང་ཡོད་ཅིང་། རྟ་ཕྱུག་ལབ་ཙེ་ནི་མཚོ་མཆོད་སྟེགས་བུ་ཞིག་ཀྱང་ཡིན།

14.jpg

  • ང་ཡི་དངོས་རིགས་རྩ་ཆེན།

གསེར་ཉ། “མཚོ་སྔོན་པོའི་ལུའོ་ལུའེ”རུ་འབོད། མཚོ་སྔོན་པོའི“ཆུ་བྱ་ཉ་གསུམ”གྱི་སྐྱེ་ཁམས་ཕྲེང་བའི་སྲོག་ཤིང་ཞིག་ཡིན་ལ། ལོ་རེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་རྣམས་འདིར་ཡོང་ནས། གསེར་ཉ་དང་འདབ་ཆགས། དགོ་དམར་གསུམ་གྱིས་བརྒྱན་པའི་མཚོ་ངོགས་ཀྱི་མཛེས་སྡུག་རི་མོ་ཉམས་སུ་མྱོང་ངེས།

  • དགོ་དམར། 

“ཀྲུང་ཧྭའི་དགོ་བ” རུ་འབོད་ལ་རང་རྒྱལ་ཁོ་ནར་ཡོད་པའི་རྨིག་ཐོགས་སྲོག་ཆགས་རྩ་ཆེན་ཞིག་ཡིན། མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་དང་ཐང་རྒོད་སྐྱེ་ཁམས་མ་ལག་གི་ཁྲོད་ཁྱབ་ཡོད་ཅིང་། 1989ལོར་རང་རྒྱལ་གྱིས་དགོ་དམར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་དང་པོའི་གྲས་སུ་བཞག  རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་ལ“རྡོ་རྗེ”ཞེས་བཏགས་ཡོད།

གསེར་ཉ་དང་དགོ་དམར་ལས་གཞན་ད་དུང་ཤྭ་བ་དང་དྲེད་མོང་། གསའ། གནའ་སོགས་སྲོག་ཆགས་སྣ་ཁ20ལྷག་ཡོད་པར་མ་ཟད། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བྱ་གླིང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྙན་པ་ཕྱོགས་བཞིར་ཁྱབ་ཡོད་ཅིང་། དེ་རུ་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག ངང་དཀར་ཆེན་པོ་སོགས་འདབ་ཆགས་སྣ་ཁ163ལྷག་ཡོད།

  • ད་དུང་ཁྱེད་རྣམ་པར་ང་ལ་དམིགས་བསལ་དུ་ཡོད་པའི་མཛེས་ལྗོངས་ཁག་ཅིག་མཉམ་སྤྱོད་བྱ།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྐོར་ལྗོངས་རྒྱུར་དོ་སྣང་བྱེད་མཁན་ཧ་ཅང་མང་ཞིང་ཡུལ་སྐོར་པ་གྲངས་མེད་ཀྱི་རྨི་ལམ་དུ་ཡང་འཁོར་ཡོད། མདོ་དབུས་མཐོ་སྒང་གི་བླ་ན་མེད་པའི་རི་ཆུའི་གཏེར་མཛོད་ཁྲོད་ངེད་བོད་མཁར་མཛེས་ལྗོངས་ཀྱིས་སྔར་མེད་ཀྱི་བཀྲག་མདངས་ཤིག་སྣོན་ངེས་སོ།།


གནམ་སྔོན་དང་སྤྲིན་དཀར། རྩྭ་ཐང་གཞི་གཅིག་ཏུ་འདྲེས་པའི་མཚར་སྡུག་ལ་མཚོ་ཆེན་གྱི་བརྗིད་ཉམས་ངང་གིས་ཤར་ཚེ། རང་བྱུང་གི་མཛེས་སྡུག་ཀུན་ནས་བསྡུ་བའི་ཁྱད་མཚར་གྱི་ལྟད་མོ་མང་པོས་ཁྱེད་རང་བོད་མཁར་རྐང་ཚར་ཕེབས་པར་དགའ་བ་འབུམ་གྱིས་བསུ།

ཚེ་བྱམས་རྒྱལ་དང་སངས་རྒྱས་ཚེ་རིང་གིས་བསྒྱུར།


མཉམ་སྤྱོད།